གཟི་མིག
རྒུ་ཚ་བཙོན་ཁང་ནི་བོད་ཀྱི་རྒྱལ་ས་ལྷ་སའི་ཤར་ཕྱོགས་སུ་གནས་ཡོད་ལ། ས་ཆ་དེ་ནི་གུང་ཁྲན་ཏང་གིས་བོད་ཀྱི་རྒྱལ་གཅེས་དཔའ་བོ་མང་པོའི་ཚེ་སྲོག་འཕྲོག་པའི་བཤས་ར་དང་། དེ་ནི་འཛམ་གླིང་སའི་གོ་ལའི་སྟེང་རྒྱ་མི་གོང་ཁྲན་ཏང་གིས་བོད་ཀྱི་ས་ཐོག་དུ་མི་ཆོས་རིང་ལུགས་དང་འགལ་བའི་མི་གསོན་པོ་འཇུག་སའི་རོ་སྒམ་ཁྲི་ཕྲག་ཡོད་པའི་ནང་ནས་གཅིག་རེད། བཙོན་ཁང་གི་ཁང་པར་ཏར་པ་དང་ཏར་པ་གྲལ་ལྟར་སྒྲིག་ཅིང་། གཡས་སུ་གྲི་བཅོས་ཁང་དུ་མནར་གཅོད་གཏོང་བའི་ལག་ཆ་གློག་གི་ཡོ་ཆས་སྣ་ཚོགས་དབྱུག་པ་དང་། ཐག་པ། ལྕགས་སྲིད། ཆུ། མེ། ཐ་མ། དུག་ལ་སོགས་པས་མནར་གཅོད་ཚད་མེད་གཏོང་སའི་ཁང་མིག་ཅིག་ཡོད། ཁང་པ་དེའི་གཡས་གཡོན་ནས་ཐོས་རྒྱུའི་སྒྲ་ནི་ཨ་ཚ་ཨ་ན་འོག་དཔའ་བོ་ཁྱུ་དང་ཁྱུ་བྱས་ནས་དམར་བསད་བཏང་ཡོད་ལ། མཐོང་བ་ཙམ་གྱིས་འཇིགས་རྔམ་ཆེ་ལ་ལུས་པོ་ཡོངས་འདར་སིག་ཤོར་བའི་མི་ཡུལ་གྱི་དམྱལ་བ་གསོན་པོ་ཞིག་རེད་ལ། ང་ཚོའི་དཔའ་བོ་མང་པོའི་ཚེ་སྲོག་འཕྲོག་ཡོད་ལ་གསོན་པོར་གནས་པའི་དཔའ་བོ་མང་པོའི་ལུས་པོ་གཅོང་ནད་དུ་གྱུར་ཡོད། ལས་བྱ་ཚོར་སྙིང་རྗེའི་ཚོར་བ་ཏིལ་འབྲུ་ཙམ་ཡང་མེད་པའི་གླེན་པ་ཁྱུ་ཚོ་དང་། འདྲི་གཅོད་པ་ནི་གཡོ་སྒྱུ་ཆེ་ལ་གདུག་རྩུབ་ཆེ་བའི་མི་སྙིང་དམར་པོ་ཟ་བའི་ཤན་པ་ལག་དམར་བ་རྐྱང་གྲལ་ལྟར་སྒྲིག་ཡོད། འོན་ཀྱང་། དཔའ་བོ་རྣམས་ནས་ནམ་ཡང་གུང་ཁྲན་ཏང་གི་གདུག་རྩུབ་ལ་མགོ་བོ་སྒུར་མྱོང་མེད་ལ། དེ་བས་བློ་སྟོབས་ཆེ་ལ་དཔའ་ངར་ཆེན་པོའི་ངང་ནས་བཙོན་ཁང་ནང་དུ་ལས་འགུལ་སྣ་ཚོགས་ཀྱིས་གུང་ཁྲན་ཏང་ལ་ངོ་རྒོལ་བྱེད་མཁན་ཡོད།
དཔེར་ན། གཞོན་སྐྱེས་དཔའ་བོ་བློ་བཟང་བསྟན་འཛིན་ལགས་ནི་སྤྱི་ལོ་ ༡༩༦༦ ལོར་བོད་ཀྱི་རྒྱལ་ས་ལྷ་སའི་སྦྲ་ནག་ཞོལ་ཚོས་ཁང་ཞེས་པའི་མི་ཚང་རྙིང་བ་ཞིག་ཏུ་འཁྲུངས། ཆུང་ངུའི་དུས་ནས་ཕ་འདས་གྲོངས་ཕྱིན་པ་དང་མ་ཡི་མཚན་ལ་སྒྲོལ་དཀར་ཟེར་། ཁོང་ལ་གཅེན་པོ་བཞི་དང་གཅེན་མོ་གཉིས། གཅུང་པོ་གཅིག་བཅས་ཡོད། དགུང་གྲངས་བརྒྱད་ནས་བཅུ་གསུམ་བར་ལྷ་ས་བོན་ཤོད་སློབ་ཆུང་དུ་བསྐྱོད་པ་དང། དགུང་ལོ་བཅུ་བཞི་ནས་བཅུ་དགུ་བར་ལྷ་ས་སློབ་འབྲིང་དང་པོར་འགྲིམ། སྤྱི་ལོ་ ༡༩༨༧ ལོར་བོད་ལྗོངས་སློབ་གྲྭ་ཆེན་མོར་རྒྱུགས་འཕྲོད་བྱུང་བ་དང། སྤྱི་ལོ་ ༡༩༨༨ ཟླ་ ༣ ཚེས་ ༥ ཉིན་ལྷ་སའི་ཞི་རྒོལ་ཆེན་མོའི་ནང་འཛུལ་ཞུགས་བྱས་པའི་དབང་གིས་སྐྱིད་རས་མངགས་གཏོང་ཁང་གི་ཉེན་རྟོག་པས་དེ་གར་འཛིན་བཟུང་བྱས་ཏེ། ལྷ་སའི་ཤར་ཕྱོགས་རྒུ་ཚ་བཙོན་ཁང་དུ་བཙོན་འཇུག་བྱས་པ་དང། ལོ་དེའི་ཟླ་ ༤ ཚེས་ ༡༦ ཉིན་ཁྲིམས་ཐོག་ནས་དངོས་སུ་འཛིན་བཟུང་བྱས་པའི་ཁྱབ་བསྒྲགས་བྱས་པ་དང། ཚེས་ ༢༥ ཉིན་བོད་ལྗོངས་སློབ་གྲྭ་ཆེན་མོའི་སྐྱིད་སྡུག་ནས་ཕྱིར་འབུད་བྱས་སྐོར་རླུང་འཕྲིན་དང་ཚགས་པར་ནང་ཁྱབ་བསྒྲགས་བྱས། སྤྱི་ལོ་ ༡༩༨༩ ཟླ་ ༡ ཚེས་ ༡༤ ཉིན་ལྷ་ས་ལྕགས་པོ་རིའི་ལྷོ་ནུབ་ཏུ་ཡོད་པའི་དྲག་ཆས་ཉེན་རྟོག་དཔུང་སྡེའི་སྤྱི་ཁྱབ་དམག་སྒར་གྱི་ཚོགས་ཁང་ནང་གསུམ་ལྔའི་ཡོངས་ཁྱབ་ཁྲིམས་བཤེར་ཟེར་བ་སྐོང་འཚོགས་བྱས་ཏེ། རྒྱ་དམག་ཡོན་ཧྲི་ཧྲན་བསད་པའི་ཉེས་མིང་བཀལ་བ་དང་། ཚེས་ ༡༩ ཉིན་ཁྲིམས་ཁང་ནས་རྒྱ་དམག་བསད་པའི་ཉེས་མིང་བཀལ་ནས་ལོ་གཉིས་རྗེས་སྲོག་ཐོག་གཏོང་རྒྱུའི་ཁྲིམས་ཐག་བཅད། སྤྱི་ལོ་ ༡༩༨༩ ཟླ་ ༨ ཚེས་ ༣ ཉིན་གློ་བུར་རྐང་ལག་ལྕགས་སྒྲོག་གིས་བཅིངས་ཤིང། མིག་གཉིས་རས་ནག་གིས་བཀབ་སྟེ་གྲྭ་བཞི་བཙོན་ཁང་ནས་ཨུ་ཏྲི་ཏུད་བཙོན་ཁང་ལ་འཁྲིད་ནས་དེར་ཟླ་ངོ་གཅིག་ལྷག་ཙམ་དང། དེའི་རིང་ཉིན་གྲངས་བཞིར་ཟུར་བཅུག་བྱས། སྤྱི་ལོ་ ༡༩༩༡ ཟླ་ ༣ ཚེས་༥ ཉིན་ཕྱི་ནང་གི་རྒྱུ་རྐྱེན་སྣ་ཚོགས་ཀྱི་རྐྱེན་པས་རྐང་ལག་ལྕགས་སྒྲོག་གིས་བཅིངས་པ་ལས་བཀྲོལ་བ་མ་ཟད། ལོ་གཉིས་སྲོག་ཐོག་ནས་ཚེ་བཙོན་དུ་ཕབ་པ་རེད། སྤྱི་ལོ་ ༡༩༩༡ ཟླ་ ༤ ཚེས་ ༦ ཉིན་རྒྱ་ནག་ཏུ་གནས་སྡོད་ཨ་རིའི་གཞུང་ཚབ་སྐུ་ཞབས་ཇི་སི་ལི་ལའེ་གྲྭ་བཞི་བཙོན་ཁང་དུ་ལྟ་སྐོར་ལ་ཕེབས་པའི་གོ་སྐབས་དང་བསྟུན་ནས་བོད་ཀྱི་གནས་ཚུལ་སྤྱི་དང་། བྱེ་བྲག་ཆབ་སྲིད་བཙོན་པའི་གནས་སྟངས་སྐོར་གྱི་ཡི་གེ་ཕུལ་བའི་ཉེས་མིང་འོག་སྤྱི་ལོ་ ༡༩༩༡ ཟླ་ ༤ ཚེས་༩ ནས་སྤྱི་ལོ་ ༡༩༩༡ཟླ་ ༤ ཚེས་ ༢༧ བར་ཉིན་བཅོ་བརྒྱད་ལ་ཟུར་བཅུག་བྱས། སྤྱི་ལོ་ ༡༩༩༡ ཟླ་ ༤ ཚེས་ ༢༧ ཉིན་ཁོང་དང་བཙོན་རོགས་མི་འགའ་ལོ་རབས་ལྔ་བཅུ་པར་བོད་ཀྱི་ཆབ་སྲིད་བཙོན་པ་སྡེབ་གསོད་གཏོང་ཡུལ་ཀོང་པོར་འཁྲིད། སྤྱི་ལོ་ ༡༩༩༤ ལོར་རྒྱལ་སྤྱིའི་གནོན་ཤུགས་ཀྱི་རྐྱེན་པས་ཚེ་བཙོན་ནས་ལོ་བཅོ་བརྒྱད་ལ་ཕབ། ཁོང་གིས་སྔ་རྗེས་སུ་ལྷ་སའི་རྒུ་ཚ་བཙོན་ཁང་དང། གསང་ཡིབ་བཙོན་ཁང། གྲྭ་བཞི་བཙོན་ཁང། སྤོ་བོ་ཀྲང་རྨོག་གི་འདམ་ཆུ་བཙོན་ཁང་། མཛོ་ན་བཙོན་ཁང་སོགས་བཙོན་ཁང་རིམ་པ་སྣ་ཚོགས་འགྲིམ་མྱོང་བ་བཞིན། དུས་ཡུན་དེའི་རིང་ཁོང་གི་རྐང་ལག་ལྕགས་སྒྲོག་གིས་བཅིངས་ཀྱང། ཨ་རིའི་སྐུ་ཚབ་ལ་སྙན་ཞུ་ཕུལ་བ་དང། བཙོན་པ་འདས་གསོན་གྱི་ཆེད་བཙོན་ཁང་ནང་ལས་འགུལ་གྱི་སྣེ་ཁྲིད་གནང་བ། གྲྭ་བཞི་བཙོན་ཁང་ནང་བོད་དོན་ཚོགས་པ་བཙུགས་པ་སོགས་ཁོང་ནི་བོད་མིའི་རང་དབང་འཐབ་རྩོད་ཀྱི་ལོ་རྒྱུས་སྤྱི་དང། བོད་ཀྱི་མི་རབས་གསར་པའི་ཁྲོད་ཀྱི་ངོ་གནོང་མི་དགོས་པའི་མི་རིགས་ཀྱི་དཔའ་བོ་ཞིག་རེད།
་་་་ བཙོན་ཁང་གི་ཁང་པར་ཏར་པ་དང་ཏར་པ་གྲལ་ལྟར་སྒྲིག་ཅིང་། གཡས་སུ་གྲི་བཅོས་ཁང་དུ་མནར་གཅོད་གཏོང་བའི་ལག་ཆ་གློག་གི་ཡོ་ཆས་སྣ་ཚོགས་དབྱུག་པ་དང་། ཐག་པ། ལྕགས་སྲིད། ཆུ། མེ། ཐ་མ། དུག་ལ་སོགས་པས་མནར་གཅོད་ཚད་མེད་གཏོང་སའི་ཁང་མིག་ཅིག་ཡོད། ་་་ཟེར།
གནས་ཚུལ་བཀོད་པ་ཐུགས་རྗེ་ཆེ། ད་ལྟ་ཁོང་སྐུ་བཞུགས་ཡོད་མེད་དང་གང་དུ་ཡོད་མེད་སོགས་བྲིས་ཡོད་ཚེ་ལོ་རྒྱུས་ཁ་ཚང་ཞིག་ཆགས་འདུག་པ་དྲན།
བློ་བཟང་བསྟན་འཛིན་གྱི་ད་ལྟའི་གནས་བབས་སྐོར་ལ་མུ་འཐུད་དོ་སྣང་བྱ་གལ། རྩོམ་ཡིག་འདི་འདྲ་བ་མང་ཙམ་སྒུག་ཡོད། ཐུགས་རྗེ་ཆེ།
བློ་བཟང་བསྟན་འཛིན་ལགས་ཀྱི་སྤུན་མཆེད་རྣམས་བོད་ཀྱི་རྒྱལ་ས་ལྷ་སའི་བྲག་ནག་བཞོལ་ཁོངས་སུ་བཞུགས་ཡོད་པ་དང། ཁོང་དེང་སྐབས་བོད་ཀྱི་ལྷ་སེའི་ཉེ་འདབས་ཆུ་ཤོལ་བཙོན་ཁང་དུ་ཡོད་པའི་གནས་ཚུལ་གོ་རྒྱུ་འདུག ཁོང་གིས་བོད་མི་རིགས་བསྟན་སྲིད་ཀྱི་ཆེད་དུ་རྒྱ་ནག་གཞུང་ལ་ངོ་རྒོལ་བྱས་པའི་ལོ་རྒྱུས་ཞིབ་ཚགས་ཤིག་ཕྱིས་སུ་རྒྱ་གར་དུ་བཙན་བྱོལ་དུ་འབྱོར་བའི་ཁོང་གི་བཙོན་གྲོགས་ཤིག་གིས་གསུང་སྟེ་བོད་ཀྱི་དགུ་བཅུ་གསུམ་ལས་འགུལ་ཚོགས་པས་པར་འགྲེམས་གནང་ཡོད་པ་གོ་རྒྱུ་འདུག