ཚེ་རིང་ལོ་བརྒྱ།
དྲན་འགྱུར་གློ་བུར་བ་ཞིག་གིས ཚོད་ཚོད་ལ་ཁྱེད་རང་དྲན་ཞིང
དོན་མེད་ལ་ཀི་རིང་བཏབ་ནས་ཤུའུ་རིང་མནར་མནར་དུ་ཤོར་འགྲོ
འཇིག་རྟེན་ན འདི་ལས་གཞན་པའི་སྒུལ་ཤུགས་ཅི་ཞིག་ཡོད་ཨང
བསམ་ཞིང་བསམ་ན ས་མཐའ་རྨི་ལམ་དུ་འབྱར་དོན་ཅི་ཞིག་ཡིན་ནམ
རེ་རེ་བཞིན་བྲང་གཞུང་དུ་འཚང་ཡོང་བའི་ཁ་སང་དེ་རིང
སྙིང་ཁ་ལག་པས་བཙིར་ནས་ཅི་ལྟར་དཔྱད་ཅིང
མེ་རི་བཞིན་འཕྱུར་ཡོང་བའི་ཕ་ས་ཕ་ཡུལ ཅི་འདྲའི་རླབས་རེ་ཆེ་ཨང
གསོན་ན་སྟོབས་དང་ལྡན་པ་དང་ཤི་ན་རིན་ཐང་ཆེ་བའི་མི་བུ་འདི་ཚོ
བསམ་ན་བྲེད་ཤ་བསླངས་ཤིང་བལྟས་ན་མིག་གིས་མི་བཟོད་པའི་མེ་ལྕེ་དེ
ཡང་སྙིང་སུ་ཞིག་གིས་ཆེད་དུ དོན་དམ་པས་གང་ཞིག་གིས་དོན་དུ
མེ་ལྕེ་འདི་ལྟར་ཇེ་ཆེ་ནས་འུར་འུར་འབར་སོང་ཨང
མི་ཚེ་ལ་རིན་ཐང་བདེན་ན ཚོར་ཤེས་ལ་ན་ཟུག་རྒོད་ན
ཡུལ་གྱར་ཚོས་ཅི་ཞིག་བསམ་བཞིན་གང་ཞིག་སྙེགས་བཞིན་ཡོད་ཨང
མི་ལུས་གཅིག་ལ་ཚེ་སྲོག་གཅིག ཚེ་སྲོག་གཅིག་ལ་རིན་ཐང་གཅིག
རིན་ཐང་ལས་རྩ་ཆེ་བ་རང་དབང་དང་འདྲ་མཉམ དྲང་བདེན
འདི་དག་ཚེ་སྲོག་གིས་མཇལ་བཞིན་ཚེ་སྲོག་གིས་བསྒྲགས་གཏམ་སྤེལ་རྗེས
ཁྱོད་ཀྱི་ཡ་ཆུང་གང་གིས་བརྡུང་བཞིན་ཅི་ཞིག་གིས་གཅུན་གྱིན་འདུག་ཨང
རང་ཉིད་རང་ལ་གསལ་བའི་སེམས་ཁམས་འདིར་དྲི་བ་རེ་བཏང་ཨེ་མྱོང
ཁྱེད་ཉིད་ཁྱེད་ལ་མངའ་བའི་བྱ་བྱེད་རེ་རེ་མཚུངས་རྟགས་ཤིག་བརྒྱག་ཨེ་ཐུབ་བམ
འདི་ལྟར་བསམ་གཞིགས་ཤིག་བཏང་ཚེ བློས་མི་ཐོངས་པའི་ཚེ་སྲོག་རེ་རེ
ཁྱེད་ཀྱིས་ཅི་ལྟར་འགྲེལ་ཏེ་གང་ལྟར་གདེངས་འཇོག་བྱེད་ཨང
ཁྱོད་ཀྱང་འཁོར་བ་ན་བྱིངས་ཡོད་པས ཁྱོད་ལའང་འཇིག་རྟེན་ཞིག་ཡོད
རང་ཉིད་ཀྱི་ཆུང་མ་དང་རང་ཉིད་ཀྱི་བུ་ཕྲུག་དག་ཤུལ་དུ་བསྐྱུར་ཏེ
མེ་ལྕེ་ལྷབ་ལྷུབ་འབར་བའི་དབུས་ཀྱི་བརྡ་ཆད་རེ་རེ་ཐོས་སོང་ཨང
ཤུལ་དུ་ལོ་ན་བདུན་བཅུ་སོན་པའི་ཕ་མ་དེ་གཉིས་ཁ་དམུལ་དམུལ་བྱེད་བཞིན་འདུག
གཉོམ་ལག་རྒྱས་བཞིན་པའི་བུ་ཕྲུག་དེ་དག་སུ་ཞིག་གིས་གཅེས་སྐྱོང་བྱེད
མི་ཚེ་བསྐྱལ་རྒྱུ་རིང་བའི་ཡུག་ས་དེས བློ་གཏོད་སུ་ཞིག་ལ་ཨང
བསམ་ཞིང་བསམ་ན འུ་ཚོ་མི་ཞིག་ཡིན་ནམ
སྐྲག་སྣང་མེད་ས་ནས་ཐ་སྙད་སྐམ་པོ་རེ་རེ་སྤུར་ནས
རང་ཇུས་ལ་རྔམས་པའི་གླེགས་ལམ་སྦྲུམ་ཞོར་ཅི་ཞིག་བྱ་བཞིན་ཡོད་ཨང
༢༠༡༢། ༡༢། ༢༧།ཉིན།
སྙན་ངག་གི་བྲོ་བ་ཚང་བ་ཞིག་བྲིས་འདུག ཚེ་རིང་དགའ་ཤོག
ཚེ་ཡིས་ཚེ་གླེང་ནས།
ཚེ་མཇུག་གང་ལ་འགྲོ
ཚེ་རིང་ལོ་བརྒྱ།
ང་ལ་ཡག་སྙན་ངག་འདི་ན་འདུག ད་དུང་ཁྱོད་ཀྱི་སྙན་ངག་ཀློག་པའི་ཐོག་མ་ཡང་ཡིན་སྲིད།
ཡག་གི བཀླགས་ནས་ཡོད། ཚོར་བས་ཕྱུགས་པའི་སྙན་ངག་ཅིག་རེད་འདུག
ཁ་བརྡ་ཚང་བདེ་བོ་ཡིན་བས།
ངོ་མ་ཚོར་བས་བཟི་ཐལ། བྲོ་བཅུད་ཆེ་གི རྗེས་ཕྱོགས་མུ་མཐུད་དུ། ཉིད་ཀྱི་སློབ་མིང་བས་ཏྭ་ལའི་བླ་མ་མཐོ་རིམ་སློབ་གཉེར་ཁང་ནས།