དྭངས་གཙང་ཡིད་འོང་དབེན་པའི་དགའ་
དད་གུས་དག་སྣང་འདྲིས་པའི་ཞིང་ཁམས་སུ། །
རང་སྣང་ལྷུན་གྲུབ་བདེ་ཆེན་དབང་གི་གནས། །
འོད་གསལ་རྒྱན་དུ་འགྱུར་བ་ཉུང་ཉུང་མིན། །
གངས་དཀར་འདབ་དྲུག་ཤེལ་གྱི་ལྷུན་པོའི་སྤོར། །
དཀར་གསལ་ཟླ་ལྟར་མཁྱེན་བརྩེ་ནུས་པའི་དཔལ། །
འོད་གསལ་ལྷུན་གྲུབ་བདེན་པའི་རང་གཟུགས་ལ། །
དམ་ཚིག་དབུགས་དབྱུང་བསྟེན་པ་ཐེངས་ཅིག་མིན། །
མདུན་མཁར་དྲི་མེད་མདངས་ལྡན་རྒྱ་མཚོའི་དབུས། །
རབ་མཛེས་དབང་གཞུས་འཁྱུད་པའི་ཚོགས་ཞིང་དཀྱིལ། །
རབ་འབྱམས་རྒྱལ་བའི་སྤྱི་གཟུགས་རིན་པོ་ཆེ། །
ཡིད་བཞིན་ནོར་བུ་དྲན་ཤེས་རྒྱན་དུ་བཞུགས། །
དད་གསུམ་སྐྱེད་ཚལ་རྒྱུད་ནས་འཁྲུངས་པའི་གཏེར། །
སོར་བཅུའི་སྙིམ་པ་འདབ་སྟོང་པད་མའི་ཚོམས། །
སྙིང་གར་ཆོས་འཁོར་རྒྱན་དུ་ལེགས་བཀོད་པས། །
༧ཆོས་རྗེ་དམ་པའི་བྱིན་རླབས་ཨེ་མ་ཧོ། །
མཚན་དཔེ་སྐུ་ཡི་ལང་ཚོ་ལྷང་ངེར་གསལ། །
ཚངས་དབྱངས་གསུང་གི་སྙན་པ་ལྷན་ནེར་ཐོས། །
མཁྱེན་བརྩེ་ཐུགས་ཀྱི་རིག་པ་ལྷམ་མེར་མཇལ། །
ཡིད་བཞིན་ནོར་བུའི་གསང་གསུམ་ཨེ་མ་ཧོ། །
མཚོ་བྱུང་པདྨ་དགྱེས་པའི་རྡོ་རྗེའི་གར། །
བཤད་སྒྲུབ་ཐོས་བསམ་སྒོམ་པའི་མཛའ་ན་མོ། །
ལུང་རྟོགས་གེ་སར་བཞད་པའི་ཆོས་གླིང་མཆོག །
བླ་རུང་ལྔ་རིག་དགའ་ཚལ་ཡང་ཡང་དྲན། །
མཁའ་དབྱིངས་འཇའ་འོད་འ྇ཁྲིགས་པའི་དབེན་ཁྲོད་དང་། །
ནགས་ཚལ་ཀུན་ཏུ་དགའ་བའི་སྐྱེད་ཚལ་བར། །
གསང་ཆེན་འོད་སྐུར་སྨིན་པའི་བླ་མ་རུང་། །
མ་སྒོམ་ཡིད་ཀྱི་རྒྱུན་དུ་རྟག་ཏུ་འཆར། །
ཨེ་མ་ཆོས་རྗེ་བླ་མའི་གདན་ས་མཆོག །
གསེར་ལྗོངས་མདོ་སྔགས་རིག་པའི་འབྱུང་གནས་ཆེ། །
གནས་ཆེན་མདོ་ཁམས་རི་བོ་རྩེ་ལྔ་རུ། །
ཀུན་ཏུ་བཟང་པོ་དོན་གཉིས་ལྷུན་གྲུབ་གླིང་། །
མི་བསྐྱོད་རྡོ་རྗེ་ཉེས་ཚོགས་རང་གྲོལ་གླིང་། །
རིན་ཆེན་འབྱུང་ལྡན་འདོད་དགུ་ཀུན་འབྱུང་གླིང་། །
སྣང་བ་མཐའ་ཡས་སྣང་སེམས་དབང་སྡུད་གླིང་། །
དོན་ཡོད་གྲུབ་པ་ཕྱོགས་ལས་རྣམ་རྒྱལ་གླིང་། །
དེ་བཞིན་ལྷན་སྐྱེས་ཀུན་བཟང་ཆོས་ཀྱི་གླིང་། །
བདེ་ཆེན་སྔགས་སྐྱེས་ལོངས་སྤྱོད་རྫོགས་སྐུའི་གླིང་། །
ཞིང་སྐྱེས་སྤྲུལ་སྐུ་མཁའ་འགྲོ་འདུ་བའི་གླིང་། །
རིགས་ལྔ་རྒྱལ་བའི་གསང་གསུམ་ཡང་ཡང་དྲན། །
ཧ་ཤང་ཡང་དག་བདུད་ལས་རྣམ་རྒྱལ་གླིང་། །
དགེ་བསྙེན་རྣམ་དག་ལེགས་ཚོགས་ཆར་འབེབས་གླིང་། །
ཕྱོགས་བཅུ་རྒྱལ་བ་སྲས་བཅས་འདུ་བའི་ཞིང་། །
རིག་འཛིན་རྒྱལ་བའི་གདན་ས་ཨེ་མ་ཧོ། །
ལྔ་རིག་མཁས་པའི་དབང་ཕྱུག་འདི་ནས་དར། །
མཆོག་ཐུན་དངོས་གྲུབ་ཐོབ་པ་འདི་ནས་རྒྱས། །
མཁས་བཙུན་བཟང་པོའི་ཕྲིན་ལས་ཕུན་སུམ་ཚོགས། །
འཛམ་གླིང་འཛིན་མའི་རྒྱན་གཅིག་བླ་རུང་རྒྱལ། །
མཁའ་སྤྱོད་རྒྱལ་བ་ཀུན་འདུས་དག་པའི་ཞིང་། །
ས་སྤྱོད་མུན་པ་ཀུན་བསལ་ཉི་ཟླའི་སྒྲོན། །
བཤད་སྒྲུབ་འོད་སྟོང་འབར་བའི་བླ་མ་རུང་། །
༧ཆོས་རྗེ་དམ་པའི་གདན་ས་སྙིང་ནས་དྲན། །
ངེས་འབྱུང་ལྡན་པའི་རབ་བྱུང་འདུས་པའི་སྡེ། །
བྱང་ཆུབ་སེམས་གཉིས་སྤྱོད་པའི་རྒྱལ་བའི་སྲས། །
གསང་ཆེན་སྨིན་གྲོལ་ཐོབ་ཀྱི་རྣལ་འབྱོར་པ། །
ཡང་གསང་རྫོགས་ཆེན་སྟོན་པ་འདི་ནས་འཁྲུངས། །
དེང་དུས་དགེ་བཅུ་ཚུལ་བཞིན་སྤྱོད་པའི་གནས། །
སྐྱེ་རྒུ་བསོད་ནམས་དམ་པའི་ཞིང་ཁམས་འདི། །
ནམ་ཡང་མི་ཉམས་འཇིག་རྟེན་དཔལ་དུ་ཤར། །
སྐལ་བཟང་རྣམ་འདྲེན་བླ་རུང་རྒྱལ་གྱུར་ཅིག །
ཅེས་པ་འདི་ཡང་རབ་རྒྱན་ཆུ་འབྲུག་མགོ་ཟླའི་ཟླ་བ་ཉ་ཡོངས་སུ་གང་བའི་དུས་སམ་༧ཆོས་རྗེ་དམ་པ་ཡིད་བཞིན་ནོར་བུའི་འདས་མཆོད་སྐབས་སུ་རྨི་ལམ་བཟང་པོའི་དག་སྣང་དང་གང་འཆར་བ་འགའ་ཞིག་མཁན་ཆེན་བླ་མ་འམ་རིག་འཛིན་དཔལ་དགྱེས་པ་རྡོ་རྗེས་དབྱིན་ཡུལ་བོད་བརྒྱུད་རྣལ་འབྱོར་ཆོས་ཚོགས་ཁང་གི་མཆོད་འབུལ་ཚོགས་བསགས་སྐབས་སུ་གསོལ་བ་འདེབས་པ་དགེའོ། ། ཕྱི་ལོ་༢༠༡༢ ༡༢ ༢༨་ལའོ། །
པདྨའི་ཐུགས་སྲས་རྡོ་རྗེ་བདུད་འཇོམས་རྩལ། །
སྤྲུལ་བའི་རྣམ་རོལ་ལས་རབ་གླིང་པའི་གར། །
མང་ཐོས་ཐོས་ལུང་དང་རིག་པའི་དཔལ་གྱིས་ཕྱུག །
འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །
ཐུགས་ཡིད་དབྱེར་མེད་འདྲིས་པར་བྱིན་གྱིས་རློབས། །
ཨ་སྐྱོང་བླ་མ་ཀར་ཆོས་ནས་གསུངས་སོ། །
གནས་ཆེན་རི་བོ་རྩེ་ལྔའི་ཞིང་ཁམས་སུ། །
འཇམ་དཔལ་ཐུགས་ཀྱི་བྱིན་རླབས་ཡིད་ལ་སྨིན། །
འཇིགས་མེད་ཕུན་ཚོགས་ཞབས་ལ་གསོལ་བ་འདེབས། །
དགོངས་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །