འབྲོག་རུ་ཆོས་གྲགས།
ཉེ་ལམ་བོད་ནང་གི་གྲོགས་པོ་འགའ་དང་མཉམ་དུ་དྲ་ལམ་ནས་གླེང་མོལ་བྱས་པའི་སྐད་ཆ་ཚིགས་བཅད་ཀྱི་ལམ་ནས་བྲིས་པ་ཡིན་ལ། ཁོང་ཚོའི་ཚབ་བྱས་ནས་བྱེས་འབྱོར་བོད་མི་རྣམ་ལ་གཞིས་ལུས་ཀྱི་གྲོགས་པོ་འགའི་སེམས་པ་དམར་རྗེན་དེ་བསྟན་པའང་ཡིན།
ནོར་ལུག་ཐང་མར་བརྡལ་བའི་སྤང་ལྗོངས་ཤིག་ན།།
མེ་ཏོག་སྣ་ཚོགས་བཞད་པའི་རི་ལུང་ཞིག་ན།།
སྒོ་དར་རླུང་གིས་བསྐྱོད་པའི་སྦྲ་ནག་འོག་ན།།
ཨ་མའི་རེ་སྒུག་མིག་ཟུང་རྒྱང་ལ་ཅེར་ཡོད།།
འབྲུ་རིགས་སྣ་ལྔའི་ཉིང་བཅུད་ལྷ་ལ་ཕུལ་བཞིན།།
ཁ་དོག་སྣ་ལྔའི་རླུང་རྟ་མཁའ་རུ་གཏོར་བཞིན།།
དབང་བོ་རྣམ་ལྔའི་ཚོར་ཤུགས་ཕྱི་ལ་ཕྱོགས་དུས།།
དྲིན་ཆེན་ཕ་ལོའི་སེམས་པ་མིག་ཆུས་བརླན་ཡོད།།
ལོ་ཟླ་ཁྲག་གིས་བརྫིས་པའི་འཇིགས་རྔམ་ཁྲོད་ནས།།
སེམས་པ་སྡུག་གིས་མནར་བའི་ཉིན་མཚན་ཁྲོད་ནས།།
སྡུག་གཏམ་ཤབ་ཤུབ་གླེང་བའི་སྨག་རུམ་ཁྲོད་ན།།
བོད་ཀྱི་རྒྱལ་དར་ཁྲག་དང་མིག་ཆུས་བརྫིས་ཡོད།།
ཉེས་མེད་བསད་པའི་བེམ་པོ་རི་ལྟར་སྤུངས་ཡོད།།
དོན་མེད་བཟུང་བའི་བཙོན་པ་ཁྱུ་དང་ཁྱུ་ཡོད།།
ཕོ་བྲང་དམར་་ཕོ་མོ་འཁྲབ་སར་གྱུར་ཡོད།།
བོད་ཀྱི་རྒྱལ་ས་ཁྲམ་པའི་གྲོང་དུ་གྱུར་ཡོད།།
སེམས་ཤིག་ཡོད་ན་གནས་འདིར་གཟིགས་རན་ཡིན་འདུག།
སྟོབས་ཤིག་ཡོད་ན་ཡུལ་འདི་སྐྱོབས་རན་ཆགས་འདུག།
སེམས་པ་རྒྱང་ལ་ཕྱོགས་པའི་གཞིས་ལུས་བོད་མིའི།།
སེམས་པ་འཁྱགས་ལ་འབྱར་བས་ན་ཟུག་མང་གི།།
རེ་བ་ཡིད་བཞིན་ནོར་བུར་མཇལ་རྒྱུ་དེ་ཡིན།།
འདུན་པ་གཞིས་བྱེས་ལྷན་འཛོམས་ཡོང་རྒྱུ་དེ་ཡིན།།
འདི་གཉིས་འགྲུབ་ན་སེམས་ཀྱི་ན་ཟུག་འཇགས་འགྲོ།།
ཚེ་སྲོག་མང་བོ་ཞིག་ལ་གསོན་ཉམས་རྒྱས་འགྲོ།།
ཡིད་བཞིན་ནོར་བུར་མཇལ་འདོད་ལྷུན་གྱིས་གྲུབ་འགྲོ།།
མ་བུ་ཁ་བྲལ་བྱུང་བའི་སྡུག་བསྔལ་སེལ་འགྲོ།།
རང་ས་རང་ཡུལ་བྲལ་བའི་དྲན་གདུང་སེལ་འགྲོ།།
རྒྱ་བོད་མཐུན་ལམ་འབྲེལ་བ་ཉེ་རུ་བུད་འགྲོ།།
དོན་ཞིག་མེད་ན་མི་མང་དཀྲོགས་གི་མ་འདུག།
གདེང་ཚོད་མེད་ན་ཧོད་རྒྱུགས་བྱེད་གི་མ་འདུག།
གཡོ་དང་སྒྱུ་མས་གྲུབ་པའི་རྒྱ་ནག་གཞུང་ལ།།
སྙིང་རྗེ་ཏོག་ཙམ་མེད་པ་ཤེས་པར་གྱིས་ཤིག།