རྡོ་རྗེ་རྒྱལ་མཚན
བོད་དོན་འདི་བཤད་ནས་མི་ཚེ་ཟད་ལ་ཉེ་བའི་རྒད་པོ་ང་ལ་མཚོན་ན་ད་ནི་འཆི་ཁ་མའི་ཁ་ཆེམས་དེ་འབྲི་རན་འདུག ཁ་ཆེམས་བྲིས་ནས་སུ་ལ་འཇོག བྱིས་པ་ཚོ་ནི་ངའི་ཁ་ཆེམས་ལ་ཉན་རྒྱུར་མི་དགའ། དེ་ལས་དེང་སང་གི་རོལ་ཆ་ལ་ཉན་རྒྱུ་དང་དེང་སང་གི་གཞས་ཞབས་བྲོ་ལ་དགའ།
ད་རྒད་པོས་ཆབ་སྲིད་ལ་ཉན་རྒྱུ་མང་སོང་། ད་རྒད་པོས་ཆབ་སྲིད་བཤད་རྒྱུ་མང་སོང་། ཁ་ལ་འཆི་ཁར་དགོས་ཤིང་མཁོ་བའི་མ་ཎིའི་གྲངས་ཀ་ཡང་ལོང་དཀའ་བ་ཞིག་འདུག
ང་རྒད་པོ་ཕོ་ལོ་ ༣༠ ཡིན་དུས་སྟོད་རྒྱ་གར་ལ་ཡོང་། ༡༩༨༠ ལོ་ལ་རེད། ད་མི་ལོ་ ༣༣ ལ་ས་མཐའ་མྱུལ། མྱུལ་བའི་མཐའ་མ་མི་ཚེ་ལ་ཕྱིར་ལྟ་ཞིག་བྱས། ཕ་མ་དྲིན་ཆེན་གཉིས་ཀ་ཕྱི་མའི་ལམ་ལ་ཕེབས་སོང་། ཕ་ཡུལ་གྱི་ཁ་ཡ་ན་ཟླ་ཡང་མང་པོ་ཞིག་ཕེབས་ཚར་སོང་། པར་ལ་བལྟས་སྐབས་སྲིང་མོ་གཅིག་ཡོད་པ་ཡང་རྒས་ནས་ངོ་མི་ཤེས་པའི་ཚོད་རེད། ད་བཙན་བྱོལ་ནས་བོད་རང་བཙན་འཐབ་རྩོད་དེ་དབུ་མའི་ལམ་འགྱུར་སོང་། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་ཡང་འདི་འདྲའི་དགུང་ན་མཐོན་པོ་ཞིག་ཕེབས་སོང་། བཙན་བྱོལ་ན་གྲགས་ཆེ་བའི་བླ་མ་དཔོན་པོ་མང་པོ་ཞིག་ཀྱང་རེ་རེ་བཞིན་ཞིང་ལ་ཕེབས་སོང་།
ད་བསམ་བློ་ཞིག་ཐོངས་དང་། རྒད་པོ་ང་འདིས་ལྟོ་གོས་ལ་རྔམས་ནས་ཟས་པ་དང་གོན་པ་དེ་གཉིས་ལས་གཞན་ཅི་ཡང་སྟོན་རྒྱུ་མི་འདུག ༧རྒྱལ་བ་བསྟན་འཛིན་རྒྱ་མཚོའི་ཞབས་རྗེས་དེད་ནས་ཡོང་བ་འདི་ལ་འགྱོད་པ་མི་འདུག དེ་མིན་ད་འདི་ཡིན་ཞེས་སྟོན་རྒྱུ་མི་འདུག རྣ་བས་སྔོན་ལྟར་མི་གོ་བ་དང་། མིག་གིས་སྔོན་ལྟར་མི་མཐོང་བ། ཕ་ཡུལ་གྱི་རྨི་ལམ་ཇེ་མང་ཇེ་མང་། ད་འདི་འདྲ་ཞིག་རེད། ཕོ་ཁྱོ་ག་ཞིག་གིས་བྱས་པ་དེ་ད་འདི་རེད། འཁོར་བའི་རྒྱ་མཚོའི་ནང་ལ་ལག་རྡོ་ཞིག་འཕངས་པ་ཙམ་ཞིག་རེད།
བོད་ཀྱི་དོན་དག་དང་བོད་ཀྱི་རྩ་དོན། བོད་མི་རིགས་སོགས་ཀྱི་མིང་ཚིག་འདི་དག་གི་འབབ་ས་ཡོད་ན་མེད་ན་དེ་ཅི་རེད། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་འདི་ཐུག་ས་གཅིག་ལ་ཐུག་ཡོད་པ་འདྲ། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་འདི་ནི་བོད་མི་ས་ཡ་དྲུག་པོ་ཚུར་བསྡུས་ནས་གོང་བུ་གཅིག་ཏུ་བསྒྱུར་བའི་ངོ་བོ་འདྲ་བོ་དེ་རེད། དེའི་འོག་ནས་ཅི་རེད། རྙོག་དྲ་ལུང་བ་གང་། རྩོད་པ་ལུང་བ་གང་། སྐུ་དྲག་དང་མི་ཆེན་གྱི་སྡེ་ཁག་རྣམས་ལ་མཐོང་དང་ཆ་འཇོག་རི་རབ་ཙམ། དེ་དག་ལ་ཚོགས་པ་དང་སྡེ་ཁག་རྒྱ་མཚོ་ཙམ། མི་སེར་དཀྱུས་མ་རྣམས་ནི་མདུན་ལ་འགྲོ་ན་མུན་ནག རྒྱབ་ལ་བསྣུར་ན་མུན་ནག མུན་ནག་གི་ནང་ནས་མིག་ལོང་བ་ཞིག་སོང་བ་ཅི་བཞིན་ད་ཅི་ཡིན་འདི་ཡིན་ཟེར་རྒྱུ་ཞིག་མི་འདུག
ན་ནིང་ད་ལོའི་གནས་ཚུལ་ལ་བསྡུར་ན། རང་སྲེག་དེ་ཙམ་ཞིག་བྱས་སོང་། སྡུག་བསྔལ་དེ་ཙམ་ཞིག་འཁྱེར་སོང་། ད་རྒད་པོ་ངས་གོ་བ་ནི་ཅི་བྱེད་འདི་བྱེད་མེད་པའི་སྣང་བ་གང་དྲན་ཞིག་མ་གཏོགས། འཆར་གཞི་འདི་ཡིན། བྱེད་ཕྱོགས་འདི་ཡིན། གྲུབ་ན་འདི་འགྲུབ་གི་ཡིན། མ་འགྲུབ་ན་འདི་བྱེད་ཀྱི་ཡིན་སོགས་བང་སྒྲིག་ནས་འགྲོ་བ་ཞིག་མི་འདུག ཚོགས་པ་རེ་རེ་ལ་ཁ་གཡང་རེ་རེ། ཁ་གཡང་རེ་རེ་ལ་རྩོད་པ་རེ་རེ། འདི་ངས་ལོ་སུམ་བཅུའི་ནང་ལ་གོ་བ་དང་ཐོས་པ་དེ་རེད། འདི་ལོ་སུམ་བཅུའི་ནང་ལ་བཤད་པ་དང་བྲིས་པ་དེ་རེད།
ད་ཅི་རེད། དཔའ་བོ་ཐུབ་བསྟན་དངོས་གྲུབ་ཀྱི་གནས་ཚུལ་དེ་ཚོ་སེམས་ལ་དྲན་རྒྱུ་འདུག ལྡི་ལིའི་ཟས་བཅད་ངོ་རྒོལ་དེ་ཚོ་དྲན་རྒྱུ་འདུག དེ་ནས་གནས་ཚུལ་ཡག་ག་རྣམས་དྲན་རྒྱུ་མི་འདུག ད་ལྟོས་ཨ། ཀུན་བཟང་བླ་མའི་རྙོག་ཁྲ། ཉི་ཧོང་དོན་གཅོད་པད་མ་རྒྱལ་པོའི་རྙོག་དྲ། ཆུ་བཞི་སྒང་དྲུག་གི་རྙོག་དྲ། གུང་ཐང་ཚུལ་ཁྲིམས་ཀྱི་རྙོག་དྲ། འབུམ་དགུའི་རྙོག་དྲ། བཀའ་ཤག་ཕྱིར་བསྡུ། སྤྱི་འཐུས་ཕྱིར་བསྡུ། ཚོགས་གཙོ་ཆོས་གྲགས་རྒྱ་མཚོ་དྲན་ནམ། རྙོག་དྲ་འདི་དག་ནི་རྒད་པོ་ངའི་མི་ཚེ་ལ་བྱུང་བ་རེད། ད་དུང་ཡོད་རེད། གློ་སྨོན་ཐང་། འབྲུག་གི་རྙོག་དྲ། རྒད་པོ་ངའི་མི་ཚེ་དེ་འདི་དག་ནས་མཆེད་ཡོང་བ་རེད། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། བོད་བསྟན་པ་ཆབ་སྲིད་ལ་རྙོག་དྲ་འདི་དག་གིས་དགོས་རྒྱུ་ཡོད་པ་མ་རེད།
ད་རྒྱུ་མཚན་ཅི་གང་མི་འདུག ཨ་མའི་ཡུར་མ་དེ་ལ་རོགས་ཤིག་བྱེད་ཐུབ་ཡོད་ན་འཆི་ཁར་སེམས་སྤྲོ་བ་ཞིག་ཡོང་གི་རེད་དེ་དེ་ཡང་མ་ཡོང་། ཨ་ཕའི་རྨོ་འདེབས་པ་ལ་རོགས་ཤིག་བྱེད་ཐུབ་ཡོད་ན་འཆི་ཁར་བློ་བདེ་བ་ཞིག་ཡོང་གི་རེད་དེ་དེ་ཡང་མ་ཡོང་། ད་ཅི་བྱ། ཁྱེད་རྣམ་པ་ཚོས་རྩོད་པ་གནང་རོགས་གནང་། ང་ནི་མ་ཎི་ཞིག་བཏོན་ནས་འཆི་ཁ་ལ་དགོས་པའི་དགེ་བ་དེ་སྒྲུབ་ཏུ་འགྲོ་རྒྱུ་ཡིན། ཨོམ་མ་ཎི་པད་མེ་ཧུམ།་་་་་
མཚུངས་མེད་ཁ་བརྡ་དྲ་བདག་རྣམ་པར་ཆེད་ཞུ།
ཕྲན་ནས་རྡོ་རྗེ་རྒྱལ་མཚན་གྱི་མཆན་མིང་སྟེང་མཆན་བུ་མང་པོ་དེ་སྔ་ཅིག་བཏབ་མྱོང་མོད།བར་ལམ་ནས་ཁ་བརྡའི་སྟེང་རྡོ་རྗེ་རྒྱལ་མཚན་ཟེར་བ་ཅིག་གིས་རྩོམ་ཡིག་འགའ་སྤེལ་དང་སྤེལ་བཞིན་འདུག་པས།གོ་ནོར་མི་ཐེབས་ཆེད་དེ་རིང་ནས་གུས་པོའི་མཆན་མིང་འདི་ནམ་ཡང་བེད་སྤྱོད་མི་གཏོང་བར་མཆན་མིང་གསར་བ་ཅིག་བཟོ་རྒྱུ་ཡིན་ལགས།
་་་་་ ད་ལྟོས་ཨ། ཀུན་བཟང་བླ་མའི་རྙོག་ཁྲ། ཉི་ཧོང་དོན་གཅོད་པད་མ་རྒྱལ་པོའི་རྙོག་དྲ། ཆུ་བཞི་སྒང་དྲུག་གི་རྙོག་དྲ། གུང་ཐང་ཚུལ་ཁྲིམས་ཀྱི་རྙོག་དྲ། འབུམ་དགུའི་རྙོག་དྲ། བཀའ་ཤག་ཕྱིར་བསྡུ། སྤྱི་འཐུས་ཕྱིར་བསྡུ། ཚོགས་གཙོ་ཆོས་གྲགས་རྒྱ་མཚོ་དྲན་ནམ། རྙོག་དྲ་འདི་དག་ནི་རྒད་པོ་ངའི་མི་ཚེ་ལ་བྱུང་བ་རེད། ད་དུང་ཡོད་རེད། གློ་སྨོན་ཐང་། འབྲུག་གི་རྙོག་དྲ། རྒད་པོ་ངའི་མི་ཚེ་དེ་འདི་དག་ནས་མཆེད་ཡོང་བ་རེད། ༧རྒྱལ་བ་བསྟན་འཛིན་རྒྱ་མཚོ་མཁྱེན། ་་་་ཟེར།
ད་ཁྱོད་ལ་ཁག་མི་འདུག །ཡིན་ཡང་བྱས་རྗེས་ཡང་མི་འདུག །་མཇོན་ཐང་ཡང་མི་འདུག །ཤི་ཡང་རན་འདུག །མགྱོགས་པོར་ཤི་ན་སྡུ་བསྔལ་མང་པོར་མྱོང་མི་དགོས་ཡག་ཤོས་རེད།
ཡ་རྡོར་རྗེ་རྒྱལ་མཚན་ཁྱོད་་་ ཁག་མེད་རྙོག་གྲ་མང་པོ་བྱུང་བ་ཁྱོད་ཀྱི་ཤེས་ཀྱང་། དེ་གཟོ་མཁན་སུ་ཡིན་མིན་དང་གང་ནས་བྱུང་བ་དེ་ཁྱོད་ཀྱི་མི་ཤེས་པ་ང་ཧ་ལས་སོང་།གུང་མཐང་ཚུལ་ཁྲིམས་སྐོར་བོད་གཞུང་ནས་བྱུང་བ་ལས་གཞན་སུ་རེད་བཤད་ཤོག་དང་་་་ ཆུ་བཞི་གངས་དྲུག་གསར་རྙིང་དེ་བོད་གཞུང་ལས་ལོགས་སུ་སུས་བཟོས་པ་རེད་ཤོད་དང་
ཀུན་བཟང་བླ་མའི་རྙོག་གྲ་ཡང་བོད་གཞུང་ལས་གཞན་སུས་བཟོས་པ་རེད་ དཔེར་ན་སྐབས་དེ་དུས་བོད་མི་ཕལ་ཆེར་གྱི་ཁ་ལ་
ཐེ་ཝན་འཕོགས་ཟན་ཞེས་ས་སྒྲགས་གནམ་སྒྲགས་ཡིན་པ་ཁྱོད་ཀྱི་མི་ཤེས་པ་གང་ཡིན་ནམ་་་ ཀུན་བཟང་བླ་མས་ཐེ་ཝན་ནས་དངུལ་ལེན་གྱི་ཡོད་པ་ཞིག་བོད་གཞུང་ནས་ནམ་མཁའ་སྟོང་པ་ལ་སྒྲགས་སོང་བ་རེད་ན་ ཐེ་ཝན་ཡང་རྒྱ་མི་ཡིན་པ་འདོད་གི་
རྒྱ་ནག་པོ་དང་དམར་པོ་གཉིས་དོན་ལ་ཅིག་པ་རེད་ཟེར་མཁན་དེ་བོད་གཞུང་མ་ཡིན་ནམ་་་་
ཕྱིས་སུ་ ༧ དགོངས་ས་མཆོག་ ༡༩༩༧ ལོར་ཐེ་ཝན་ལ་འཕེབས་ནས་གཟུང་ཐེ་ཝན་འཕོགས་ཟན་ཞེས་པའི་མི་སྙན་པའི་ཚིག་དེ་
མཐའ་ཡི་རྒྱ་མཚོའི་ཕ་རོལ་ལ་གནས་དབྱུངས་ཚར་བ་རེད་དོ་་་་་་་
དེ་ན་སྐབས་དེ་དུས་བོད་གཞུང་ཟེར་བའི་མགོ་དཔོན་དེ་སུ་ཡིན་ལེགས་པར་འཚོལ་དང་དེ་ནས་ཁྱོད་རྒས་པའི་རྒས་གོ་ཆོད་ཡོང་
དེ་མིན་ད་ལྟ་ཁྱོད་རྒས་པའི་རྒས་ཉམས་དེ་མི་འདུག་གོ་་་་་