བྱམས་པ་ལྷུན་གྲུབ།
གསར་དུ་ཐོན་པའི་དངོས་པོ་རྣམས་ལ་ནི།།
ཐོན་རིམ་བཞིན་དུ་བརྡ་གསར་སྦྱར་བ་ལས།།
དངོས་པོ་གང་དང་གང་ཞིག་མ་བྱུང་སྔོན།།
དེ་དང་དེ་ལ་སྔོན་ནས་བརྡ་ཡོད་པའི།།
ཡུལ་དང་རྒྱལ་ཁབ་གཅིག་ཀྱང་ཡོད་མིན་ཏེ།།
དངོས་པོ་སྔོན་བྱུང་བརྡ་ནི་རྗེས་འདོགས་པ།།
འཇིག་རྟེན་གྲགས་པའི་ཚུལ་ལུགས་ཡིན་པའི་ཕྱིར།།
དེ་ཕྱིར་སྔར་མེད་གསར་ཐོན་དངོས་རྣམས་ལ།།
བརྡ་ཡང་གསར་དུ་གཞི་ནས་འདོགས་པ་ལས།།
དེ་ཚོར་བོད་བརྡས་མི་འདང་ཞེས་བསྙོན་ནས།།
རང་རིགས་སྐད་ཡིག་ཞན་པར་རློམ་ན་ནི།།
ལེགས་སྦྟར་ལ་སོགས་སྐད་ཡིག་ཐམས་ཅད་ལ།།
དངོས་དེ་བྱུང་ནས་མིང་བརྡ་སྦྱར་བ་ལས།།
མ་བྱུང་སྔོན་ནས་མིང་བརྡ་མེད་མཚུངས་པས།།
སྐད་རིགས་ཐམས་ཅད་ཞན་ན་ཞན་མཉམ་ཡིན།།
དེས་ན་གཟུར་བོ་བློ་ཡིས་ཞིབ་འདང་གིས།།
དངོས་དོན་བོད་ཀྱི་སྐད་ཡིག་གཉིས་པོ་དང་།།
དེར་ཚུད་ངོ་མཚར་སྣ་མང་རིག་གཞུང་ལ།།
དོན་དངོས་གཅེས་འཛིན་ཤ་ཞེན་ཡོད་ན་ནི།།
སྔོན་བྱོན་མཁས་པས་གཏན་ལ་ཕབ་པ་ཡི།།
སྤྱོད་བདེ་གོ་དོན་ཟབ་མོའི་ཐ་སྙད་རྣམས།།
བརྡ་རྙིང་ཞེས་བྱ་གཙིགས་མེད་མ་བཏང་བར།།
དེ་དག་ཐམས་ཅད་རིན་ཆེན་ནོར་བུ་བཞིན།།
གཙིགས་འཛིན་ཉམས་མེད་རྒྱུན་དུ་བཀོལ་སྤྱོད་དང་།།
གསར་དུ་ཐོན་པའི་དངོས་པོ་རྣམས་ལ་ཡང་།།
ཅི་ལེགས་མིང་བརྡ་གསར་པ་སྦྱར་བ་ལས།།
རྙིང་པ་ཐམས་ཅད་དོན་མེད་འདོར་བ་དང་།།
གསར་པ་ཐར་ཐོར་རེ་འགའ་བཟོས་པ་ཡིས།།
བློ་ཡིད་ཚིམས་པའི་མཛད་པ་སྐྱོང་པ་ནི།།
འགྲོ་གྲབས་ངན་པས་འདུག་གྲབས་ཕུངས་ཞེས་ལྟར།།
བགྲང་ཡས་ནོར་་ལས་ཆེས་ཆེར་ལྷག་པ་ཡི།
གདོང་དམར་བོད་པའི་སྐད་དང་ཡི་གེ་གཉིས།།
སྲོག་དང་བྲལ་བའི་མི་རོ་ལྟར་གྱུར་ན།།
མི་རབས་གསར་པའི་གངས་ཅན་པ་རྣམས་ཀྱིས།།
གདོང་དམར་ཚང་གི་ལོ་རྒྱུས་དེབ་ཐེར་ནང་།།
བསུབ་ཏུ་མེད་པའི་ནག་ཉེས་ཤིན་ཆེ་ཞིག།
བཞག་ན་ད་གཟོད་དེ་བས་ཕངས་ཅི་ཡོད།།
དེས་ན་སྔར་ཡོད་བོད་བརྡ་ཉམས་གསོ་དང་།།
ཕྱིར་འབྱུང་དངོས་པོར་བརྡ་གསར་སྦྱར་བྱས་ཏེ།།
ཉམས་པ་སླར་གསོ་མི་ཉམས་གོང་འཕེལ་གྱིས།།
རང་རིགས་སྐད་ཡིག་སྲོག་ལྟར་གཅེས་འཛིན་ངང་།།
ཁ་བ་ཅན་གྱི་རྒྱལ་དོན་སྒྲུབ་པར་བརྩོན།།
བོད་རྒན་ལྷག་པ་ལགས་ཀྱིས་བོད་བརྡ་གསར་རྙིང་གི་སྐོར་གནད་དུ་ཕིག་པའི་གཏམ་བཤད་ཅིག་བྱས་སོང་བས། དགོང་དྲོ་རང་སྦྱོང་སྐབས་དེ་འབྲེལ་གྱི་རྩོམ་ཐུང་འདི་ཐོལ་བྱུང་དུ་བྲིས།