ལོ་ངོ་སྟོང་གི་ཡར་སྔོན་དེ་ན་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་སུ།།
རྣམ་དཔྱོད་མཁའ་ལ་གློག་ལྟར་འཁྱུག་པའི་ཕྱོགས་གླང་ཆོས་ཀྱི་གྲགས་པ་ཡིས།།
ཚད་མའི་གནད་ལ་རྟོག་གེ་བ་ཡི་མ་རྟོགས་་ལོག་རྟོག་ཐེ་ཚོམ་སོགས།།
རིགས་ལམ་སྟོང་གིས་ཚིག་དོན་བརྒྱད་ཀྱིས་ཚར་བཅད་ནང་བསྟན་སྤེལ་ཡོད་ཟེར།།
རྩོད་པའི་ལམ་ནས་རྒྱལ་ཕམ་དེ་ཡིས་དངོས་པོའི་གནས་ལུགས་རྙེད་སྲིད་དམ།།
ཀྱེ་མའོ་ང་ཚོའི་འུར་སྒྲོག་དེ་ལ་དངོས་ཁམས་རིག་པས་སྙིང་རེ་རྗེ།།
རབ་བྱུང་སྟོང་གི་ཡར་སྔོན་ཞིག་ན་བྷོ་ཊའི་ལྗོངས་ཀྱི་དབུས་ཕྱོགས་སུ།།
ཤེས་རབ་མཁའ་ལ་ཐོག་ལྟར་རྒྱུ་བའི་ས་པཎ་རེད་འདའ་ཙོང་ཁ་པས།།
བྱང་ཕྱོགས་དེ་ན་ཚད་མའི་གཞུང་ལུགས་མི་མཁོ་ཟེར་བའི་ལོག་རྟོག་རྣམས།།
རིགས་པའི་ལམ་ནས་ཚར་དུ་བཅད་དེ་ཉམས་ལེན་གནད་ལ་བསྒྲིལ་ཡོད་ཟེར།།
རང་རྒྱལ་གཞན་ཕམ་ཉོན་མོངས་སློང་བྱེད་ཉམས་ལེན་གནད་ལ་འཁེལ་སྲིད་དམ།།
ཀྱེ་མའོ་ང་ཚོའི་འུར་སྒྲོག་དེ་ལ་མི་ལ་མར་པས་སྙིང་རེ་རྗེ།།
དུས་རབས་ཉེར་གཅིག་ཁུགས་སོ་འདི་ན་སླར་ཡང་རྒྱ་གར་ལྷོ་ཕྱོགས་སུ།།
སྟོང་གྲགས་ཆེ་བའི་དགེ་ལྡན་གདན་གསུམ་འཇང་དགུན་ཆོས་ཀྱི་རྩོད་གྲྭ་ཡིས།།
དེང་རབས་སྨྲ་བའི་རིག་གསར་བ་ཡིས་རྙེད་དོན་དེ་ལས་ཆེས་ལྷག་པའི།།
སྡེ་བདུན་གཞུང་ནས་རིགས་ལམ་ཕྲ་མོས་དངོས་པོའི་གནས་ལུགས་གོ་ཐུབ་ཟེར།།
བ་གླང་ཀ་བུམ་ཡིན་མིན་བརྩད་ནས་སྣོད་བཅུད་འགྲོ་ལུགས་ཤེས་སྲིད་དམ།།
ཀྱེ་མའོ་ང་ཚོའི་གྲྭ་གསར་འདི་ཚོ་དངོས་གཤིས་སྨྲ་བས་སྙིང་རེ་རྗེ།།
ཁ་ཚུམས།
ཕྱོགས་ཀྱི་གླང་པོས་ཡི་དམ་འཇམ་དབྱངས་མཇལ། །
འཇམ་དབྱངས་མཇལ་ནས་ཚད་མ་ཀུན་བཏུས་བརྩམས། །
ཀུན་བཏུས་འགྲེལ་པར་ཆོས་ཀྱི་གྲགས་པ་ཡིས། །
རྣམ་འགྲེལ་བརྩམས་པས་རིགས་ལམ་སྲིད་རྩེར་རྩེན། །
ཁ་སེམས་མཐུན་པའི་རྩོམ་ཅིག་རེད་བསམ།
འཇང་དགུན་ཚད་མའི་འཆད་ཉན་དང་རྩོད་གྲྭ་བོད་ཕྱི་ནང་གཉིས་སུ་དར་ཁྱབ་ཆེན་པོར་ཕྱིན་ཡོད་པ་དང་རྟགས་གསལ་གཏོང་མཁན་གྱི་སྔ་རྒོལ་བ་དང་ཕྱི་རྒོལ་དམ་བཅའ་བ་གཉིས་ཀྱི་བར་ལ་དྲི་བ་དྲིས་ལན་དང་བརྒལ་བརྟགས་ཀྱི་སྒོ་ནས་གཞུང་དོན་ལུང་དང་རིགས་པས་གཏན་ལ་འབེབས་པ་ལ་དགོས་པ་ཡོད་དེ། ས་བཎ་གྱི་མཁས་འཇུག་ལས། ཚིག་དང་དོན་ཤིན་ཏུ་བརླིང་ཞིང་རྟོགས་དཀའ་བ་དང་མུ་སྟེགས་པ་དང་སངས་རྒྱས་པའི་ རྣམ་བཞག་ཕན་ཚུན་འདྲེས་པ་ལྟ་བུ་དང་། སངས་རྒྱས་པ་ལ་ཡང་ཐེག་པ་ཆེ་ཆུང་དང་། ཐེག་པ་ཆུང་ངུ་ལ་ཡང་རྩ་བའི་སྡེ་བཞི་དང་དེ་ལས་གྱེས་པའི་བཅོ་བརྒྱད་ལ་ཡང་ལྟ་བ་དང་སྤྱོད་པ་མི་འདྲ་བའི་སྒོ་ནས་རྩོད་པའི་གཞི་མང་དུ་ཡོད་ལ། ཐེག་པ་ཆེན་པོ་ལ་ཡང་ཕ་རོལ་དུ་ཕྱིན་པ་དང་གསང་སྔགས་ཀྱི་ཁྱད་པར་དང་། ཕ་རོལ་དུ་ཕྱིན་པ་ལ་ཡང་སེམས་ཙམ་པ་དང་དབུ་མ་དང་། གསང་སྔགས་ལ་ཡང་རྒྱུད་སྡེ་བཞི་ལ་སོགས་པའི་སྒོ་ནས་གྲུབ་པའི་མཐའ་འགལ་བར་སྣང་བ་ མང་དུ་ཡོད་པས། དེ་ལྟ་བུའི་གནས་སྐབས་སུ་བརྒལ་ལན་གྱིས་གཏན་ལ་མ་ཕབ་ན། ཆོས་ནོར་བ་དང་མ་ནོར་བ་མི་ཤེས་པས། ལུང་དང་རིགས་པའི་སྒོ་ནས་བརྒལ་ལན་གྱིས་གཏན་ལ་ཕབ་སྟེ་བསྙད་པར་བྱའོ།།ཞེས་གསུངས་པ་ལྟར་གོ་བར་བྱའོ། །
རྗེ་ཙོང་ཁ་བ་དགུང་ལོ་བཅུ་དྲུག་ཐོག་མདོ་སྨད་ཡུལ་ནས་དབུས་གཙང་ཆོས་ཀྱི་ལྗོངས་སུ་སློབ་གཉེར་ལ་ཕེབས་ཁར། ཆོས་རྗེ་དོན་འགྲུབ་རིན་ཆེན་གྱིས། ཞལ་གདམས་གནང་བ།
ཚད་མ་སྡེ་བདུན་འཛམ་གླིང་ན།།སངས་རྒྱས་བསྟན་པ་གསལ་བྱེད་པ།།
ཞེས་པ་སོགས་ལྟར་བྱམས་ཆོས་དང་དབུ་ཕར། ཚད་མ་སྦྱོང་དགོས་པའི་བསྐུལ་མ་གནང་ཡོད་པ་རེད། ཚད་མའི་གཞུང་ལ་དམིགས་བསལ་གྱིས་སྦྱང་བརྩོན་མཛད་པ་ཞིག་ཏུ་ཡིན་པར་ངེས། རྟོགས་བརྗོད་ལས།
བྱང་ཕྱོགས་འདི་ན་ཚད་མའི་གཞུང་ལུགས་ལ།།སྦྱངས་དང་མ་སྦྱངས་དུ་མས་མགྲིན་གཅིག་ཏུ།།མདོ་དང་སྡེ་བདུན་ཀུན་ ལ་བྱང་ཆུབ་ཏུ།།བགྲོད་པའི་ཉམས་ལེན་རིམ་པ་ཡོད་མིན་ཟེར།།འཇམ་པའི་དབྱངས་ཀྱིས་ཕྱོགས་ཀྱི་གླང་པོ་ལ།།དངོས་སུ་འདི་རྩོམ་འདི་ནི་མ་འོངས་དུས།།འགྲོ་བ་ཀུན་གྱི་མིག་ཏུ་འགྱུར་རོ་ཞེས།།གསུང་གི་སྣང་བ་བསྩལ་བའང་ཚད་མར་བཞེད།།ཞེས་པ་ལྟར་རྗེ་ཙོང་ཁ་བས་ཚད་མའི་ལམ་བསྒྲིགས་ཞེས་པ་མཛད་པ་རེད། ཚད་མའི་འཆད་ཉན་གྱི་བཀའ་བབས་གཙོ་བོ་རྒྱལ་ཚབ་རིན་པོ་ཆེ་དང་མཁས་གྲུབ་ནས་རྒྱ་ཆེར་དར་བར་མངོན། །འཇང་དགུན་ལ་ཞུགས་མ་ཞུགས་ལ་ཁྱད་མེད་པར་ས་རྩོད་ཆུ་རྩོད་ལྟ་བུར་གོ་ན་མི་རུང་ངོ་། །
སྤྱིར་ན་ཡིན་མིན་དང་ཡོད་མེད་ཀྱི་དྲི་བ་དྲིས་ལན་ཞེ་དྲག་གལ་ཆེན་པོ་རེད། ཨང་རྩིས་དང་ཚན་རིག་གི་ནང་ལའང་ཁྱབ་ཆེན་པོ་རེད། །དོན་ལ་འཁྲུལ་བ་གཅོད་པ་ཚད་མ། རྗོད་བྱེད་ལ་འཁྲུལ་བ་གཅོད་པ་སྒྲ་རིག་པ་སོགས་ནང་དོན་སྡེ་ཚན་བྱེ་བྲག་པ་རེ་རེ་ལ་མཚོན་ན་ཡང་དྲི་བ་འདྲི་མཁན་དང་ལན་འདེབས་པ་པོའི་རྣམ་དཔྱོད་ཀྱི་གཟི་ཉམས་གཞན་དང་མི་མཚུངས་བ་ཡོད་པ་འཇང་དགུན་ལ་དངོས་སུ་ཞུགས་ན་བྲོ་བ་མྱོང་ཐུབ་ངེས་རེད། ཚད་མའི་གཞུང་ལ་སྦྱོང་བའི་དགོས་པ་མང་དུ་གསུངས་ཡོད་ཀྱང་གཞན་གྱིས་བཀྲི་བར་མི་བཏུབ་དང་། ཞེས་དང་། གང་ལ་རྒྱབ་རྟེན་ཚད་མ་ཡོད།།ཅེས་པ་ལྟར་མ་མཐར་ཡང་བླུན་པོ་ཆུ་སྣ་གར་ཁྲིད་ལྟ་བུ་མ་ཡིན་པར་ཡིན་མིན་དང་ཡོད་མེད། དོན་དང་མཐུན་མི་མཐུན། ནོར་འཁྲུལ་ཡིན་མིན་སོགས་རང་གི་རྣམ་དཔྱོད་ཀྱིས་འབྱེད་དགོས་པ་དང་རྣམ་དཔྱོད་ཀྱི་རྒྱབ་རྟེན་ཡོད་ན་མེད་ན་ཚད་མ་རེད། །
རང་གི་བློ་སྐྱོན་གཞན་ལ་བཀལ་ན་མི་རུང་ངོ་། །ཨ་ལགས་དོར་ཞིས་ཀྱིས་བྲིས་པ་ཞིག་ན་ཨ་ཡེན་སི་ཊན་གྱིས་བཤད་པ་ལུང་འདྲེན་བྱས་པ་ལྟར་ན་ཚན་རིག་གི་རྨང་གཞིའི་རིག་པ་མངོན་སུམ་དང་རྗེས་དཔག་ཚད་མ་ཡིན་ཚུལ་བཤད་འདུག །
ལེགས་བཤད་ཀྱིས་ལོག་སྨྲའི་ལོག་རྟོག་བལ་སེལ་སེལ་བྱས་འདུག རྩེད་མོ་ཡིན་ཏེ། བསམ་ཚུལ་ཡག་པོ་བཤད་འདུག
ལོག་སྨྲའི་གང་བཤད་པ་དེའི་ར་བ་ལས་མ་རྒལ་བ་དགག་དགོས་པ་ལས་ལུང་ཙམ་གྱི་གནས་ལུགས་བསལ་མི་ཐུབ་པར་རྩོམ་ཡིག་ལས་གསལ་བར་བྱས་འདུག་པས། འོ་ན་འདྲེ་ཤར་སྒོར་དང་་་་གླུད་ནུབ་སྒོར་ཅིའི་ཕྱིར་བཏང་བ་ཡིན་ནམ་་་་་
ལོག་སྨྲའི་གང་བཤད་པ་དེའི་ར་བ་ལས་མ་རྒལ་བ་དགག་དགོས་པ་ལས། ལུང་ཙམ་གྱི་གནས་ལུགས་བསལ་མི་ཐུབ་པ་རྩོམ་ཡིག་ལས་གསལ་བར་བྱས་འདུག་པས། འོ་ན་འདྲེ་ཤར་སྒོར་དང་་་་གླུད་ནུབ་སྒོར་ཅིའི་ཕྱིར་བཏང་བ་ཡིན་ནམ་་་་་
ལོག་སྨྲ་ལ་བདེན་ཁ་མི་སྟེར་རང་སྟེར་རེད། ཚད་མ་རྩད་ནས་མི་ཚེ་རྫོགས་པའི་གྲྭ་ས་བ་ཚོས་འཇིག་རྟེན་འདིའི་འགྲོ་སྟངས་ཙམ་ཡང་མི་ཤེས་པ། ཧ་ཧ་ཧ། མི་བདེན་ན་གདན་ས་ཁག་ལ་ཞིབ་འཇུག་གནོང་། གྲ་བ་དེ་ཚོ་འགྲོ་སྟངས་ཞིག་འདུག་གེ ཧི་ཧི་ཧི།
བོད་ལ་གདན་ས་གསུམ་ལ་བརྩོད་པ་ཡག་ཐག་ཆོད་སློབ་གཉེར་གནང་བ་ལ་དགའ་སུ་ཡོད། འོན་ཀྱང་དགའ་ལྡན་ཁྲི་ཟུར་ལུང་རིག་གཙོ་བོར་བྱས་སྐལ་བཟང་རྒྱ་མཚོས་མདོག་བསྟན་ནས་མདོར་ན་སྐྱབས་གནས་འདྲེ་ལ་བཅོལ་སྟངས་མཐོང་དུས་ཚད་མ་ཟེར་བ་དེ་ཡང་འབབ་ས་རང་བློ་ཚད་མ་ལས་འཕགས་མི་ཐུབ་པ་འདུག་པས་ཟབ་ཟབ་གནང་དགོས་འདུག་སྙམ། སྤྱིར་བཏང་ཀླུ་ཡུལ་ན་ཕེབས་པ་དང་ལྷ་ཡུལ་ནས་སློབ་གནང་ཡོང་རབ་གི་སྲོལ་འབྱེད་གནང་བ་ནས་མགོ་བརྩམ་ནས་བོད་ཀྱི་མཁས་པ་རྗེ་རིན་པོ་ཆེ་སོགས་འཇམ་དཔལ་ཞལ་གཟིགས་ནས་ཞིག་པ་དངོས་པོ་དང་སྟོང་ཉིད་མེད་དགག་སོགས་ཁྱད་ཆོས་བོད་ཀྱི་སྔ་རབ་འམ་ཡང་ན་བོད་ནང་ཁུལ་འཁྲུགས་གཞི་ལྟ་བའི་འགལ་འདུ་འདི་ཡིན་འདི་མིན་ཟེར་བའི་ཁྱད་ཆོས་ངོ་མཚར་ཅན་དེ་ཚོ་ཕུག་དག་སྣང་འཇམ་དཔལ་ལ་ཞལ་མཇལ་ནས་ཞུས་བ་ཙམ་ལས་བཅོམ་ལྡན་འདས་ཀྱི་གསུང་རབ་ལ་ཕུག་བཅོལ་བ་མཐོང་ཡག་མེད་པ་ག་རེ་ཡིན་ན་ང་ཚོས་བསམ་བློ་གཏོང་ཡག་གལ་ཆེན་པོ་རེད་འདུག གང་ལྟར་བདེན་པ་བཞི་དང་། འཕགས་ལམ་ཡན་ལག་བརྒྱད། བྱང་ཆུབ་ཀྱི་ཆོས་སོ་བདུན། སོགས་སྟོན་པ་བཀའ་དྲིན་ཅན་གྱི་གསུངས་ལ་ཉམས་ལེན་སོ་སོའི་གང་ཡོང་ཡོང་གནང་རྒྱུ་གལ་ཆེ་བ་ལས། ཉོན་མོངས་མགོ་ཙམ་མ་ནོང་གོང་། ཆགས་སྡང་གི་འབྱུང་གནས ངལ་རྒྱས་ཀྱི་གསོལ་འདེབས། མདོར་ན་ཆགས་སྡང་གི་གཞན་སོང་བའི་སོ་སོའི་སྐྱེ་བོ་བདག་དང་བདག་འདྲ་བ་ཚོ་ལ་བརྩོད་པ་ལས་ཉམས་ལེན་སྒོ་གསུམ་དགེ་ལ་བསྐོལ་ནས་ལག་ལེན་གལ་ཆེ་བར་སྣང་། མདོར་ན་ད་བར་བརྩོད་པ་ལ་རྟེན་ནས་སངས་རྒྱས་གོ་འཕང་འམ་དགྲ་བཅོམ་པའི་གོ་འཕང་ཐོབ་མཁན་སུ་འདུག སྔོན་གྱི་མཁས་གྲུབ་བོད་སྔ་རབ་པ་དང་ས་ལམ་ཀྱི་གོ་འཕང་མཐོན་པོར་གཤེགས་མཁན་ཡོངས་གྲགས་མར་མི་དྭགས་པོ་སོགས་བརྩོད་གྲྭ་ལ་འགྲིམས་མེད་པ་དངོས་ཡོད་རེད་ཡིན་ན་ཡང་ས་ལམ་ཀྱི་གོ་འཕང་མཐོན་པོ་ལ་གཤེགས་བ་ལ་བསམ་བློ་གཏོང་དགོས་འདུག
ངས་དེ་རིང་འདི་ནས་བསམ་ཚུལ་ཐུང་ཙམ་ཞིག་ཞུ་འདོད་ཡོད། ཚ་བ་མདའ་སྨྱུག་ལགས་ཀྱིས་རིག་ལམ་སྐམ་པོ་ཅེས་མཐོང་ཆུང་བཏང་འདུག དེ་དང་དེར་འདྲ་བའི་མི་གང་མང་ཞིག་གིས་རྟོག་གེ་རིག་པ་ལ་ཟུར་ཟ་དང་མཐོང་ཆུང་གྱི་ཚིག་འཕེན་གྱིན་འདུག འདི་དང་འདི་འདྲ་བའི་ལྟ་གྲུབ་ཡོད་མཁན་ཚང་མ་ལ་ལབ་ཀྱི་ཡོད།
ཆོས་ལུགས་པ་ཡིན་ནའང་འདྲ། ཚན་རིག་པ་ཡིན་ནའང་འདྲ། མདོ་དོན་འགྲོ་བ་མི་ཞིག་ཡིན་དུས་ཚད་མ་མངོན་རྗེས་གཉིས་ལས་ཡུལ་རྟོགས་ཐུབ་པའི་རིག་པ་ཞིག་མིའི་ལུས་ལ་ཡོད་དམ་ཞེས་པའི་དྲི་བ་གཅིག་རེད། ལྐོག་གྱུར་གྱི་ཤེས་བྱ་ཐམས་ཅད་ཚུལ་གསུམ་རྟོག་རིག་པ་ལ་མ་བརྟེན་པར་དཔག་ཐུབ་པའི་ཚད་མ་ཞིག་ག་ནས་སྐྱེས་ཡོང་གི་རེད་དམ། ཚན་རིག་པ་ཡིན་ནའང་ཚུལ་གསུམ་རྟོག་གེ་རིག་པ་ལ་མ་བརྟེན་པར་ལྐོག་གྱུར་གྱི་ཡུལ་རྟོགས་མི་ཐུབ།
དེང་སང་གི་བོད་ཀྱི་མཁས་དབང་ཁྱེད་རྣམས་པས་ཚན་རིག་པའི་ཟེར་བ་ལྟར་ཀླད་པས་རྟོགས་པ་མ་གཏོགས་གསལ་ཞིང་རིག་པའི་ངང་བོ་ཞིག་མེད་ཟེར་གྱི་ཡིན་ན་་་རྩོད་ལུགས་ཁ་ཁར་ཡོད། དེ་མིན་ནང་ཆོས་ཀྱི་གཞུང་ལུགས་ཁག་ནས་བཤད་པའི་ཤེས་པའི་འགྲོ་སྟངས་ཁས་ལེན་པ་ཡིན་ན་རྟོག་གེ་རིག་པ་ལ་མཐོང་ཆུང་བྱེད་པ་ནི་རྩ་བ་བོར་ནས་ཡན་ལག་ལ་འབྲས་བུ་རེ་བ་དང་གཅིག་པ་རེད།
ཚན་རིག་པ་ལ་མི་ཡི་ཤ་ལུས་ཡོད།
དངོས་ཁམས་པ་ལ་མི་ཡི་ཤ་མིག་ཡོད།
རྟོག་གེ་བ་ལ་མི་ཡི་ཤ་སྙིང་ཡོད།
རྟགས་ལ་བརྟེན་ནས་དཔག་སྟངས་ཁྱད་པར་ཅི།
དངོས་ཁམས་ཚན་རིག་པ་ཡི་ཤ་མིག་དང་།
ཆོས་ལུགས་པ་ཚོའི་ཡེ་ཤེས་ཤ་མིག་གཉིས།
ཕྱི་རོལ་གཟུགས་ཀྱི་སྣང་བ་འཆར་ཚུལ་ལ།
ཁྱད་པ་ཡོད་པར་རིག་སྨྲས་ག་ལ་འདོད།
གདན་སའི་གྲྭ་བ་ཚོའི་སྤྱོད་པ་རྩ་ངེ་རྩིང་ངེ་འདྲ་ཞིག་མཐོང་སྲིད། དེ་འདྲ་མཐོང་བ་ལ་ཁག་མི་འདུག་ ཁོང་ཅག་གི་སེམས་རྒྱུད་ཀྱི་སྦམ་མདོག་གི་འདུ་ཤེས་དོར་ཟིན་འདུག་ ཁོང་ཅག་གི་ཟ་བཏུང་སྤྱོད་གསུམ་སོགས། མི་ཆེན་དང་། འབྱོར་ལྡན་སོགས་སྦམ་རྫུ་ཅན་རྣམས་ཀྱིས་ཟ་སྟངས་འཐུང་སྟངས་བཤད་སྟངས་སོགས་སྒྲིག་སྲོལ་ལྟ་བུའི་འཆིང་རྒྱ་ལས་བརྒལ་སྟབས། ཁོང་ཅག་ལ་འགྲོ་སྟངས་མི་འདུག་ཟེར་མཁན་མང་ཚོད་རེད།
སྤྱིར་བདེ་བ་འཚོལ་བ་ནི་སྐྱེ་བོ་ཀུན་ལ་ཡོད་པའི་ཆོས་ཉིད་ཞིག་ཡིན་པས། དེའི་ཕྱིར་དུ་མི་ལ་མཚོན་ན་ཤེས་བྱའི་གནས་སྣ་ཚོགས་ལ་སྦྱང་བརྩོན་སོགས་ཀྱིས་མཐར་ཐུག་གི་བདེ་བ་དེ་འགྲུབ་ཐབས་བྱེད་ཀྱིན་ཡོད་ལ། ཚད་མའི་རིགས་ལམ་ལྟ་བུས་དངོས་དང་དངོས་མེད་ལ་སོགས་པའི་གནས་ལུགས་ལ་ཞིབ་དཔྱོད་ཀྱིས་ཆོས་ཐམས་ཀྱི་རང་གཤིས་རྗེན་པར་མཐོང་བ་དང་། འཇིག་རྟེན་འདིར་ཆགས་སྡང་ལ་སོགས་པའི་རྩ་བ་བརྙེད་པ་དང་། རང་གཞན་གྱི་རྒྱུད་ལ་ཞི་བདེ་སྐྲུན་བྱེད་ཀྱི་ཐབས་བླ་ན་མེད་པ་གང་ཡིན་པ་དེ་གསལ་བར་སྟོན་པར་བྱེད་དང་། དེ་ལ་བརྟེན་ནས་སེམས་བཏང་སྙོམས་སུ་ཞུགས་པས་མི་ཚེ་འདིར་བདེ་སྐྱིད་ངོ་མ་དེ་རོལ་ཐུབ་པ་སོགས་ཡོན་ཏན་བརྗོད་ཀྱིས་མི་ལངས། དེ་ནི་འོས་ཤིང་རྗེས་སུ་ཡི་རང་པའི་གནས་ཡིན་ན་དེ་ལས་ལྡོག་སྟེ་རང་ཉིད་ཀྱི་བློ་དང་མ་འཚམས་པ་རྒྱུ་མཚན་དུ་བགྲངས་པ་ནི་ཟེར་རྒྱུས་ཕོངས་པའི་ངན་རྟགས་སུ་འདུག་པས། དེས་ན་རྣམ་པར་དཔྱོད་པའི་རིགས་པའི་འགྲོ་ལུགས་ཙམ་ཡང་མ་མཁྱེན་པར། ཞེ་སྡང་པའི་རྒྱབ་རྟེན་དུ་རང་ཉིད་ལ་རྒྱུས་མངའ་མེད་པ་ཞིག་སྒྲུབ་བྱེད་དུ་བཀོད་པ་ནི་རང་གི་དབྱུག་པས་རང་ཉིད་ཀྱི་མགོ་ལ་གཞུས་པ་དང་ཀུན་ནས་མཚུངས་སོ།། བཤད་གྲ་དང་རྩོད་གྲ་སོགས་ཀྱིས་གང་ལ་རྩོད་པའི་དོན་ཅི་ཡིན་མ་འཚལ་པར་སྤྲང་པོས་ཁ་ཕོར་རྩོད་པ་ལྟ་བུ་ཞིག་དུ་སེམས་པ་དེ་ནི་རང་མཚང་རང་གིས་གསལ་བར་བྱེད་པའི་རྒྱུ་ཁོ་ན་ལས་མ་འདས་སོ།།
དགེ་ལུགས་པར་རིགས་ལམ་དར་ཁྱབ་ཆེ་ཞིང་སློབ་གཉེར་ལེགས་ཀྱང་། དེང་སང་གི་ལྷོ་ཕྱོགས་ཀྱི་སེ་འབྲས་དགའ་གསུམ་གྱི་གྲྭ་གཞོན་ཚོ་སྐད་ཆ་བཤད་སྟངས་དང་ཟ་སྟངས་འཐུང་སྟངས་སོགས་སྤྱོད་པ་རྩིང་པོ་འདུག དེར་བརྟེན་ལྷོ་གཞིས་ཁག་གི་མི་སྐྱ་སློབ་ཕྲུག་ཚོས། གྲྭ་བ་ཟེར་དུས་འཁྲུགས་པ་ཚ་བོ་རེད་ཟེར་ནས་བཞེད་སྣང་བྱེད་ཀྱི་འདུག དེ་ཚོར་འགྲོ་འཆག་ཉལ་འདུག་གི་སྤྱོད་ལམ་སློབ་གསོ་ཡག་པོ་གནང་དགོས་འདུག
སྙན་གྲགས་ཅན་དང་ཚད་འཛིན་འོས་པའི་ཚན་རིག་པ་ཁག་གཅིག་གིས། ནང་ཆོས་ལ་དྲོ་བ་ཁ་རྒྱུ་ཡོད་ལ་དད་རིགས་ཟུང་འབྲེལ་ལས་གཙོ་བོ་རིགས་པ་བདར་གྲུབ་ཡིན་ལ། ཅི་སྟེ་མ་འོངས་པར་འཛམ་གླིང་སྤྱི་ཆོས་ཞིག་དགོས་མཁོར་ཐུག་ན་དེ་ནི་ནང་ཆོས་དེ་ཉེ་ཤོས་ཡིན་པ་དང་། ཚན་རིག་དང་གདན་ཐོབ་བགྲོ་གླེང་བསྙེགས་མཁན་དེ་བོད་དར་ཆོས་ཚན་དེ་འཇུག་ཤོས་ཡིན་པ་གསལ་པོ་ཡིན། ཧམ་པར་སོང་སྲིད་རུང་། འཛམ་གླིང་ཆོས་བརྒྱུད་ཆེ་གྲས་ཁག་གིས། བདེན་པ་ཡིན་མིན་ལ་མ་ལྟོས་པར། ལུང་གཙོ་བོར་བཟུང་ནས་གཞི་ལམ་འབྲས་གསུམ་ལས་ལམ་འབྲས་རྣམ་གཞག་བཤད་པ་ལས། གཞི་བདེན་པ་གཉིས་དང་བདེན་བཞི་ལས་ལམ་བདེན་གྱིས་འབྲས་བུའི་རིམ་པ་ཟབ་གསལ་ཞིག་གཏོད་པར་མ་སྣང་། ཡང་ཚན་རིག་པས་གཞི་དངོས་པོའི་གནས་ལུགས་ལ་ཕར་དཔྱོད་པ་ལས་དབང་འདས་གནས་ལ་འཇུག་སྒོ་ད་དུང་ཡང་ཕྱེ་མེད། གཟུགས་ཤེས་ལྡན་མིན་འདུ་བྱེད་ལས་གཟུགས་ཙམ་ལས་གཞན་གཉིས་དཔྱད་གཞིར་འཛིན་ཐུབ་མེད། རྐྱེན་བཞི་ལས་དམིགས་རྐྱེན་དང་བདག་རྐྱེན་ལས་རྒྱུ་རྐྱེན་དང་དེ་མ་ཐག་རྐྱེན་སྐོར་ལ་ཞིབ་འཇུག་གཞིར་སླེབས་ཐུབ་མེད། དེ་བཞིན་ཆོས་ཀྱི་དབྱིངས་དང་རིགས་ཀྱི་གསལ་ཁར་གཏོད་པའི་ཆོས་འཁོར་གཉིས་ཀྱི་དཀྱིལ་འཁོར་དང་དེ་ནས་གསང་སྔགས་ལམ་རིམ་པར་བགྲོད་པ་ལ། སྔགས་ཟབ་པ་མདོ་ཡི་གཞི་གདན་དགོས།
དེས་ན་ཐོག་མར་བདེན་བཞི་རིགས་ལམ་ནས་གཏན་ལ་ཕབ་པའི་ཚད་མའི་བསྟན་དོན་ལ་ཚན་རིག་པས་དོ་སྣང་བྱེད་རིན་ཆོག་པ་ཡོད། དེ་ཡང་འདུས་བྱས་ཀྱི་ཆོས་མི་འཇིག་མཁན་གང་ན་ཡོད། མི་རྟག་པ་གསུངས་པ་བདེན་པ་ཡིན། འདོད་ཆགས་ཞེ་སྡང་ང་རྒྱལ་ཆེན་པོ་ཡོད་ན་མི་དེ་སྐྱིད་པ་ཞིག་འདུག་གམ། དེ་ཟག་བཅས་རྣམས་སྡུག་བསྔལ་བ་དེ་བདེན། རེས་འགའ་ཡོད་ལ་རེས་འགའ་མེད་པ་དེ་རྒྱུ་ལ་ལྟོས་པའི་རྟགས་དང་། གང་ཟག་ཕུང་པོ་ལས་དོན་གཞན་རང་རྐྱ་བར་འཇོག་ན་གནོད་བྱེད་མང་བས་སྟོང་ཞིང་བདག་མེད་པ་དེ་དངོས་ཡོད་ལ་རན་པ་དང་། སྡུག་བསྔལ་ནི་དཀོན་མཆོག་བསྐོས་མེད་ལ་བདེ་སྡུག་རེས་འཇོག་གི་ཡོང་བ་དང་། གཏན་དུ་བ་མིན་པས་མི་རྟག་པ་དང་དེ་རྒྱ་ལས་བྱུང་ཞིང་། རྒྱུ་དེ་ཡང་ས་རྡོ་ཐག་རིང་ཞིག་མིན་ནང་གི་ཉོན་མོངས་ལས་བྱུང་ཞིང་དེའི་རྩ་བ་བདག་འཛིན་ལ་ཐུག་པས་བདག་མེད་སྒོམ་པས་མྱ་ངན་ལས་འདས་པ་ཞི་བ་དེ་ཕྱག་རྒྱར་གསུངས་ཡོད་པས་འུར་སྒྲོག་ཅིག་ཁྱོན་ནས་རང་མ་རེད། ཅི་སྟེ་ངེས་མེད་སྙན་སྙན་མོའི་འུར་སྒྲོག་ཅིག་ཡིན་དགོས་རྒྱན་དྲུག་པོ་དག་སྟོང་གསུམ་གྱི་སྟོང་ཆེན་པོར་འུར་སྒྲོག་ཀྱང་ག་ལ་ལང་། རིགས་པ་སྨྲ་བར་མ་གྱུར་གོང་ནས་ལོག་པར་སྨྲ་བར་ཚར་གཅོད་ག་ལ་ནུས། དེས་ན་རིགས་པའི་དབང་ཕྱུག་རྣམས་ཕྱོགས་ལས་རྣམ་པར་རྒྱལ་ལོ།།
ཁ་རི་ཁ་ཐུག་དང་། སྤྱོད་པ་རྩིང་པོ་གཉིས་འཚམས་འཚམས་ལ་ནོར་ཉེན་ཡོད་རེད་དོ། །
གོང་གི་རྩོམ་ཐུང་དེས་ཨ་རིག་གླེན་པ་འབྲས་སྤུངས་ཆོས་རར་འཇལ་དུ་སོང་བའི་གཏམ་རྒྱུད་ཅིག་དྲན་བཅུག་སོང་། ཨ་རིག་གླེན་པ་ལྷ་སར་འཇལ་དུ་སོང་ནས་ཞར་ལ་འབྲས་སྤུངས་ལ་འཇལ་དུ་སོང་ཚེ། ཆོས་ར་ནང་རྩོད་སྤུངས་ཤུགས་ཆེར་རྒྱག་བཞིན་པའི་སྐབས་སུ་ཁེལ། ཁོས་རྣ་བ་གཏད་ནས་ཉན་ན་ཡང་བུམ་པ་ཟེར་བ་ཙམ་ལས་ཅང་གོ་མེད་པ་འདྲ། དེ་ནས་ཁོས་གྲྭ་བ་ཚོའི་སྐད་སང་མཐོ་ལུགས་དང་། འཚང་ཁ་རྒྱག་ལུགས་ལ་བལྟས་ན་བུམ་པ་ཞིག་འཕྲོག་རྩོད་བྱེད་ཀྱིན་ཡོད་ས་རེད་དྲན་ཏེ། གྲྭ་བ་ཚོའི་འཁྲིས་ལ་གཅར་ནས་སྐུ་ཚེ་རིང་རྒྱུ་ཚོ། ད་མ་རྩོད་དང་། སང་ལོ་ང་ལྷ་སར་ཡོང་དུས་ཁྱེད་ཚོར་བུམ་པ་རེ་རེ་འཁྱེར་ཡོང་ཆོག་ཅེས་བཤད་པ་རེད། ལོག་སྨྲ་ཚར་གཅོད་ཟེར་བ་འདིས་ཀྱང་བ་གླང་དང་། བུམ་པའི་སྟེང་ན་གནས་ལུགས་ཤིག་འཚོལ་རྒྱུ་ཡོད་པ་ཧ་གོ་མི་འདུག་་་དུས་དེང་སང་ཡང་བོད་ལ་ཨ་རིག་གླེན་པ་རེ་བཞུགས་འདུག་
རེད།
ཅིག་འགྲིག་གི་མེད་ན་འགྲིག་གི་མི་འདུག་ཟེར་ཤོད་ཆོག་གི་རེད། འགྲིག་གི་མེད་པ་དེ་ཤོད་མ་ཆོག་པ་ཡིན་ན་འགྲིག་པ་ཅིག་བཟོ་ཐབས་མེད་པ་རེད། རེད། ཡིན་ན་ཡང་། འགྲིག་པ་དེ་གང་ཡིན་པ་དང་། གང་ལྟར་འགྲིག་པ་ཅིག་བཟོ་དགོས་མིན་ཡང་ཤོད་དགོས་གི་རེད། འགྲིག་པ་ཅིག་བཟོ་ཐབས་གི་ཐབས་ལམ་སྟོན་ཡག་མེད་ན། ཚོད་ཚོད་ལ་མ་འགྲིག་པ་ཅིག་ཤོད་ན་ཤོད་མཁན་རང་ཉིད་མ་འགྲིག་ཅིག་ཆགས་པ་རེད།
ང་ཚོས་མ་འགྲིག་པ་ཤོད་ཐུབ་པ་དང་། འགྲིག་པ་ཅིག་བཟོ་ཐུབ་པ་བྱེད་དགོས་གི་རེད། དེ་མིན། གཞན་ཐམས་ཅད་མ་འགྲིག་པ་དང་། འགྲིག་པ་རང་ཉིད་ཁོ་ནར་བརྩི་གི་རེད། ང་ཚོའི་མི་རིགས་ལ་དར་སྲོལ་དེ་སྔ་མོ་ནས་ཡོད་པ་རེད། རང་ངོས་ནས་ཁབ་འབིག་ཚག་སྒྲ་ཙམ་ཡང་བཟོ་མི་ཤེས་པར་གཞན་གྱི་མཚོ་གྲུ་གནམ་གྲུ་སོགས་ཁས་མི་ལེན་པའི་བསམ་ཚུལ་འཛིན་གི་རེད། དེ་འདྲ་ད་དུང་ཡང་མང་པོ་རེད། རང་གིས་རང་ཉིད་དེ་འདྲ་ཡིན་པ་ངོས་ཟིན་ཐོབ་དགོས་གི་རེད།
སློབ་དཔོན་འཕགས་པ་ལྷའི།
གང་གི་དངོས་གཅིག་དེ་བཞིན་ཉིད་མཐོང་བ།
དེ་ཡི་དངོས་ཀུན་དེ་བཞིན་ཉིད་དུ་མཐོང།
ཞེས་སོགས་དང།
དིང་ངེ་འཛིན་རྒྱལ་པོ་ལས།
གཅིག་གིས་ཀྱང་ནི་ཐམས་ཅད་ཤེས།
གཅིག་གིས་ཀྱང་ནི་ཐམས་ཅད་མཐོང།
ཞེས་སོགས་དང། དབུ་སེམས་སོགས་ཐེག་པ་ཆེན་པོའི་གཞུང་ལུགས་རྣམས་ནས། ཆོས་གཅིག་གི་སྟོང་ཉིད་རྟོགས་ན་ཆོས་གཞན་གྱིས་སྟོང་ཉིད་ལ་བློ་ཁ་ཕྱོགས་པའི་ཚེ་རྒོལ་བ་གཞན་ལ་མི་རྟེན་པར་རྟོགས་ནུས་པར་གསུངས་བས། དེ་ཡང་གང་ཟག་ཐ་ཤལ་བ་རང་ཅག་རྣམས་གྱིས་མིག་རྣ་ལ་སོགས་པའི་ཡུལ་དུ་གྱུར་པའི་བུམ་པ་དང་ཀ་བ་ལ་སོགས་པ་བློ་ཐེག་ཉེ་བར་ཡོད་པའི་ཆོས་འདི་རྣམས་ཆོས་གཞན་ལ་སྟོའི་ནས་བདེན་མེད་དུ་རྟོགས་སླ་བར་གསུངས་ལ། ཆོས་རེ་རེའི་སྟེང་གི་ལོག་རྟོག་ལ་མཐའ་མེད་ཅིང་ལོག་རྟོག་སེལ་བྱེད་གྱི་རིགས་ལམ་ཡང་མཐའ་མེད་པར་རྣམ་འགྲེལ་སོགས་ལས་བསྟན་པའི། མ་སྦྱངས་བ་རྣམས་ལ་མཐུན་པར་་སྣང་བའི་བསྡུས་གྲའི་རིགས་ལམ་དང། གདན་སའི་ཆོས་རས་རྩོད་པ་ལ་འཛིན་པའི་ལོག་རྟོག་དེ་ནི། ཀ་བུམ་སོགས་གཟུགས་སྒྲའི་སྟེང་གི་སྟོང་ཉིད་དེ། ཆོས་གཞན་པའི་སྟེང་གི་སྟོང་ཉིད་ལས་རྟོགས་སླ་བར་མ་ཤེས་པ་དང། ཆོས་གཅིག་གི་སྟོང་ཉིད་རྟོགས་ན་ཆོས་གཞན་པའི་སྟོང་ཉིད་ཀྱང་རྒོལ་བ་ལ་མ་སྟོས་པར་རྟོགས་ནུས་པར་མ་ཤེས་པ་དང། གཞི་བུམ་པ་ལྟ་བུའི་ཆོས་གཅིག་གི་སྟེང་གི་ལོག་རྟོག་ལ་མཐའ་མེད་པར་མ་ཤེས་པ་དང། ལོག་རྟོག་ལ་མཐའ་མེད་པར་སོང་ཙང་ལོག་རྟོག་སེལ་བྱེད་གྱི་རིགས་པ་མཐའ་མེད་ཅིང་རྣམས་འགྲེལ་དང་བསྡུས་གྲར་མཐའ་མེད་པའི་རིགས་ལམ་བསྟན་པ་ལ་དེ་ལྟར་མ་ཤེས་ཤིང། རང་ཉིད་སྨོང་བའི་ལོག་རྟོག་གི་དྲ་བའི་རྒྱ་རུ་ཚུད་པའོ།
དྲ་གྲོགས་རྣམས་ལ་ཞུ་རྒྱུར། སྤྱོད་པ་རྩིང་པོ་ཞེ་ན་གང་འདྲ་ཟེར། ཁ་རུ་ཁ་ཐུག་དང་ཁྱད་པར་གསུང་རོག།
སྤྱོད་པ་རྩིང་པོ་ཟེར་ན། རྟུལ་ཤུགས་ཀྱི་སྤྱོད་པ། དེ་ཡང་རྩིང་པོ་ཞེས་པ་རགས་པ། ཆེ་ལོང། དོན་དུ་གཞན་ངོར་དོག་ཟོན་དང་སྟབས་བསྟུན་སོགས་གང་ཡང་མེད་པའི་སྤྱོད་པ། མི་འགའ་ཞིག་མི་ཚོགས་ཀྱི་དཀྱིལ་དུ་སྐད་ཆེན་པོ་རྒྱབ་པ་དང་བཟའ་འཐུང་སོགས་ཆག་སྒྲ་དང་ཧུབ་སྒྲ་བྱས་ཏེ་བཟའ་བ། ཡང་ན་གསང་སྔགས་ཀྱི་ནང་ནས་དམ་རྫས་རྩ་བ་ལྔ་སོགས་ལ་སྤྱོད་པའི་སྤྱོད་པའོ།
སྤྱོད་པ་རྩིང་པོའི་འགྲེལ་བཤད་བནྡེ་ནས་ཡག་པོ་རྒྱབ་འདུག ཁ་རི་ཁ་ཐུག་དེ་ཡང་སྤྱོད་པ་རྩིང་པོ་མིན་ཡང་མི་ཕལ་ཆེ་བའི་ཁ་རི་ཁ་ཐུག་ལ་ཡག་པོ་རྩི་ཡི་མི་འདུག གང་ལྟར་འདུལ་བ་ནས་གསུངས་པ་བཞིན་དགེ་འདུན་རྣམས་ནས་གང་དྲག་ཉམས་ལེན་གནང་དགོས།
སྤྱོད་པ་རྩིང་པོ་ནི། ཡུལ་སྐད་ལ་ལར་ཧ་རེ་ཧོ་རེ་དང་། ཡུལ་སྐད་ལ་ལར་ཟ་ངེ་ཟིང་ངེ་། ཧོལ་སྤྱོད་དང་ཧོལ་རྒྱུགས་ཀྱང་ཟེར། ཐད་ཀར་ཞུས་ན་དེང་སང་མི་ཚོས་འགྲོ་སྟངས་མེད་པ་ཟེར་པ་དེ་རེད།
དོན་དག་འདི་གྲྭ་སའི་གྲ་བ་ཙམ་མ་རེད། བོད་པ་ཕལ་ཆེ་བ་དེ་འདྲ་རེད།
ལས་ཀ་ཞིབ་མོ་མེད་པ་དང་། སྐད་ཆ་ལ་ཞིབ་འཇུག་མེད་པ་ཕལ་མོ་ཆེ་རེད། སྔ་གཞུག་ལ་ཞིབ་འདང་མི་རྒྱག་པ་དང་། རི་བོང་ཅལ་འདྲོགས་པ་ཤུགས་ཆེ་གི་རེད། དེ་འདྲ་མིན་ན་བོད་མི་ཚོ་རང་ས་རང་ཡུལ་བཞག་ནས་འཁྱམ་ནས་ལྡོམ་ནས་འདུག་དགོས་པའི་རྒྱུ་མཚན་གཅིག་དེ་ལ་ཐུག་ཡོད།
དྲྭ་གྲོགས་ཡོངས་ལ་ཕྱི་ལུགས་ཀྱི་ལོ་གསར་པའི་ནང་འཚམས་འདྲི་ཞུ་བ་དང་དུས་མཚུངས་སུ་ཁྱེད་གུས་པའི་ཀླན་ཀ་འཚོལ་བའི་གཏམ་གྱི་ཚུལ་དུ་རྩོམ་ཡིག་བཀླགས་ནས་དགོངས་ཚུལ་གསུངས་པར་ཡི་རངས་ཞུ། རྣ་བ་བརྒྱད་པ་ལགས། ཆོས་གཅིག་གི་གནས་ལུགས་ཤེས་ནས་ཀུན་གྱི་གནས་ཤེས་ཞིང་ཀ་བུམ་དང་བ་གླང་སོགས་ཀྱི་གནས་ལུགས་བརྩད་ནས་ཆོས་ཀུན་གྱི་གནས་ལུགས་ཤེས་ཟིན་ནས་བོད་ཀྱི་སྣོད་བཅུད་ཡོངས་རྫོགས་དགྲ་ཏུ་ཤོར་གྲབས་ཡོད་པ་དེ་མ་ཤེས་ནས་བལ་པོ་དང་འབྲུག་པ་ལས་ཀྱང་བོད་པ་རྣམས་ལྐུགས་པ་ཇི་ལྟར་ཆགས་སོང་བ་ཡིན་ནམ།
ཐུགས་རྗེ་གཟིགས་འུར་སྒྲོག་མ་གནང་རོགས།
མཆན་༡༠་པས། མདོར་ན་ད་བར་རྩོད་པ་ལ་རྟེན་ནས་སངས་རྒྱས་གོ་འཕང་འམ་དགྲ་བཅོམ་པའི་གོ་འཕང་ཐོབ་མཁན་སུ་འདུག ཟེར། སྙིགས་མ་ལྔ་བདོ་བའི་དུས་ངན་འདིར་དགྲ་བཅོམ་པའི་གོ་འཕང་ཕར་ཟད། བསྟན་པའི་གནས་ཚད་བཤད་སྐབས་དགྲ་བཅོམ་པའི་ལེའུ་རྫོགས་ཚར་བ་རེད། ཡུམ་གསུམ་གནོད་འཇོམས་ཀྱི་འགྲེལ་བ་ལས་ཐུབ་བསྟན་ལོ་ལྔ་སྟོང་གནས་པའི་དབང་དུ་བྱས་ནས་བཤད་པ་ལྟར་ན་ལྔ་བརྒྱ་བ་ཕྲག་བཅུ་རེ་རེ་ལ་རིམ་པ་བཞིན་དགྲ་བཅོམ་གྱི་ལེའུ་དང་ཕྱིར་མི་འོང་གི་ལེའུ། རྒྱུན་ཞུགས་ཀྱི་ལེའུ། འདི་དག་ལ་འབྲས་བུའི་ལེའུ་ཞེས་ཀྱང་ཟེར། དེ་ནས། ཤེས་རབ་ཀྱི་ལེའུ། ཏིང་ངེ་འཛིན་གྱི་ལེའུ། ཚུལ་ཁྲིམས་ཀྱི་ལེའུ། འདི་དག་ལ་སྒྲུབ་པའི་ལེའུ་ཟེར། དེ་ནས། མངོན་པའི་སྡེ་སྣོད་ཀྱི་ལེའུ། མདོ་སྡེ་སྡེ་སྣོད་ཀྱི་ལེའུ། འདུལ་བའི་སྡེ་སྣོད་ཀྱི་ལེའུ་སྟེ་འདི་དག་ལ་སྡེ་སྣོད་གསུམ་སྟོན་པ་མང་དུ་འབྱུང་བས་ལུང་གི་ལེའུ་ཟེར། དེ་ནས་ལྔ་བརྒྱ་ཐ་མ་ལ་ལྟ་སྤྱོད་གཙང་མ་མེད་པས་རྟགས་ཙམ་འཛིན་པའི་ལེའུ་ཟེར། བརྩི་ཚུལ་འདི་དོན་ལ་གནས་པའི་ཕྱོགས་ཡིན་པ་དང་། དེ་མིན་མདོ་སྡེ་བསྐལ་བཟང་དང་འདུལ་བ་ལུང་ཕྲན་ཚེགས་སོགས་ལས་བསྟན་པ་ལོ་སྟོང་དུ་གནས་བར་བཤད། སྙིང་རྗེ་པདྨ་དཀར་པོའི་མདོ་ལས་བསྟན་པའི་གཟུགས་བརྙན་དང་བཅས་པ་བསྡོམས་པའི་ལོ་སྟོང་དང་ལྔ་བརྒྱ་གནས་བར་བཤད་ཅིང་། ཟླ་བ་སྙིང་པོའི་མདོ་ལས་བསྟན་པའི་གཟུགས་བརྙན་ལོ་ཉིས་སྟོང་གནས་བར་བཤད་པ་རྣམས་མི་མཐུན་ཡང་དོན་གཞན་ལ་དགོངས་པར་མཁས་པས་གསུངས་། འཆད་རྩོད་རྩོམ་གསུམ་གྱི་མཁས་པའི་བྱ་བ་རྣམས་གཙོ་བོ་ཐོས་བསམ་གྱི་ཕྱོགས་སུ་གཏོགས་པ་རེད། རྗེ་མི་ལས། ཐོས་པ་མེད་པའི་སྒོམ་པ་ནི།།ལག་རྡུལ་བྲག་ལ་འཛེགས་པ་འདྲ། །ཞེས་པ་ལྟར་གང་ཟག་དམིགས་བསལ་ཅན་རེ་གཉིས་མ་གཏོགས་ཡོངས་གྲགས་སུ་ཐོག་མར་ཐོས་བསམ་གལ་ཆེ་བ་ནི། ཇི་སྐད་དུ། ཚོམས་ལས། ཐོས་པ་གཏི་མིག་མུན་སེལ་སྒྲོན་མེ་ཡིན།།རྐུན་པོ་ལ་སོགས་མི་ཁྱེར་ནོར་གྱི་མཆོག། ཞེས་དང་། ཐོས་པས་ཆོས་རྣམས་ཤེས་བར་འགྱུར།།ཐོས་པས་སྡིག་ལས་ལྡོག་པར་འགྱུར།།ཞེས་དང་། མདོ་སྡེ་རྒྱན་ལས་ཀྱང་། དང་པོར་ཐོས་ལ་བརྟེན་ནས་ཚུལ་བཞིན་ཡིད་ལ་བྱེད་པ་འབྱུང་།།ཞེས་པ་ལྟར་ཐོས་བསམ་སྒོམ་གསུམ་རིམ་པ་བཞིན་དུ་འགྲོ་དགོས་པ་རེད། ཐོག་མཐའ་སྨོན་ལམ་ལས། བསམ་བྱུང་བློ་ཡིས་ངེས་ཤེས་བརྙེད་པའི་ཚེ།།ཚེ་འདིའི་འཁྲི་བ་གཅོད་པའི་བརྩོན་འགྲུས་ཀྱིས།།དབེན་པ་བརྟེན་ནས་ཚུལ་བཞིན་བསྒྲུབ་པར་ཤོག།ཞེས་པ་སོགས་ཚེ་འདིའི་ཞེན་ཆགས་སྤངས་ནས་ཐོས་བསམ་སྒོམ་གསུམ་ཡ་མ་བྲལ་བར་བྱེད་རྒྱུ་ཡིན་མིན་རང་གིས་རང་ལ་རག་ལས་སོ། །
ལེགས་བཤད་ལགས། ཁྱེད་རང་ག་དུས་ཡིན་ནའང་དཔེ་ཆ་བཤུས་ཀྱི་འདུག དེ་ཡག་པོ་ཨེ་ཡིན་ན། ནུབ་ཕྱོགས་སུ་སོ་སོ་རང་ནས་གསར་པ་བྲིས་པའི་སྲོལ་འདུག གང་ལྟར་རྩོམ་དང་འཕྲུལ་ཆ། ཆས་གོས་སོགས་གསར་གཏོད་བྱེད་ཐུབ་ན་མི་དེ་གྲགས་ཅན་དུ་འགྲོ དེ་མིན་རྗེས་ལུས་སུ་འགྲོ་བའི་ཉེན་ཁ་ཡོད།
ལེགས་བཤད་ལགས་སུ།
རིག་བྱེད་ཀྱི་གཞུང་ལ་ཤན་བཞུགས་པའི་བཤད་ཚུལ་རེད། དམ་པའི་ཆོས་འཁོར་བ་མ་སྟོངས་བར་གནས་གནས་བ་རེད།
རྒྱུ་མཚན་བྱེད་པ་པོ་དང་གཙོ་བོས་བཟོས་བ་མིན་པར། ཆོས་ཉིད་ཀྱི་གནས་ལུགས་འམ་འདུག་ལུག་དང་རྟེན་འབྲེལ་ཡིན་པའི་ཕྱིར་ན་སྟོང་མི་སྲིད་པ་རེད། རྟོག་གེའི་རིག་པ་དང་མངོན་པའི་ང་རྒྱལ་མ་གནང་པར་སྐྱབས་གནས་འདྲེ་ལ་བཅོལ་ཚུལ་ལ་ལན་གཅིག་གནང་དང་། ཚད་མ་ལ་སློབ་གཉེར་གནང་མ་མྱོང་མཁན་མི་འདུག་བ། དཔེར་ན་དགའ་ལྡན་ཁྲི་ཟུར་ལ་གཟིགས་དང་། ཚད་མས་ག་རེ་ཕན་འདུག གཞན་གྱི་ཉམས་ལེན་ལ་མུན་སྒོམ་དང་མུན་སྤྲུལ་ཅི་ཡང་མི་ཤེས་མཁན་དུ་ལྟ་ནས་ཆོས་སྲིད་ཟུང་འབྲེལ་ཡིན་རབ། བོད་ལ་རང་བཙན་ཐོབ་ཡོང་འདྲ་བོ་དེ་འདྲ་མ་གསུངས་དང་། འཕགས་པ་རྡོ་རྗེ་གཅོད་པ་ལས།
བཅོམ་ལྡན་འདས་ཀྱིས་བཀའ་སྩལ་པ། རབ་འབྱོར་གང་ཁྱོད་འདི་སྐད་དུ་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ་
དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན། སེམས་ཅན་གང་ལ་ལ་དག་འདི་ལྟ་བུའི་མདོ་སྡེའི་ཚིག་བཤད་པ་དག་ལ་
ཡང་དག་པར་འདུ་ཤེས་བསྐྱེད་པར་འགྱུར་བ་འབྱུང་བ་ལྟ་མཆིས་ལགས་སམ་ཞེས་ཁྱོད་དེ་སྐད་མ་ཟེར་ཅིག
རབ་འབྱོར་མ་འོངས་པའི་དུས་ལྔ་བརྒྱའི་ཐ་མ་ལ། དམ་པའི་ཆོས་རབ་ཏུ་རྣམ་པར་འཇིག་པར་འགྱུར་བ་ན།
བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་ཚུལ་ཁྲིམས་དང་ལྡན་པ། ཡོན་ཏན་དང་ལྡན་པ། ཤེས་རབ་དང་ལྡན་པ་དག་འབྱུང་སྟེ། རབ་འབྱོར། བྱང་ཆུབ་སེམས་དཔའ་སེམས་དཔའ་ཆེན་པོ་དེ་དག་ཀྱང་སངས་རྒྱས་གཅིག་ལ་
བསྙེན་བཀུར་བྱས་པ་མ་ཡིན། སངས་རྒྱས་གཅིག་ལ་དགེ་བའི་རྩ་བ་བསྐྱེད་པ་མ་ཡིན་གྱི། རབ་འབྱོར་སངས་རྒྱས་འབུམ་ཕྲག་དུ་མ་ལ་བསྙེན་བཀུར་བྱས་ཤིང༌། སངས་རྒྱས་འབུམ་ཕྲག་དུ་མ་ལ་དགེ་བའི་རྩ་བ་དག་བསྐྱེད་པའི་བྱང་ཆུབ་སེམས་དཔའ་
སེམས་དཔའ་ཆེན་པོ་དེ་དག་འབྱུང་ངོ།
ནུབ་ཕྱོགས་གངས་ཕྲུག་ལགས། རེད་རེད། ངས་དམ་པའི་གསུང་རབ་ལ་གདེངས་འཇོག་བྱེད་གི་ཡོད། ཨག་གསར་ལ་ཆ་འཇོག་བྱེད་གི་མེད། སྤྱོད་འཇུག་ལས། སྔོན་ཆད་མ་བྱུང་བ་ཞིག་འདིར་བརྗོད་མེད།།ཅེས་སོ།
མགོན་པོ་ལགས།་ཆོས་དང་སྲིད་ཁ་ཁ་ཕྱེ་ནས་ཤོད་རོགས་ཞུ། ངས་གོང་དུ་དྲངས་བ་དེ་རི་བོ་དགེ་ལུགས་པའི་ཁུངས་ལྡན་ཡིག་ཆ་ཁག་ལ་གཞི་བཞག་ནས་བཤད་གི་ཡོད། རིག་བྱེད་ཀྱིས་ཤན་ཞུགས་ཚུལ་ག་འདྲ་ཡིན་ནམ།
གོང་གི་མཆན་༢༥་པ་ལོག་སྨྲས་གསུངས་པ་ལ་རྒྱབ་སྐྱོར་ཡོད། ལེགས་བཤད་ཀྱིས་་་་ སྤྱོད་འཇུག་ལས། སྔོན་ཆད་མ་བྱུང་བ་ཞིག་འདིར་བརྗོད་མེད།།ཅེས་སོ། འདི་གང་གི་ཤེས་བྱེད་དུ་འདྲེན་གྱིན་འདུག་ཀུན་གྱིས་ལྟོས་དང་ཧ་ཧ་ཧ་ཧ་ཧ་ཧ་་་་།
ལེགས་བཤད་ལགས། སྔོན་ཆད་མ་བྱུང་བ་ཞིག་བརྗོད་ཀྱི་ཡིན། ། སྡེབ་སྦྱོར་མཁས་པའི་སྙན་རྩོམ་བདག་ལ་ཡོད། ཅེས་བསྒྱུར་དགོས།
ཧ་ཧ། སྔོན་ཆད་བརྗོད་མ་མྱོང་བ་ཞིག་ཡོད་ན་་་་་་དགོད་རོགས་ཞུ།
སྔོན་ཆད་བརྗོད་མ་མྱོང་བ་ཞིག་ཕྱིན་ཆད་ཀྱང་མི་འབྱུང་ངོ་།
ལེགས་བཤད་འདིས་དོན་གྱིས་སྐྱེས་བུས་མ་བྱས་པའི་སྒྲ་ཞེས་ཕྱི་རོལ་པས་ཁས་བླངས་པ་ལྟར་གྱི་བརྗོད་བྱེད་ཅིག་ད་ལྟའི་བར་དུ་ཡོད་པར་འདོད་པ་ལ་བལྟས་ན་ཁོའི་ཞེན་འདོད་ལ་གཞན་གྱིས་ཁ་ལོ་བསྒྱུར་བ་མིན་འགྲོ།
ལེགས་བཤད་ལགས།
བཀྲ་ཤིས་བདེ་ལེགས།
འོ་ལེགས་སོ།
ཁྱེད་རྣམས་རྩོད་པ་ལ་སྤྲོ་བ་ཡོད་ན། སྒྲོགས་དང་། སྒྲོག་ཅེས་དག་ཡིག་ཟ་མ་ཏོག་སོགས་སུ་བྲིས་པ་ལ་དགོས་པ་མེད་པར་ཐལ། དིང་སང་དེ་དག་ལ་ཉམས་ལེན་མེད་པར་ཟད། དེ་དག་བཤད་པ་ཡིན་ན། ཁྱེད་རྣམས་ཀྱི་ནང་ན་ཡང་། དབུ་ལ་གཟན་གཡོགས་ནས། བོང་བུ་སོག་ཏི་མ་ཡིན་ནམ་ཞེས་དོགས་པ་མང་དུ་ཡོད་པའི་ཕྱིར། ཞེས་དང་དིང་སང་ཚན་རིག་གི་རིགས་པས། འཇང་དགུན་ཆོས་ཀྱི་བོང་བུ་སོག་ཏི་རྒྱང་རིང་དུ་བུད་པར་ཐལ། འཇང་དགུན་ཆོས་ཀྱི་རྩོད་པ་པ་ཞིག་བོང་བུ་སོག་ཏིས་ཁྲིད་སོང་ཞེས་རྒྱ་རྔ་རྡུང་དགོས་པ་ཐོས་མེད་པ་དང་། བོང་བུ་སོག་ཏིས་ཁྲིད་དེ། བོད་ཀྱི་མཚན་ཉིད་པ་སུ་ཡང་རྒྱ་གར་རི་བོ་མ་ལ་ཡའི་ནགས་ན་འཁྱམས་པ་ཞིག་གི་མཐོང་ཐོས་མེད་པའི་ཕྱིར། བོང་བུ་སོག་ཏིའི་སྒྲུང་ཆོས་ཅན། བདེན་པ་ཡིན་པར་ཐལ། དེ་ལ་བཤད་པ་སྙན་པོ་མང་དུ་ཡོད་པའི་ཕྱིར་རོ།།
ཨ་ལས་བོང་གུ་སུག་ཏིའི་སྒྲུང་དེ་ཚོ་སྙན་པོ་ཡོད་རེད།
ཀརྡོ་གཉེར་ཕྱག་པ་ལེགས།
ཁྱེད་ཀྱིས་བོང་བུ་སུག་ཏི་ཞེས་པ་དག་ཆ་ལེགས། སུག་པ་ཞེས་པ་ནི་ལག་པ། ཞེས་ལི་ཤི་གུར་ཁང་ན་བྲིས། ལ་དྭགས་ལ་དུད་འགྲོའི་རྐང་ལག་ལ་སུག་གུ་ཟེར། སྤྱི་ལོ་གསར་དུ་བཞད་པར་བཀྲ་ཤིས་བདེ་ལེགས་ཞུ།
རྒན་ལ་དྭགས་པ་ལེགས།
སྤྱི་ལོ་ ༢༠༡༣ ལོ་གསར་ཤར་བ་ལ་བཀྲ་ཤིས་བདེ་ལེགས་དང་། ལོ་གསར་མ་ལ་འཇུ་ལེགས། །
བོད་ཀྱི་འཇང་དགུན་ཆོས་ཀྱི་བོང་བུ་སུག་ཏི་ཆོས་ཅན། ཁྱོད་མངོན་ཤེས་ལྔ་ལས་གང་པོའམ། གཞན་སེམས་ཤེས་པའི་མངོན་ཤེས་དང་། རྫུ་འཕྲུལ་གྱི་བྱ་བ་ཤེས་པའི་མངོན་ཤེས་དང་ལྡན་པར་ཐལ། སྔོན་གྲྭ་པ་ཞིག་གི་ཤག་ཏུ་འཛུལ་ནས། སྒོ་རྒྱབ་ཡོད་པ་མ་ཕྱེ་བར་གྲྭ་པ་དེ་རྒྱང་རིང་མི་མེད་རིའི་བྲག་གི་ལོགས་ཤིག་ཏུ་བསྐྱལ་པའི་ཕྱིར།།
སྒྲུང་འདི་ཚད་ལྡན་གྱི་དགེ་བཤེས་ཞིག་གི་ཞལ་ནས་ཐོས། འདི་ཉིད་བདེན་པ་ཡིན་ན། ཚན་རིག་པ་རྣམས་འདི་ལ་སློབ་སྦྱོང་བྱེད་དགོས་པར་སེམས་སོ།།