སྒང་བུ་འཁྱམས་པོ།
མཐུན་པ་སྤུན་བཞི་ནི། བྱ་སྲེག་པ་དང་། རི་བོང་། སྤྲེལ། གླང་པོ་ཆེ་བཅས་བཞི་ཡིན། འདི་བཞིའི་མཚོན་དོན་ནི། ཆེ་བཀུར་ཆུང་བྱམས་དང་ཡ་རབས་གུས་བཀུར་གྱི་རྣམ་པའི་ལམ་ནས་ཞི་བདེའི་འཚོ་བ་མཚོན་པ་ཡིན། དེ་ཡང་སྔོན་ཡུལ་ཝཱ་རཱ་ཎ་སིའི་རྒྱལ་པོ་ཚངས་སྦྱིན་གྱི་དུས་སུ། བཅོམ་ལྡན་འདས་ཀྱིས་བྱ་སྲེག་པ་ཞིག་གི་སྐྱེ་བ་བཞེས་ཏེ་ནགས་ཚལ་ཆེན་པོ་ཀ་ཤི་ཞེས་པའི་མཐར་གནས་སོ།། དེར་སྤྲེའུ་ཞིག་དང་། རི་བོང་། གླང་པོ་ཆེ་ཞིག་བཅས་གནས་པ་ཐམས་ཅད་འཚེ་བ་མེད་པར་གཅིག་ལ་གཅིག་གིས་བྱམས་ཤིང་མཛའ་བརྩེ་ཟབ་པ། གནོད་སེམས་ཀྱི་དྲི་མ་ནི་ཏིལ་འབྲུ་ཙམ་མེད་པར་བདེ་སྐྱིད་ཀྱི་དཔལ་ལ་སྤྱོད་པའི་ངང་དུ། དུས་འདའ་བའི་སྐབས་ཤིག་ཕན་ཚུན་གླེང་མོལ་བགྱིས་ཏེ། ང་ཚོ་རྣམས་རིགས་ཐ་དད་སོ་སོ་ཡིན་པ་ལ་ཕན་ཚུན་མཛའ་བརྩེའི་ལྷག་བསམ་འོ་ཆུ་གཅིག་ཏུ་འདྲེས་པ་ལྟ་བུར་ཡོད་མོད། འདི་ཙམ་གྱིས་ལེགས་པའི་ཆ་ཡོངས་སུ་རྫོགས་པ་མ་ཡིན་པས། གཅིག་གིས་གཅིག་ལ་བཀུར་གཟོ་བྱེད་པའི་སྲོལ་དགོས་པ་གལ་ཆེའོོ།། ཞེས་ཁོང་རྣམས་ནམ་སྐྱེས་ཀྱི་ཚད་ལ་ལྟ་བའི་ཐབས་སུ་ཤིང་ནྱ་གྲོ་ཏའི་ལྗོན་པ་ཆེན་པོ་ཞིག་ཡོད་པ་དེ།ཚད་འཛིན་བྱེད་རྒྱུར་གྲོས་མཐུན་བྱུང་། དེ་ནས་གླང་ཆེན་གྱིས་ཤིང་འདིའི་འདབ་མ་གསར་པ་ངས་མཐོང་སྐབས་ངའི་ལུས་དང་མཉམ་པར་འདུག་ཅེེས་བཤད་པ་དང་། སྤྲེའུས་ངས་ཤིང་འདི་ཐོག་མར་མཐོང་སྐབས་ངའི་ལུས་དང་མཉམ་པ་ཙམ་འདུག་ཅེས་ཟེར། རི་བོང་གིས་ངས་དྲན་ཚོད་ལ་ངས་མཐོང་སྐབས་ཤིང་འདི་ཧ་ཅང་ཆུང་ཞིང་འདིའི་ལོ་འདབ་ཀྱི་ཟིལ་པ་ངས་བལྡགས་མྱོང་ཟེར། བྱ་སྲེག་གིས་ཤིང་འདིའི་རྩ་བ་ས་འོག་ན་ཡོད་དུས་ངས་རྟུག་པ་བོར་བ་ལས་སྐྱེས་སོ་ཞེས་ཟེར་བ་ལས་ཁོང་རྣམས་ཀྱི་ལོ་ན་རྒན་གཞོན་རྟོགས་པས་གཞོན་པས་རྒན་པ་ལ་སྲི་ཞུ་བྱེད་ཅིང་། རྒན་པས་གཞོན་པ་ལ་བྱམས་སྐྱོང་བྱེད་པར་ཐག་བཅད་དེ་གླང་པོ་ཆེས་སྤྲེའུ་འཁུར། སྤྲེའུས་རི་བོང་ཁུར། རི་བོང་གིས་བྱ་སྲེག་པ་ཁུར་ནས་ཕུན་ཚུན་མཛའ་བརྩེ་གསེར་ཐག་དམ་པོས་སྦྲེལ་བ་ན། བྱ་སྲེག་གིས་ད་ནི་ང་ཚོ་ཕན་ཚུན་བརྩི་བཀུར་གྱི་སྤྱོད་པ་བཟང་པོ་དང་ལྡན་པས་བཟང་མོད། དེ་ཙམ་གྱིས་ཆོག་པ་མ་ཡིན་པར་ད་དུང་ཞི་དུལ་བག་ཡོད་རྣམ་དག་དགོས་སོ་ཞེས་གདམས་པས། གཞན་གསུམ་གྱིས་ཀྱང་ཤིན་ཏུ་འཐད་དོ་ཞེས་བཤད་ནས་དེ་བཞིན་དུ་གནས་པར་གྱུར། དེ་ལ་བརྟེན་ནས་ལྗོངས་དེའི་བྱ་དང་རི་དྭགས་ཐམས་ཅད་ཀྱང་ཕན་ཚུན་གཅིག་གིས་གཅིག་ལ་འཚེ་བའི་རིགས་གཏན་ནས་མི་བྱེད་པར་དུང་སེམས་འོ་མ་ཆུ་གཅིག་འདྲེས་ཀྱི་ངང་དགའ་བདེའི་དཔལ་ལ་རོལ་ཏེ་གནས་པར་གྱུར་ཅིང་། དེའི་བསོད་ནམས་ཀྱི་མཐུས་ཡུལ་ཁམས་ཀུན་ཏུ་བདེ་ཞིང་ཚེ་དང་བསོད་ནམས་དཔལ་འབྱོར་ཐམས་ཅད་ཡར་ངོའི་ཟླ་བཞིན་གོང་དུ་འཕེལ་བར་གྱུར་ཏོ།། འདི་ནི་རང་དང་མཉམ་པ་ལ་ཕན་ཐོག་རྒྱུ་རེད་བསམ་ནས་བཀོད་པ་ཡིན།
ཡག་པོ་བྲིས་འདུག
ཞེས་དྲགས་ཡག་པོ་འདུག་དུས་དེང་སང་ཡ་རབས་བཟང་པྱོད་དཀོན་པོ་རེད་ཨ་བསོད་རྣམ མེད་་པོའི་རྟག་དཀོན་མཆོག་མཁྱེན་
སྔར་ལ་དྭགས་སུ་ཁྱིམ་པ་འབྱོར་ལྡན་རྣམས་ཀྱི་མཆོད་ཁང་དུ། མཐུན་པ་སྤུན་བཞིའི་རི་མོ་འདི་འདྲ་བྲིས་པ་མཐོང་། ཤེས་འདོད་ཀྱིས་དྲིས་པ་ན་གྲྭ་པ་རྒན་པ་དག་ལས་ལན་ཐོས། བསླབ་པ་ལ་ཡང་ཕན། རྒྱ་གར་དང་། ཨ་རིའི་མེ་འཁོར་ནང་འགྲོ་སྐབས་གཞོན་པ་མང་པོས་བདག་རྒན་པར་མཐོང་ནས་ཡར་ལངས། སྡོད་གནས་བྱིན་པ་ཡང་མང་པོ་བྱུང་། ཡ་རབས་ཀྱི་སྤྱོད་པ་མི་ཡ་རབས་དག་ལ་གང་དུ་ཡིན་ན་ཡང་མཆིས་སོ། །
བྱ་སྲེག་བྱ་སངས་རྒྱལ་བཅོམ་ལྡན་ཡིན་ན་རི་བོང་དང་སྤྲེལ་འུ་གླང་པོ་ཆེ་གསུམ་ཡང་བྱང་ཆུབ་སེམས་པ་ཡིན་པ་ཐག་ཅོད་
དེ་བཞིན་གཞན་ཡང་། ༢༠༠༦ ལ་བདག་ཟི་ལིང་ནས། ཀྲིན་ཏུར་མེ་འཁོར་ལས་འགྲོ་སྐབས་ཟི་ལིང་མེ་འཁོར་འབབ་ཚུགས་ན་ཉལ་ཁྲི་ཉོ་བ་ན། ཉལ་ཁྲི་སྟེང་མ་མ་གཏོགས་འོག་མ་བཙོང་ཚར་བར་བཤད། ངས་སྟེང་མ་ཡིན་ན་ཡང་འགྲིག་ཟེར། མེ་འཁོར་ཁང་མིག་རེར་ཉལ་ཁྲི་བཞི་རེ་ཡོད་འདུག ང་སྟེང་དུ་འགྲོ་བར་དཀའ་ངལ་མེད་ཀྱང་། རྒྱ་ནག་བུ་མོ་ཞིག་གིས་ང་རྒན་ཡིན་པར་མཐོང་ནས། མོ་རང་གི་ཉལ་ཁྲི་འོག་མ་དེ་ང་ལ་བྱིན། ཉལ་ཁྲི་སྟེང་མར་འཛེགས་ཏེ། རྒན་པ་ལ་གཞོན་པའི་གུས་པ་བསྟན།
དེ་ནས་ཉིན་རྗེས་མ་མེ་འཁོར་ནས་ཕྱི་ལོགས་སུ་འགྲོ་སྐབས། ངས་ཁུར་ལྕི་བ་དེ་ཁེར་ནས་དལ་བུར་འགྲོ་ཐུབ་པ་ཡོད་ཀྱང་། མེ་འཁོར་ཁང་མིག་ཏུ་འཛོམས་པ། རྒྱ་མི་ཁྱིམ་ཚང་གཅིག་གི་ཕ་་དེས་བདག་གིས་ཁུར་དེ་ཁྱེར་ནས། ཕྱི་ལོགས་ན་མདོ་སྨད་པ་སློབ་དཔོན་ཆེན་པོ་འབུམ་སྐྱབས་ཀྱིས་བཏང་བའི་བུ་བཀྲ་ཤིས་དང་། ཤ་བོ་ཀླུ་རྒྱལ་གཉིས་ང་ལ་སྣེ་ལེན་བྱེད་པར་ཕེབས་ཡོད་པ། ཁོང་རྣམས་དང་ཐུག་ཕྲད་བར་དུ་བདག་གིས་ཁུར་དེ་འཁུར་བའི་གྲོགས་བྱས། འདི་དག་ཀྱང་རྒན་པ་ལ་གཞོན་པའི་གུས་བཀུར་བསྟན་པའི་རྟགས་བརྗེད་མི་ཐུབ་པ་ལགས་སོ། །
ངའི་སྦྱོང་སའི་འཛིན་གྲྭ་བཞི་པའི་སློབ་དེབ་ནང་ལ་འདི་དང་ཆ་འདྲ་བ་ཡོད་པ་ཞིག་དྲན་ཡུལ་དུ་མཆིས། འདིར་བཀོད་པ་ཕན་ཐོགས་ཆེ། འདི་བཀླགས་ནས་བཟུང་། བན་བོན་མི་རྩོད་པའི་དམ་བཅའ་ཡང་གྱིས། །
གླང་ཆེན་གྱིས་གཞན་འཁུར་དགོས་ན་སྐྱོན་ཆེན་པོ་མི་འདུག་ར། རྒན་གཞོན་གྱི་བརྩི་བཀུར་ནི་རྒན་གཞོན་རང་ཡིན་ན། སྐབས་རེར། སྲེག་པ་དེས་གླང་ཆེན་འཁུར་དགོས་ན། ཨོ། ད་ཅིག་དཀའ་བུད་མ་ཐལ་ནེ།
བཟང་སྤྱོད་ནི་ངོ་མ་འཇིག་རྟེན་འདིར་དགོས་ངེས་རེད། དེང་སང་བྱང་ཆུབ་སེམས་དཔའ་ཡིན་ཟེར་མཁན་འདུག་སྤྲུལ་སྐུ་ཡིན་ཟེར་མཁན་འདུག་བླ་མ་ཡིན་ཟེར་མཁན་འདུག་ཡིན་ནའང་དོན་ངོ་མ་ལག་ཏུ་ལེན་དུས་འཇིག་རྟེན་ཕལ་པ་ལས་ཀྱང་སྐྱོ་བོ་འདུག་རྒན་ལ་དགས་ཀྱི་ཉམས་མྱོངས་དེ་ཚོར་གཟིགས་དང། དེ་འདྲ་ང་ལའང་མང་པོ་བྱུང་མྱོང། ང་ལའང་དེ་འདྲ་བྱུང་མྱོངས། ངོ་མའི་ནང་པའི་རྗེས་འཇུག་ཟེར་དུས་གཞན་དང་མི་འདྲ་བའི་སེམས་རྒྱུད་བཟང་པོ་ཞིག་དགོས་རེད་མོད། དེ་འདྲ་དཀོན་པོ་འདུག། རྒྱ་མིས་བཤད་རེད། བོད་ཀྱི་ཆོས་ཡག་པོ་རེད། ཆོས་སྤྱོད་མཁན་ཟོག་པོ་རེད་ཅེས་བཤད་སོང་དེ་ག་རང་རེད། གཟིགས་དང་ཁ་བརྡའི་དྲ་རྒྱར་རྩོམ་མཆན་ཕཆེར་བླ་སྤྲུལ་དགེ་བཤེས་ཆོས་སྤྱོད་པ་དང་གཞན་ལ་ཁ་མར་འཁོར་ནས་སེམས་བཟང་པོ་དག་སྣང་སྦྱོང་དགོས་ཀྱིས་བསླབ་བྱ་བྱེད་མཁན་རེད། ལག་ཏུ་ལེན་དུས་ཟོག་པོ་མེ་འོབས་ཀྱི་རང་བཞིན་དུ་གནས་ཡོད།
བན་དེ་བ་ལགས། ཁྱེད་བོན་པོའི་རྗེས་འཇུག་ཟེར་ན་མི་བཟང་པོ་ཞིག་དགོས་ཀྱི་མ་རེད་པས། ཁ་བརྡའི་ནང་དུ་ཡོང་མཁན་བོན་པོ་ཡང་ཟོག་པོ་མེ་འོབས་ཀྱི་རང་བཞིན་དུ་འདུག་པས་སོ། ། ཧཧཧ
སྟོན་པ་མཉན་ཡོད་ན་བཞུགས་དུས་དགེ་སློང་མང་པོས་སུ་ཞིག་ལ་བསྙེན་བཀུར་བྱ་བ་དང་གུས་བར་བྱ་བ་མ་ཤེས་ནས་སྟོན་པས་སྐྱེས་རབས་ནང་གི་མཐུན་པ་སྤུན་བཞི་གསུངས་ནས་བསླབ་པ་རྒན་རིམ་ལ་བརྩི་འཇོག་བྱ་བའི་སྲོལ་དེ་བྱུང་བ་རེད། ཕྱག་བྱ་བའི་གནས་ནི་དེ་བཞིན་གཤེགས་པ་དང་བསླབ་པ་རྒན་པ་ལའོ།།ཞེས་པ་ལྟར་སྤྱིར་ན་ལོ་རྒན་རིམ་གྱིས་བརྩི་ན་གླང་ཆེན་རྒན་པ་དང་བྱ་སྲེག་པ་གཞོན་པ་ཡིན་ན་ཡང་དེ་ལྟར་མ་ཡིན་པར། བསླབ་པ་རྒན་རིམ་གྱིས་བྱ་དགོས་པ་རེད། དེ་དག་གིས་རྒན་རིམ་ཇི་ལྟར་བཅའ་བ་ན། གོང་མ་སྲེག་གིས་ཤིང་ནྱ་གྲོ་དྷ་ཞིག་བསྟན་ནས། སུས་ནྱ་གྲོ་དྷ་འདིའི་ཚད་ཇི་ཙམ་མཐོང་། གླང་པོ་ཆེ་ན་རེ། ཁོ་བོ་ཁྱུ་དང་ལྷན་ཅིག་ལམ་འདི་ནས་འགྲོ་བ་ན་འདིའི་སྲིད་ཁོ་བོའི་ལུས་དང་མཉམ་པ་མཐོང་ངོ་། སྤྲེའུ་ན་རེ། འདིའི་སྲིད་ཁོ་བོའི་ལུས་དང་མཉམ་པ་མཐོང་ངོ་། དེ་དག་ན་རེ། དེ་བས་ཁྱོད་རྒན་ནོ། །རི་བོང་ན་རེ། ཁོ་བོས་ཤིང་འདིའི་ལོ་མ་གཉིས་སྐྱེས་པ་ན་ལོ་མའི་ཟིལ་བའི་ཐིགས་པ་ལྕེས་བལྡགས་སོ། །འདི་དག་པས་ཀྱང་ཁྱོད་རྒན་ནོ། །གོང་མ་སྲེག་ན་རེ། ཁོ་བོས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་རྟུག་པ་བོར་བ་ལས་སྐྱེས་པ་ནི་འདི་ཡིན་ནོ། །དེ་རྣམས་ན་རེ། འོ་ན་བདག་ཅག་རྣམས་ཀྱི་ནང་ན་ཁྱོད་རྒན་ནོ། །ཞེས་པའི་རིགས་པ་ལྟར་ལོ་ཆེ་ཆུང་དང་གཟུགས་པོ་ཆེ་ཆུང་གིས་མ་ཡིན་པར་བསླབ་པ་རྒན་རིམ་ལྟར་འགྲོ་དགོས་པ་རེད། དེ་ནས་དེ་དག་གིས་མི་དགེ་བཅུ་སྤངས། བསླབ་པའི་གཞི་ལྔ་བླངས་ནས་དུད་འགྲོའི་རིགས་ལ་རྒྱ་ཆེར་སྤེལ་བས་ཡུལ་ཁམས་ལ་བཀྲ་ཤིས་བའི་ལོ་རྒྱུས་བྱུང་བ་ལྟ་བུ་རེད།
སྔར་ཡང་གུས་པས་ལོ་རྒྱུས་འདི་ཚར་གཅིག་ལ་མཇལ་མྱོང་བས་ཉེ་ཆར་སྤྱིར་བཏང་ཤེས་བྱའི་ཡིག་ཚད་ནང་དྲི་བ་སླེབས་པར་ཕན་པ་ཆེན་པོ་བྱུང་། དེ་རིང་སླར་ཡང་འདི་ནས་མཇལ་བས་དགའ་སྤྲོ་བརྟས།
གོང་གི་ལོ་རྒྱུས་དེའི་རྗེས་སུ་མཇུག་མཐུད་དགོས་པ་ཞིག་ནི། དེ་ནས་ཁོ་ཚོས་རང་རང་གི་རིགས་མཐུན་པའི་ཚོགས་ལའང་དེ་ལྟ་བུའི་བཟང་སྤྱོད་དག་སྤེལ་བས་སྲོག་ཆགས་ཡོད་ཚད་བདེ་ལ་བཀོད་པར་བཤད་དོ།།
་་་་་ གོང་མ་སྲེག་ན་རེ། ཁོ་བོས་ས་བོན་རྣམས་ཟོས་ནས་ཕྱོགས་འདིར་རྟུག་པ་བོར་བ་ལས་སྐྱེས་པ་ནི་འདི་ཡིན་ནོ། །་་་་་ཞེས་པ་འདི་དྲན་ཡུལ་དུ་གསལ།
རྒན་གཞོན་གོ་རིམ། རྒན་པ་ལ་གུས་ཞབས། གཞོན་པ་ལ་གཅེས་སྐྱོང་། རྟ་སྤུ་ལངས་ལྟར་མིན་པར་བྱ་སྤུ་ནོན་ལྟར་དགོས་པ། མཆོད་རྟེན་མགོ་རྟིང་སློག་ཀྱང་བང་རིམ་སྐེད་པ། སོགས་ཀྱིས་བསླབ་བྱ་གསུང་སྲོལ་འདུག་ལགས།
རི་རྫོང་སྐུ་གོང་མས་མཛད་པའི་མཐུན་པ་སྤུན་བཞིའི་བསྔགས་བརྗོད།
http://www.mthun-pa-spun-bzhi.tumblr.com
དབུ་མེད་པར་རིས་ནང་ལ།
་་་་་་
ཀ་ཤིའི་གྲོང་ཁྱེར་དེའི་༼ཡི་༽ནགས་ཀྱི་ཚལ། །
ཁ་དོག་སྔོན་ལྗང་བཀྲ་བའི་ལྗོན་ཤིང་རྩེར། །
ག་བུར་དྲི་འཐུལ་མེ་ཏོག་འབྲས་བུ་དུད། །
ང་དང་ཁྱོད་ཅེས་བདག་འཛིན་མེད་པ་དེར། །
ཅ་་་་་་་་་་་་་་་་་་་་་་་་་་་་་་་་
ཆ་་་་་་་་་་་་་་་་་་་
ཇ་་་་་་་་་་་་
ཉ་་་་་
མཐུན་པ་སྤུན་བཞིར་བསྔགས་བརྗོད།
་ ་ ་
ཨོཾ་སྭསྟི། བདག་ཉིད་ཆེ་རྣམས་སྙིང་རྗེ་རྗེས་འགྲོ་ཞིང་།
དམན་པའི་རྟེན་ལ་གནས་ཀྱང་བློ་རབ་དྭངས།
ལུས་ཉམས་ཆུང་ཡང་སྙིང་སྟོབས་མངོན་མཐོ་བས།
སྲིད་ན་ཆེ་བའི་ལྷས་ཀྱང་སྙན་པ་སྒྲོགས།།
་ ་ ་
ཀཱ་ཤའི་གྲོང་ཁྱེར་དང་ཉེའི་ནགས་ཀྱི་ཚལ།
ཁ་དོག་སྔོ་ལྗང་བཀྲ་བའི་ལྗོན་ཤིང་རྩེར།
ག་བུར་དྲི་འཐུལ་མེ་ཏོག་འབྲས་བུས་དུད།
ང་དང་ཁྱོད་ཅེས་བདག་འཛིན་མེད་པ་དེར།། ༡ །།
་ ་ ་
ཅ་དེར་གཞན་དོན་སེམས་པའི་གོང་མ་སྲེག
ཆ་ལུགས་ཞི་དུལ་ལྡན་པའི་རི་བོང་དང་།
ཇ་བཟང་ཁུ་བའི་མདོག་ལྡན་གཉེར་མའི་བཞིན།
ཉ་རྒྱས་ཟླ་ལྟར་དཀར་བའི་གླང་ཆེན་བཅས།། ༢ །།
་ ་ ་
ཏ་ལའི་ལྗོན་བཟང་འཁྲུངས་པའི་གཏན་ཚིགས་ལས།
ཐ་དད་རྒན་གཞོན་དབྱེ་བ་ངེས་བྱས་ཏེ།
ད་ནས་རྒན་རབས་བཀུར་ཞེས་དམ་བཅས་ནས།
ན་གཞོན་རིམ་པས་ཕུ་དུད་ལྷག་པར་བྱས།། ༣ །།
་ ་
པ་སངས་ལྟར་དཀར་བསམ་དང་སྦྱོར་བ་དེར།
ཕ་རོལ་རིགས་མཐུན་རྣམས་ཀྱང་འབད་པས་སྦྱར།
བ་དན་རྒྱལ་མཚན་བསྒྲེངས་འདྲའི་སྙན་གྲགས་དེ།
མ་ལུས་ས་སྟེང་དྲང་སྲོང་གཏམ་གྱིས་བསྒྲགས།། ༤ །།
་ ་ ་
ཙ་ཀོ་ར་ཡི་གདམས་པས་གཏན་ཁྲིམས་ལྔར།
ཚང་ཚིང་ཁྲོད་ཀྱི་བྱ་དང་རི་དྭགས་བཀོད།
ཛ་ལང་རྒྱས་པའི་ཡུལ་དེའི་རྒྱལ་འབངས་ཀྱང་།
ཝ་ལེར་བཟང་སྤྱོད་དེ་ཡི་རྗེས་སུ་ཞུགས།། ༥ །།
ཞྭ་ལྟར་མཐོ་བ་ལྷ་ཡི་ཕོ་བྲང་ན།
ཟ་མ་བདུད་རྩིར་སྤྱོད་པའི་བརྒྱ་བྱིན་དེས།
འ་འུར་རང་འཁོར་ཆེས་ཆེར་རྒྱས་མཐོང་སྟེ།
ཡ་མཚན་གཏམ་གྱིས་ལྷ་ཡུལ་འགེངས་པར་བྱས།། ༦ །།
་ ་ ་
རྭ་སྒྲོ་ལྡན་པ་བྱོལ་སོང་འདུས་གྱུར་ཀྱང་།
ལས་དཀར་སྤྱོད་པས་ལྷ་ཡུལ་བགྲོད་བྱེད་ན།
ཤ་ཚུགས་མི་ཡི་ལུས་ཀྱིས་གཏན་བདེའི་ཐབས།
ས་ལམ་རིམ་པར་ཅིའི་ཕྱིར་འབད་མི་རིགས།། ༧ །།
་ ་ ་
ཧ་ལས་བྱང་ཆུབ་སེམས་དཔའི་མགོན་ཡོད་ན།
ཧ་ཅང་རྨོངས་པའི་དུད་འགྲོ་སྐལ་བ་བཟང་།
ཨ་འཐས་ཚེ་འདིའི་སྲེད་པ་ཡོངས་བཏང་ནས།
ཨ་རེ་དགའ་བའི་རྣམ་ཐར་བཟང་དེར་སླེབས།། ༨ །།
ཞེས་སྟོན་པ་ཐུགས་རྗེ་ཅན་གྱི་འཁྲུངས་རབས་ལས་མཐུན་པ་སྤུན་བཞིའི་བཀོད་པ་བསྔགས་བརྗོད་དང་བཅས་པ་འདི་ནི། བློ་བཟང་ཁྲུལ་ཁྲིམས་ཆོས་འཕེལ་གྱིས། བར་ཁམས་དཔའ་ཤོད་རྣམ་རྒྱལ་ཕོ་བྲང་དུ་བྲིས་པ་ཕྱོགས་དུས་ཐམས་ཅད་དུ་བཀྲ་ཤིས་པར་གྱུར་ཅིག །
ཅེས་པ་འདི་རྗེ་བཙུན་བླ་མ་རི་རྫོང་སྲས་རིན་པོ་ཆེ་སྐུ་ཐོག་གསུམ་པ་རང་ཉིད་ཀྱི་ཕྱག་བྲིས་དངོས་ཡིན། ༡༩༧༣ བདག་རི་རྫོང་དགོན་དུ་མཇལ་སྐབས་སུ། ད་ལྟ་དགའ་ལྡན་ཁྲི་པ། རི་རྫོང་སྲས་རིན་པོ་ཆེ་སྐུ་ཐོག་བཞི་པས། བདག་གིས་འདྲ་བཤུས་བྱེད་སྐབས་སུ། མ་དཔེ་ཆ་མཚུངས་པ་གཉིས་ཡོད་པ་ནས། གཅིག་བདག་ལ་སྩལ་པའི་དཔེ་དངོས་དེ། བདག་གི་ལུང་པའི་དཀྱིལ་ན་མཆོད་རྟེན་ཞིག་ཡོད་པ་༢༠༡༠ལ་ཆུ་ལོག་གིས་བཤིགས། སླར་བ་མགོ་པ་ཡུལ་པས་མཆོད་རྟེན་གསར་བཞེངས་བྱས་པའི་ནང་དུ། ༢༠༡༡ ལོར་གཟུངས་འཇུག་ཏུ་བཞུགས་ཡོད། རི་རྫོང་སྲས་སྐུ་གོང་མས་གསུང་རྩོམ་མཛད་པ་རྣམས་ཀྱི་སྤར་ཤིང་རི་རྫོང་དགོན་དུ་བཞུགས། བླ་མ་རིན་པོ་ཆེ་འདིས་དབུ་ཅན་དང་། དབུ་མེད་གཉིས་ཀའི་ཚུགས་དབྱིབས་ལེགས་པ་བཞུགས། ཕྱག་བྲིས་མཛད་པ་རྣམས་ལ་ཆད་ལྷག་མེད་པ་ངོ་མཚར་དུ་མཁས་པ་རྣམས་ཀྱིས་གཟིགས་པ་ཐོས། རྒྱུད་བླ་མའི་འགྲེལ་པ་ཞིག་ཡོད་པ་རྒྱལ་བ་ཀརྨ་པ་སྐུ་གོང་མ་་རིན་པོ་ཆེ་རི་རྫོང་དུ་བྱོན་སྐབས་གཡར་ནས་བསྣམས་འདུག་པ་ད་ལྟ་འབྲས་ལྗོངས་རུམ་ཏེགས་ན་ཡོད་དམ་སྙམ། ཕྱག་དཔེ་དེ་མ་འོངས་པ་ན་རི་རྫོངས་དགོན་དུ་སླར་ཕེབས་པའི་རེ་སྨོན་ཞུ། བླ་མ་མཆོག་འདི་ཡི་ཕྱག་བྲིས་དངོས་ཡིན་པའི་དག་ཡིག་ཟ་མ་ཏོག་བདག་ཅག་གི་ལག་ཏུ་གསོན་པ་༡༩༧༣ལོར་སྤར་ཏུ་བཏབ་པ་ས་སྟེང་གི་དཔེ་མཛོད་ཆེ་བ་དག་ན་བཞུགས་སོ། །
བྱ་དེ་སྲེག་པ་ཐུབ་དབང་ཡིན་གྱུར་ན། །
རི་བོང་རྗེ་བཙུན་བྱམས་མགོན་ཡིན་ངེས་ལགས། །
སྤྲེའུ་བློ་ལྡན་འཇམ་དབྱངས་ལུས་རྩལ་ཅན། །
གླང་ཆེན་སྤྱན་རས་གཟིགས་དབང་ཁྱོད་ཉིད་དོ། །
འདི་ནི་ཀརྡོས་རང་བཟོ་བྱས་པའོ། །