ཉེ་སྔོན་ཁོ་བོ་ཕ་ཡུལ་དུ་བསྐྱོད་སྐབས་སྔོན་གྱི་རང་གི་འདྲ་པར་རྙིང་བ་ཞིག་ཨ་ཞང་དམ་པས་བདག་ཉར་གནང་སྟེ་རྗེས་སུ་ཨ་མར་སྤྲད་འདུག ཨ་མས་ནི་སྐུ་ལོ་ཆུང་ཆུང་ཞིག་གི་སྐུ་པར་བཞིན་མཆོད་མདུན་གྱི་སྐུ་འདྲ་དང་སྐུ་པར་ཚོའི་གཤམ་ན་བཞག་འདུག་པ་མཐོང་བས་བདག་ཏོག་ཙམ་མ་བདེ་བ་བྱུང་། ཞིབ་ཏུ་བསམ་ན་དེ་ཡང་མི་འོས་ཤིང་མི་འཚམ་པ་ཞིག་མ་ཡིན་པར་ཚོར། རྒྱུ་མཚན། ངའི་ཨ་མའི་ངོར་ང་ནི་རང་ཉིད་ཀྱི་ཚེ་ཕྱིའི་སྐྱབས་མགོན་ཞིག་གི་འདུ་ཤེས་གསོན་པོ་མཆིས་པའི་ཕྱིར། ཡོད་པ་བཞིན་དུ་བདག་ཀྱང་བླ་རྫུན་དང་སྤྲུལ་རྫུན་དག་ལས་ཏོག་ཙམ་མཐོ་སར་བཀུར་འོས་པར་རིགས། དེ་ནི་རྩ་བཞི་ལྡན་པའི་དགེ་སློང་ཞིག་ཡིན་པས་ལབ་ཡིན།
རང་ལ་མཚོན་ན་ཡང་འདྲ་པར་དེ་ལ་བལྟས་ཀྱིན་བལྟས་ཀྱིན་མི་ཚེའི་བརྒྱུད་རིམ་ཞིག་ཡིད་ལ་ཤར། ཤར་བ་བཞིན་འདང་ཞིག་བརྒྱབས་དུས་ཕྲན་ནི་ས་མཐའ་འགྲིམས་ཏེ་བགྲང་བྱ་བཅུ་བཞི་ལྷག་འདས་པས་ཨ་མས་ཉིན་རེ་འདྲ་པར་འདིའི་སྔུན་ནས་མིག་ཆུ་ག་ཚོད་ཅིག་བཞུར་ཡོད་རྒྱུ་རེད་སྙམ། སྙམ་པ་བཞིན་བདག་གི་ཡིད་སེམས་ཀྱང་བློང་བློང་བོར་གྱུར། དེའི་ཙ་ན་ཚ་བོ་ཆུང་ཆུང་སློབ་གྲྭ་འགྲིམ་བཞིན་པ་དེ་ཉེ་སར་བསླེབས། ཨ་ཞང་ཁྱེད་ཨ་ལགས་ཨེ་རེད། ཁྱེད་ལ་ཁ་དར་འཐེན་མཁན་མང་བ་དང་། ཨ་ཞང་གི་པར་ལ་ཨ་མས་ཀྱང་མཆོད་པ་འབུལ་གི་ཟེར། དེ་འདྲ་ཞིག་གོ་བས་ང་རང་གློ་བུར་དུ་དགོད་རྒྱུ་ཞིག་ཡོང་སྟེ་ཨ་ཞང་ནི་དྲ་རྒྱའི་ནང་གི་བླ་མ་ཡིན་ནི་རེད་ལབ་ཡིན། ཚ་བོས་དེའི་དོན་མ་གོ་བས་མིག་ལྷེམ་ལྷེམ་ངང་ཁ་ནང་དུ་མཛུབ་མོ་བཙུགས་ནས་བསྡད། དེ་ནས་ཨ་ཞང་ང་ལ་སྒོར་མོ་ཕྱིན་དང་དྲ་ཁང་དུ་འགྲོ་རྒྱུ་ཟེར། ངས་འདི་ལ་ཡང་ངའི་ན་ཚ་བྱུང་འདུག་སྙམ་སྟེ་རྒྱ་སྒོར་བཅུ་ལོ་ཞིག་ལག་ཏུ་བཞག ཚ་བོ་དགའ་བཞིན་ཕྱིར་བལྟས་ཤིག་ཀྱང་མི་བྱེད་པར་སྲང་ལམ་དུ་ཆས་སོང་། ཤུལ་དུ་ང་ནི་ཤིང་སྡོང་ལྟ་བུར་གྱུར་ཏེ་འདང་རྒྱག་གི་ཁྲོད་ནས་ལུས། དེ་ནས་གློ་བུར་གློག་ཀླད་ཡིད་དུ་དྲན་པས་གཤམ་གྱི་སྒྲ་རྒྱན་ཅན་གྱི་ཚིགས་བཅད་འདི་བྲིས་པ་ཡིན།
འགྲོ་བ་མི་ཡི་འགྲོ་ལུགས་བཞིན་དུ་སྐྱེས། །
ཨ་ཉོག་ང་ཡང་ཨ་མའི་དྲིན་ལ་བརྟེན། །
བྱིས་བའི་དུས་སུ་བྱིས་པ་སྣབས་ལུག་ངས་། །
མ་རབས་མ་རུང་བྱ་བྱེའུ་འབའ་འབུ་བསད། །
སློབ་གྲྭའི་སློབ་གླིང་མ་འགྲིམ་ཕ་མ་ཡི། །
བཀའ་ལྟར་བཀའ་པོད་ལྔ་ལ་སྦྱོང་དུ་ཆས། །
ཀ་མད་ཀ་ཕྲེང་སུམ་ཅུའི་སྦྱོར་ཀློག་སྦྱངས། །
དགེ་ལེགས་དགེ་འདུན་ཚོགས་ཀྱི་གྲས་སུ་ཞུགས། །
དགོན་པའི་དགོན་བདག་མཆོག་གི་ལམ་སྟོན་འོག །
རིགས་ལམ་རིག་པའི་སྒོ་མོ་གསར་དུ་འབྱེད། །
བློ་རིག་བློ་རྟགས་བློ་ལ་བཟུང་བ་ནས། །
ཐལ་ལྕག་ཐལ་སྒྲའི་འཁོར་གསུམ་བསྐོར་ལ་བྲེལ། །
སྲང་ལམ་སྲང་མདོའི་ཁྱི་ལྡོམ་བདག་མེད་ཚོར། །
གྲྭ་ཕྲུག་གྲྭ་བ་འགའ་དང་ལྷན་ཅིག་ཏུ། །
མ་རབས་མ་བསམ་ས་ནས་གཅར་བ་མང་། །
ད་ལྟ་ད་དུང་བྱ་སྤྱོད་དེ་ཚོ་དྲན། །
གཞོན་པའི་གཞོན་ཤའི་མདངས་ནི་རྒྱས་པ་ན། །
རང་སེམས་རང་གི་སྣང་བ་འཁྲུལ་བས་བཟི། །
ས་མཐའི་ས་ནས་སེམས་ལ་འགྱུར་བ་ཐེབས། །
ན་ཚོད་ན་སོ་རྒས་པས་བློ་སེམས་འཁུམ། །
གྲྭ་སའི་གྲྭ་བའི་མིང་བྱུང་བརྗིད་པོའི་འོག །
རབ་མཆོག་རབ་འབྱམས་རག་ཀྱང་སྙིང་བོ་ཅི། །
རང་རྒྱུད་རང་གིས་མ་ཐུལ་གླང་སྨྱོན་འདྲ། །
འདི་ལྟར་འདི་དག་བསམ་ན་འདང་རྒྱག་ཆེ། །
དེང་གི་དེང་རབས་དྲ་བའི་འཇིག་རྟེན་ནས། །
ཡིད་སེམས་ཡིད་དུ་ཤར་བའི་ཚོར་འདུ་དག །
བོད་མི་བོད་རིགས་ཡོངས་ལ་ཕུལ་བ་དེ། །
ང་རང་ང་རྒྱལ་སྐྱེས་པ་མ་ཡིན་ནོ། །
གྲྭ་བའི་གྲྭ་ཆས་གྱོན་ནས་བསྡད་ཡོད་ཀྱང་། །
འདུལ་བའི་འདུལ་ཁྲིམས་དག་ནི་རབ་རིབ་ཅིག །
རྩོམ་རིགས་རྩོམ་ལ་ཤིན་ཏུ་འབད་ན་ཡང་། །
དོན་གྱི་དོན་སྙིང་ཁ་བཤད་གླེན་གཏམ་ཉིད། །
མཐའ་མེད་མཐའ་ཡས་རྒྱ་མཚོའི་ཉེ་འགྲམ་ནས། །
གཞུང་ལུགས་གཞུང་ཆེན་དག་ལ་སྦྱངས་ན་ཡང་། །
ཉམས་ལེན་ཉམས་གཞག་སྣ་གཅིག་མ་མཆིས་པས། །
ཚིག་དང་ཚིག་རིས་ཙམ་གྱིས་མི་ཚེ་ཟད། །
བླ་མེད་བླ་མ་མཆོག་གི་བཀའ་གསུང་རིགས། །
མ་ཉན་མ་རབས་བདག་ནི་སྐྱོ་བ་ལ། །
གཏན་ཚིགས་གཏན་གྱི་སྐྱབས་སུ་བསྟེན་ན་ཡང་། །
རྟགས་སྒྲུབ་རྟགས་ཀྱི་རྣམ་གཞག་ཡོངས་ལ་རྨོངས། །
མ་འོངས་མ་འོངས་ཟེར་ནས་ལོ་ཟླ་རྫོགས། །
མི་རིགས་མི་རིགས་ལབ་ནས་སྟོང་འདང་བརྒྱབས། །
ང་ཞེས་ང་རང་སྙམ་པའི་བདག་འཛིན་ཆེ། །
ཕུ་ནི་ཕ་སྤུན་ཚོགས་ལ་ཞེན་ཆགས་ལྕི། །
དམ་ཚིག་དམ་པར་བསྲུང་བར་མ་ནུས་ཀྱང་། །
རྩ་བའི་རྩ་བཞི་གཙུག་གི་རྒྱན་ཏུ་མཐོང་། །
ལེགས་བཤད་ལེགས་པའི་ཕྱོགས་ལ་བློ་ཕྱོགས་དེ། །
གང་ཞིག་གང་དུ་ཆས་དགོས་བསམ་ནས་ཡོད། །
སྐུ་ལོ་རྫིག་པོ་ཞིག་་་་་་་་བ་་་་དེང་སང་། ཧཧཧཧ
་་་་རང་གི་འདྲ་པར་རྙིང་བ་ཞིག་ཨ་ཞང་དམ་པས་བདག་ཉར་གནང་སྟེ་རྗེས་སུ་ཨ་མར་སྤྲད་འདུག ཨ་མས་ནི་སྐུ་ལོ་ཆུང་ཆུང་ཞིག་གི་སྐུ་པར་བཞིན་མཆོད་མདུན་གྱི་སྐུ་འདྲ་དང་སྐུ་པར་ཚོའི་གཤམ་ན་བཞག་འདུག་པ་མཐོང་བས་བདག་ཏོག་ཙམ་མ་བདེ་བ་བྱུང་། ཞིབ་ཏུ་བསམ་ན་དེ་ཡང་མི་འོས་ཤིང་མི་འཚམ་པ་ཞིག་མ་ཡིན་པར་ཚོར། ་་་་ཟེར།
བདེན་པ་རེད་།
རང་ཉིད་རང་གི་མགོན་ཡིན་གྱི། །
གཞན་ན་སུ་ཞིག་མགོན་དུ་གྱུར། །ཞེས་པ་བཞིན་ནོ། །
རང་ཉིད་ངོ་སྤྲོད་ཨ་རིག་དགེ་མཐོང་ལགས།
ཨ་རིག་ཨ་རིར་མ་བསླེབས་དགེ་བར་མཐོང་། །
ང་རང་རང་ཉིད་ངོ་སྤྲོད་བྱས་པ་འདི། །
ཁྱེད་རང་ཁྱོད་འདྲའི་རྣམ་ཐར་འདྲ་མཚུངས་མང་། །
སྒྲ་རྒྱན་ཚིགས་བཅད་དེ་དག་དེ་བས་སྙན། །
ཀརྡོ་ང་ཡང་ཨ་དགེར་མགྲན་འདོད་ཆེ། །
དོན་མེད་དུ་མ་དྲིན་ཅན་དང་ཕ་ཡུལ་རྒྱབ་བསྐྱུར་བྱེད་པོ་གྲ་པ་འདི་རིགས་ནི་རྒྱུ་དག་མེད་པའི་མི་ཡི་ཐེབས་ཆག་ཅིག་ལས་གཞན་ཅི། ལྟོ་གོས་ཙམ་གྱི་ཕྱིར་མི་ཡུལ་འཁྱམས་ནས་སྡོད་པ་སྙིང་རེ་རྗེ།
རྗེས་དྲན་གྱི་དངོས་འདོད་དེ་ནི་རྒྱ་མཚོ་བས་གཏིང་ཟབ་པ་ལྟ་བུ་ལགས་འོན་ཀྱང་དོན་ཐོག་དུ་འབྱོར་རྒྱུ་ལ་དཀའ་ཁག་ཆེ་བར་སེམས།
ཨ་ཧོ་རང་རྣམ་རང་གི་བྲིས་ལུགས་ལ། །
ཨ་ཨ་ཨ་རིག་དགེ་མཐོང་དགེ་མཚན་དང་། །
ཨ་རིག་སྒྲ་རྒྱན་སྒྲ་འདི་སྙན་སྙན་འདྲ། །
ཨ་ཁ་ཨ་མ་གླེང་ནས་ཨ་ཕ་གཡུགས། །
ཨ་རེ་ཨ་ཁུ་ཁྱེད་ལ་ཀུ་རེའི་ཚུལ། །
ཨ་མཚར་སོར་མོས་འདུར་བྱེད་ཐེངས་གཅིག་གི། །
ཨ་ཡིག་མགོ་རྒྱན་ཅན་གྱི་ཚིགས་བཅད་དག །
ཨ་མདོའི་གླེན་བཤད་མཁན་པོ་ཁྱེད་ལ་ཕུལ། །
འཇམ་པོའི་གཏམ་དང་གཅེས་ཤིང་ཡིད་འོང་གཟུགས། །
འཇམ་མཁས་གཅེས་མཁས་སྨྲ་མཁས་ཀུན་ལྡན་ཡང་། །
འཇམ་པོ་ཚིགས་དང་གཅེས་པའི་རྣམ་འགྱུར་དང་། །
འཇམ་འཇམ་གཅེས་གཅེས་མེད་པའི་གཏམ་འདི་ཐལ། །
དགེ་མཐོང་ཁྱེད་ཀྱིས་དགེ་མཚན་མཐོང་ན་ཆོག །
དགེ་རྒན་ཞིག་བསླབ་བྱར་རྩིས་ཀྱང་ཆོག །
དགེ་སྡིག་བླང་དོར་ལམ་སྟོན་ཤེས་ཀྱང་ཆོག །
དགེ་མེད་སྡིག་མེད་སྟོང་གཏམ་འཛིན་ཡང་ཆོག །
ལྷག་བསམ་བཟང་པོས་གསེར་གྱི་ཞིང་སར་རུ། །
མ་བཅོས་འབྲས་བཟང་རིན་ཆེན་གཏམ་གྱི་སོན། །
ཟོལ་མེད་དྲང་པོར་སྨྲ་བར་དབང་འབྱོར་མཁན། །
འཇམ་དབྱངས་མཚན་ཅན་བདག་གིས་ཐེངས་གཅིག་བཏབ། །
བློ་ཐག་ཉེ་བའི་དྲ་གྲོགས་ཚོ་ལ་དགའ་བསུ་ཞུ། ལྷག་དོན་འཇམ་གཅེས་འཇམ་ལོ་འདིས་མཆན་བུ་བསོར་མོ་ཞིག་བྲིས་འདུག་པས་དགའ་ཡོད། རྗེས་སུ་ཁྱེད་ཀྱི་རང་བཞིན་བརྗོད་པའི་སྒྲ་རྒྱན་ཚིགས་བཅད་ཅིག་བདག་གིས་འབྲི་འདོད་ཆེ། གནས་སྐབས་ཁྱེད་ཅག་ནད་མེད་ངང་དྲ་འབུའི་ཁ་ནས་ཐར་ཏེ་རང་རང་གི་འཚོ་བ་རོལ་རྒྱུའི་སྨོན་ལམ་འདེབས།
ཨ་རིག་དགེ་མཐོང་གི་སྒྲ་རྒྱན་གྱི་སྙན་རྩོམ་བཀླགས་ཟིན་པ་ཡིན། ཡག་པོ་འདུག
སྲས་དགྲ་གཅན་འཛིན་གྱིས་རང་གི་མ་ཡུམ་སྒྱུ་མ་ལྷ་མཛེས་ལ་བསྟོད་པ།
མ་བསམ་བརྗོད་མེད་ཤེས་རབ་ཕ་རོལ་ཕྱིན།།
མ་སྐྱེས་མ་འགག་ནམ་མཁའི་ངོ་བོ་ཉིད།།
སོ་སོར་རང་རིག་ཡེ་ཤེས་སྤྱོད་ཡུལ་བ།།
དུས་གསུམ་རྒྱལ་བའི་ཡུལ་ལ་ཕྱག་འཚལ་ལོ།།
ལོག་སྨྲ་ཚར་གཅོད་ཀྱིས་སེམས་ཤུགས་སྤར་པ་དང་། ལེགསབཤད་ཀྱིས་ཐ་མའི་ཐིག་ཕྲེང་དུ་ཡིག་ནོར་ཅིག་བཅས་མཐོང་ཡོད།
ངོ་མ་ཡག་པོ་བྱུང་།དྲ་ཐོག་མི་སྣ་གྲགས་ཅན་ཁྱེད་ལ་རྗེས་དྲན་ཞུས་ལ་ཆོག་ཆོག
བླ་རྗུན་སྤྲུལ་རྫུན་མཐོ་སར་བཀུར་བ་ལས། །
རྩ་བཞི་ལྡན་པའི་དགེ་སློང་རྣམ་དག་ཅིག །
གོང་དུ་བཀུར་བར་འོས་ཚུལ་གླེང་བ་འདི། །
གཟུར་གནས་བདེན་པའི་གཏམ་དུ་ཁོ་བོས་སེམས། །
ལེགས་སོ་ལེགས་རྩོམ་རང་སེམས་་དྭངས་གཙང་མཚོན། །
ལེགས་པའི་ལེགས་བཤད་མང་མང་མཇལ་མྱོང་ཡང་། །
ལེགས་ཆ་ལེགས་པར་མངོན་པའི་མྱོང་རྩོམ་འདིར། །
ལེགས་རྩོམ་ལེགས་ཤོས་མཇལ་བར་ཡིད་རངས་ཞུ། །
༼ཕུ་ནི་ཕ་སྤུན་ཚོགས་ལ་ཞེན་ཆགས་ལྕི།༽
ཕུ་ནུ་ཕ་སྤུན་ཚོགས་ལ་ཞེན་ཆགས་ཆེ།
ཞེས་པར་གོ་བ་མིན་ནམ་དེ་མིན་གོ་བ་མ་ལོན་ཐལ།
སྙན་པོ་བྲིས་འདུག་ཡག་པོ་རེད་་་་་
ཨ་རིགས་གླེན་པའི་གླེན་བཤད་འགའ་རེ་འདྲེས་འདུག་མ་གཏོག་་་་་་ཧ་ཅང་སྙན་པོ་འདུག
མི་ཚེ་སྟོང་ཟད་ཡིན་པ་བསམ་གྱི་ཡོད་ན་རང་ཡུལ་དུ་ལོག་ན་གཞན་གང་ཅི་ཡང་མ་འཇོན་ནའང་ཁྱོད་ཀྱི་མ་རྒན་ཕ་རྒན་འཚོ་ནས་ཡོད་ན་དེ་དག་ལ་་ཞབས་ཏོག་འདྲ་ཞུ་ཨེ་ཐུབ་བལྟ་ནས་གང་འདྲ་འདུག
སྒྲ་རྒྱན་ཟེར་ནི་ཞིག།
ཀློག་ན་སྙན་མོ་ཞིག།
བྲིས་ན་དཀའ་མོ་ཞིག།
ཁ་ལ་འབྱོར་མོ་ཞིག།
དེ་རིང་ཤེས་ནི་ཡིན།
བན་ཕྲུག་སྙིང་རྗེ་ཞིག།
ཨ་མའི་གཅེས་ཕྲུག་འདི།
རྒས་བོ་བཙོག་འདྲེ་ཞིག།
ས་མཐའི་མྱི་ལྡོམ་འདི།
ཨ་རིག་དགེ་མཐོང་ཚང་།།
དེ་རིང་ཤེས་ནི་ཡིན།
བདག་ཅིག་འཇང་དགུན་ཆོས་ལ་བསླེབས་འདུག་ཟེར། བདག་སྨྱོ་བ་རེད། བདག་༼ག་རེ་༽དབྱར་སྐྱིད་ལ་བསླེབས་མི་འདུག་ཟེར་ན། བདག་ཤི་བ་རེད། ཟེར་མཁན་དེ་སུ་ཡིན་ནམ། འདི་ལབ་སྟངས་འདི་ཁ་གསལ་དུ་གཏོང་རོགས་གྱིས་ང་ནི་བརྗེད་ཚར་གྲབས་འདུག་པས་་་་་་་
ཨ་ཁ་བཏང་ས་ནོར་འདུག་དགོངས་དག
ཨ་མའི་གཅེས་ཕྲུག
ཨ་རིགས་དགེ་མཐོང་།
ཨ་ལི་ཀ་ལི།
ཨ་ནས་ཀ་བར།
ཨ་འཇུག་ཀ་འགོ
ཨ་དང་ཨི་དང་།
ཨ་དང་ཨུ་སོགས།
ཨ་དགེའི་རང་རྣམ།
ཨ་ཧོ་ཉམས་འདུག
ཉེ་སྔོན་ཁོ་བོ་ཕ་ཡུལ་དུ་བསྐྱོད་སྐབས་་་་་ ཚིག་ལ་དཔྱད་པ། ཁོ་བོ་ཟེར་དུས་རང་ལ་འཇུག་ན། ཁོ་ལ། ཁོ་ཕོ་དང་Heདང་། མོ་ལ། ཁོ་མོ་དང་Sheཞེས་ཚིག་གསར་དུ་གཏོད་ན་མི་འཐད་པ་ཡོད་དམ། ལགས་ཅིག་གསུངས་དང་།
ཨི་སྐད་ལས་སླ་སྟངས་ཅིག་ནི།
ང་ལ། ཨ་ཨི།
ཁྱོད་ལ། ཡུ།
ཁོ་ལ། ཧི།
མོ་ལ། ཤི
ཙམ་ལས་མེད་ཙང་བྱས་པ་ཡིན་ན།
ང་ཚོའི་བོད་སྐད་ནང་ལ། ང་ལ།
ང་།
ང་རང་།
གུས།
གུས་པ།
ཕྲན།
ཕྲང་རང། སོགས་མང་དྲགས་ནས་ཤེས་དཀའ་བའི་སྐྱོན་ཆ་མེད་དམ། གལ་སྲིད་ཡོད་ན།
དུས་རྒྱུན་དུ་སྐད་ཆ་ཤོད་དུས། ང་། ཁྱོད་དང་ཁྱེད། ཁོ་དང་ཁོང་ཕོ། མོ་དང་ཁོང་མོ། ཙམ་བེད་སྤྱད་ནས་མི་རབས་གསར་པ་ཚོ་ལ་བསླབས་ན་དགེ་སྐྱོན་གང་ཡོད་དམ། དྲ་གྲོགས་ཚོ། ལགས། ཅིག་གསུངས་དང་།
ད་དུང་། ངའི་ཚབ་ཏུ་ཁོ་བོ་དང་། ཁོ་མོ་ཡང་ཆད་འདུག
སྤྱིར་བཏང་སེམས་ཐག་ཉེ་བའི་དྲ་གྲོགས་ཚོས་རང་གི་འདོད་མོས་བཞིན་སྙང་ངག་རེ་བྲིས་ཏེ་ཞབས་མཆན་བཏགས་པ་དང་། ཡང་ཁག་ཅིག་གིས་རང་གི་དོགས་པ་མ་གསང་བར་དྲང་ཐད་ནས་དྲིས་པ། འགའ་རེས་བདག་་ལ་སྐུལ་ལྕག་གནང་བ་སོགས་མང་དག་ཅིག་འདུག རེ་རེ་བཞིན་ལན་མི་དགོས་པར།
ཀརྡོ་གཉེར་ཕྱག་པ་ལགས་སུ་ཞུ་དོན། དབྱིན་ཇི་ཕྱོགས་ནས་བདག་ལ་བཤད་རྒྱུའི་ཐོབ་ཐང་མེད། བོད་ཀྱི་སྐད་ཡིག་ཐད་ནས་ཁོ་བོ་ཟེར་བ་ནི་རང་ལ་གོ་བ་སྔོན་བྱོན་མཁས་པའི་གསུང་དག་ལ་ཞིབ་ལྟ་བྱས་ན་གསལ་གསལ་ཐིང་ཐྀང་ཡིན་པས་བདག་གིས་ངལ་བ་མི་བསྟེན། གཞན། མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བླ་བྲང་ལ་བཀུར་བའི་ཀ་རྩོམ་ནང་དུ་༼ ཀ་ཡེ་ཁོ་བོ་གཞན་དུ་སོང་རྗེས་སུ། ། ཁ་ནས་ཅི་མེད་པའི་ཨ་ཁུ་འགས། །༽ཞེས་པ་དེས་ཀྱང་ར་སྤྲོད་པར་ངེས།
དེང་སང་འཇམ་གཅེས་འདི་སྙན་ངག་འབྲི་མཁན་ཞིག་ཏུ་གྱུར་འདུག་པས་དགའ་ཡོད། དེ་མིན་ག་དུས་ཡིན་ན་དྲ་འབུའི་སྐྱེ་བ་བཞེས་ན་ལེགས་པོ་མི་འདུག
ཨ་རོ་ཨ་དགེ་གླེན་བཤད་རྡོ་རྗེ་འཆང་། །
ཨ་རོ་ཨ་ཁུ་ང་ཡིས་དྲང་ཚུགས་ལ། །
ཨ་རོ་ཨ་ཁུ་ཁྱེད་ཉིད་མི་འདོད་ཡང་། །
ཨ་རོ་ཨ་མའི་བུ་ཆུང་ཕྱིར་མི་ནུད། །
ཁྱེད་ནི་རང་གིས་རྣམ་ཐར་བརྗོད་ལ་བྲེལ། །
ང་ནི་སྤྱིར་པའི་བདེ་སྡུག་གླེང་ལ་བྲེལ། །
ཁྱེད་ནི་ཕ་ཡུལ་ཕ་མར་དུང་ཞེན་ཆེ། །
ང་ནི་གཞན་དབང་འོག་ཏུ་ཞེན་པ་ལོག །
ཁྱེད་ནི་གླེན་མིང་དགའ་བས་སྤྱང་དྲུང་ཅན། །
ང་ནི་དྲང་གཏམ་དགའ་བས་གླེན་རྟགས་ཅན། །
ཁྱེད་ནི་ཡོན་ཏན་ཅན་གྱི་ཨ་མདོ་བ། །
ང་ནི་བླུན་རྒན་དྲ་འབུ་བརྡུང་མཁན་ཞིག །
ཁྱེད་ནི་ཡོད་ཚད་ལྟོས་མཁས་ཨ་ཁུ་ཞིག །
ང་ནི་མཐོང་ཚད་སྨྲ་མཁན་གླེན་པ་ཞིག །
ཧ་ཧ་ཁྱོད་དང་ང་གཉིས་གཤིས་ཀ་འདི། །
ལ་དང་ལུང་པ་ཁ་ཁར་སོ་སོར་འདྲ། །
ལས་དང་བཀོད་པའི་བྱེད་ལས་སོ་སོར་རེད། །
ཡིན་ཡང་དྲ་ནང་གྲོགས་ཀྱི་དྭངས་མར་ཡིན། །
ཁོ་བོ་ཞེས་པ་འདི་ནི་སྤྱིར་བཏང་གཞན་ལ་འཇུག་པ་དེ་ངེས་ཅན་རེད་་་་འོན་ཏེ་སྙན་ངག་ལས་སྐབས་རེར་ཁོ་བོ་དེ་རང་ངམ་བདག་ཉིད་ལ་གོ་བ་ནི་སྙན་ངག་པས་རང་ཉིད་རང་ཉིད་ལས་ལོགས་སུ་བརྒར་དེ་སྒྱུ་རྩལ་གྱི་ཉམས་བཏོན་སྟངས་ཤིག་ཡིན་པ་འདྲ་་་་་་
ཨ་རིགས་ལགས་དང་། འཁྱམས་པོ་ལགས་གཉིས་ཀྱི་གསལ་བཤད་ལ་ཐུགས་རྗེ་ཆེ་ཞེས་ཞུའོ། །འོནད་ཀྱང་ང་ནི་བོད་སྤྱི་ལ་ཁྱབ་པའི་ཁ་སྐད་བྲིས་མ་ཞིག་མེད་པས་གདུང་ནས་ཀུན་ལ་གཤེ་ཞིང་ཡོད་ཀྱང་། སུས་ཀྱང་གཞོགས་སྟེགས་མེད་ནས་ང་ཕོ་རོག་དཀར་པོ་ཆགས་གྲབས་འདུག འོནད་ཀྱང་ངས་ད་དུང་ལོ་ལྔ་བཅུ་ཙམ་དཀའ་ལས་ཅིག་བརྒྱབ་ཐུབ་ན་ཕན་ཐོགས་འོང་ཅིག་སྲིད་དོ་སྙམ་མོ། །
ཨ་རིག་ལགས། ཁྱོད་འདུལ་བར་མ་བལྟས་ནས་སོང་འདུག་ཟེར། ངོ་མ་བདེན་པ་འདྲ། (དེ་ནི་རྩ་བཞི་ལྡན་པའི་དགེ་སློང་ཞིག་ཡིན་པས་ལབ་ཡིན།)དང་། ༼རྩ་བའི་རྩ་བཞི་གཙུག་གི་རྒྱན་ཏུ་མཐོང་། །༽ཞེས་སྤོབས་པ་ལྟ་བུས་བྲིས་འདུག སྔོན་༧གོང་ས་བཅུ་གསུམ་པ་ཆེན་པོས་བསླབ་སྦྱིན་དགེ་སློང་གི་མཚན་གཞིར་རང་ཉིད་འཇོག་མཁན་ཞིག་དགེ་བཤེས་བཀག་པའི་ལོ་རྒྱུས་དེ་དེ་རིང་དྲན་ནས་ལས་བདེན་སྙམ་པ་བྱུང་། ད་དུང་དཔེ་ཆ་དང་མ་ཤིའི་བར་འདྲིས་རོགས། བློ་ཉེ་བའི་གཏམ་ཡིན།
སྙན་གི། སྙན་གི། དྲ་རྩོམ་བག་ཆགས་ཅན་ཞིག་རེད། ཚོར་བས་ཟིན་པའི་རྩོམ་ལ་ཀློག་རིན་འདུག བྲོ་བ་རྐྱང་རྐྱང་མ་རེད། ཇ་ལ་ཚ་མ་བཏབས་པ་དེ་འདྲ་མ་རེད།