སྤྲུལ་འཁོར་སྐལ་བཟང་དོན་ལྡན།
ན་མོ་གུ་རུ་གུ་ཎ་ནྰ་ཐྰ་ཡ། །མ་ལུས་ཕྱོགས་བསྡུས་རྒྱལ་བ་སྲས་བཅས་ཀྱི། །མཁྱེན་བརྩེ་ནུས་པའི་ཡོན་ཏན་གཅིག་སྡུད་པ། །གངས་ཅན་འགྲོ་བའི་མགོན་པོ་གཡུ་ཐོག་པ། །མཚངས་མེད་བླ་མ་ཁྱེད་ལ་གསོལ་བ་འདེབས། །གང་སྐུའི་གསང་བ་བྲཏན་གཡོ་ཀུན་ལ་ཁྱབ། །གཞོམ་མེད་རྡོ་རྗེའི་གསུང་གི་ཆོས་ཀུན་མཛོད། །ཇི་ལྟ་ཇི་སྙེད་མཁྱེན་པའི་ཤེས་བྱ་གཟིགས། །བདེ་ཆེན་རྡོ་རྗེའི་སྐུ་ལ་གསོལ་བ་འདེབས། །མཚན་དཔེའི་དཔལ་འབར་ལྟ་ན་སྡུག་པའི་སྐུ། །བདེ་ཆེན་གཟི་བྱིན་སྟོང་གི་ལྷ་མེ་བ། །དྲན་པའི་མོད་ལ་དངོས་གྲུབ་རྣམ་གཉིས་སྟེར། །ཡིད་བཞིན་ནོར་བུ་ཁྱེད་ལ་གསོལ་བ་འདེབས། །ཕྲིན་ལས་རྒྱལ་བ་ཀུན་དང་མཉམ་གྱུར་ཀྱང་། །ཉམ་ཐག་ནད་པའི་ཚོགས་ལ་རྗེས་བརྩེ་བའི། །གསུང་གི་འཕྲིན་ལས་གངས་ཅན་གསོས་སུ་སྨིན། །སྨན་པའི་རྒྱལ་པོ་ཁྱེད་ལ་གསོལ་བ་འདེབས། །འཇམ་དཔལ་དཔའ་བོད་རྗེས་བཟུང་རིགས་པའི་གནས། །ཀུན་མཁྱེན་མུ་སྟེགས་རྒོལ་བ་རྩོད་པས་བཅོམ། །རྒྱ་བོད་འཛིན་མའི་ཁྱོན་ལ་ཉི་ལྟར་གསལ། །མཁས་པའི་ཁྱུ་མཆོག་ཁྱེད་ལ་གསོལ་བ་འདེབས། །མེ་ཆུ་གཅན་གཟན་རྐུན་པོ་ལ་སོགས་པ། །ལྟ་སྟངས་ཙམ་གྱིས་བཏུལ་ཞིང་གནས་ཡུལ་འགྲིམས། །རྣམ་མང་སྤྲུལ་པས་ཌྰ་ཀི་དབང་དུ་བསྡུས། །གྲུབ་པའི་དབང་ཕྱུག་ཁྱེད་ལ་གསོལ་བ་འདེབས། །པདྨ་འབྱུང་གནས་མགོན་པོ་ཀླུ་སྒྲུབ་དང་། །འཚོ་བྱེད་གཞོན་ནུ་མཉམ་མེད་དྭགས་པོ་སོགས། །གང་འདུལ་རོལ་པར་སྟོན་པ་ང་ཉིད་ཅེས། །བདེན་པའི་ཞལ་བཞེས་གནང་ལ་གསོལ་བ་འདེབས། །སྨན་བླ་མི་བསྐྱོད་རྒྱལ་བའི་ཡེ་ཤེས་སྐུ། །དེ་ལས་ཅུང་ཟད་གཡོ་བ་མེད་བཞིན་དུ། །སྣ་ཚོགས་སྤྲུལ་པའི་རོལ་པ་ཆུ་ཟླ་བཞིན། །གང་འདུལ་མོས་ངོར་སྣང་ལ་གསོལ་བ་འདེབས། །རྡོ་རྗེའི་ལུས་ཀྱི་འབྱུང་འཁྲུགས་གསོ་བ་དང་། །རྗེས་འབྲེལ་གསང་སྔགས་ཟབ་མོའི་སྨིན་གྲོལ་གྱི། །སྐལ་ལྡན་གདུལ་བྱའི་ཚོགས་རྣམས་རྗེས་བཟུང་བཟུང་སྟེ། །རྫུ་འཕྲུལ་སྣ་ཚོགས་སྟོན་ལ་གསོལ་བ་འདེབས། །གངས་ཅན་འདི་ན་ཕན་དང་བདེ་བའི་སྒོ །ཇི་སྙེད་སྣང་བར་མཛད་ནས་གཟུགས་ཀྱི་སྐུ། །སྐྱེ་འཆི་ལས་འདས་མཁའ་སྤྱོད་བདེ་ཆེན་དུ། །མངོན་སུམ་བྱོན་པར་མཛད་ལ་གསོལ་བ་འདེབས། །བསྙེན་སྒྲུབ་གཞན་ལ་ལ་ལོ་ཟླར་འབད་པ་ལས། །གང་ཉིད་ཡུད་ཙམ་དྲན་པ་དོན་ཆེ་ཞིང་། །ཞག་བདུན་གསོལ་བཏབ་ངེས་པར་རྗེས་འཛིན་ཞེས། །ཞལ་བཞེས་བསླུ་མེད་མཛད་ལ་གསོལ་བ་འདེབས། །སྲས་བཅས་རྒྱལ་བ་ཐུགས་རྗེ་རབ་མཉམ་ཡང་། །སྙིགས་འགྲོ་སྐལ་བ་དམན་རྣམས་པའི་ཕྱིར། །སྲས་བཅས་རྒྱལ་བའི་འཕྲིན་ལས་ང་ཡིན་པས། །བྱིན་རླབས་མྱུར་ཞེས་གསུངས་ལ་གསོལ་བ་འདེབས། །དེ་ཕྱིར་མགོན་པོ་ཁྱེད་ལ་སྙིང་ནས་ནི། །མོས་གུས་གདུང་ཤུགས་དྲག་པོས་གསོལ་འདེབས་ན། །སྙིགས་མའི་དུས་སྐྱེས་ནད་གདོན་སྡུག་བསྔལ་གྱི། །འཇིགས་པས་ཉེན་པ་བདག་ལ་སྐྱོབ་མཛོད་ཅིག །ལས་ཇོན་འཁྲུགས་པའི་སྦུགས་སུ་འཐུམས་པ་བདག །རང་གི་ཉེས་པས་སྲས་བཅས་རྒྱལ་བ་ཡི། །ཕྲིན་ལས་འཇུག་པའི་ཡུལ་དུ་མ་གྱུར་པས། །སྐྱབས་བྲལ་ཡིད་ཆད་བདག་ལ་ཐུགས་རྗེས་གཟིགས། །ཁྱེད་ལས་རེ་ས་སྐྱབས་གནས་གཞན་མེད་པས། །མཁྱེན་བརྩེའི་ནུས་པའི་བདག་ཉིད་རིགས་གསུམ་དང་། །དབྱེར་མེད་བླ་མ་སྙིགས་མའི་འགྲོ་བ་ཡི། །མགོན་པོས་གཅིག་པུས་བདག་ཅག་མ་དོར་ཅིག །བདག་གིས་ནམ་མཁའ་ཇི་སྲིད་འགྲོ་ཀུན་དང་། །ཁྱད་པར་བསྐལ་དམན་སྡུག་བསྔལ་གྱུར་པ་ལ། །ཕན་འདོད་སྙིང་བརྩེའི་དམ་བཅའ་འདི་འཛིན་ན། །མཁྱེན་ནུས་བརྩེ་བའི་དབང་བསྐུར་བདག་ལ་སྩོལ། །འདི་ནས་བྱང་ཆུབ་སྙིང་པོར་མཆིས་ཀྱི་བར། །འབྲལ་མེད་རིགས་ཀྱི་བདག་པོར་དགྱེས་བཞུགས་ནས། །རྒུད་པ་ཀུན་བྲལ་དངོས་གྲུབ་ཡིད་བཞིན་ཐོབ། །མགོན་པོ་ཁྱེད་དང་དབྱེར་མེད་འགྲུབ་པར་ཤོག །ཅེས་པའང་རབ་ཚེས་མེ་བྱ་ཟླ་དགུ་པའི་ཚེས་བཅོ་བརྒྱད་ལ་མི་ཕབ་པས་གང་ཤར་མྱུར་བར་གསོལ་བ་བཏབ་པ་དགེ་ལེགས་འཕེལ།། །།
གསོལ་འདེབས་བྱིན་ཅན་འདི་དྲྭ་ཐོག་ཏུ་བཀོད་པར་ཐུགས་རྗེ་ཆེ་ཞུ། འོན་ཀྱང་། ཚིག་ཁ་ཤས་ཤིག་བཏགས་ནོར་ཤོར་འདུག
གསོལ་འདེབས་འདི་ནི་འཚོ་བྱེད་སྨན་པ་ཡོངས་ཀྱི་དཔྲལ་བའི་མིག་དང་ཁོག་པའི་སྙིང་ལྟར་གཅེས་ཤིང་། ད་ཐེངས་སྤྲུལ་འཁོར་གྱིས་དྲ་ལམ་དུ་བཀོད་པ་བཟང་མོད། ཡིག་ནོར་དེ་ཚོ་སེམས་ལ་ཟུག་སོང་། རྗེས་ནས་གཟབ་རོགས་ཞུ།
བསྟོད་རྩོམ་འདི་འཇུ་མི་ཕམ་པའི་རེད་དམ་་་་་ཚིག་འགྲོས་དང་ནང་དོན་གང་ཅིའི་ཆ་ནས་བལྟས་ན་མཁས་ཆེན་ཁོང་གི་ཨེ་ཡིན་ནམ་སྙམ་པའི་དོགས་པ་ཞིག་སླེབས་བྱུང་་་་་གང་ལྟར་ཅུང་དཔྱད་དགོས་པ་འདྲ།