སེར་ཤུལ་རིན་ཆེན་དོན་གྲུབ།
—རྩོད་པ་དང་འཇང་དགུན་ཆོས་སོགས་དོན་མེད་དུ་སྨྲ་བའི་སེར་གཟུགས་ཀླད་གསར་བའི་མིང་ཅན་སྐོར་ཞིག་ལ་ཕུལ།
འགྲན་བྲལ་རྣམ་དཔྱོད་སྟོབས་ཀྱིས་ཕྱུག་པའི་རིགས་པའི་དབང་ཕྱུག་ཕྱོགས་གླང་དང་།།
རྩོད་སྒྲུབ་རིགས་པས་ཐར་ལམ་གསལ་མཛད་དཔལ་ལྡན་ཆོས་ཀྱི་གྲགས་པ་ཡིས།།
མ་རྟོགས་ལོག་རྟོག་ཐེ་ཚོམ་བསལ་བ་དོན་དམ་དངོས་ཀྱི་ལོ་རྒྱུས་ཡིན།།
རིགས་པའི་གནས་ལུགས་དཔྱད་བསྡུར་བྱས་པའང་བདེན་ལུགས་སྟོང་གི་དཔང་པོ་ཡོད།།
ཐལ་ཕྱིར་ཚིག་ཙམ་བརྗོད་པ་དེ་ཡིས་ཐར་ལམ་བསྒྲུབ་ཅེས་སུ་ཡིས་ཟེར།།
རིགས་པའི་ནང་རྒྱུས་ལོན་པའི་ཉམས་ཀྱིས་བརྒལ་བརྟག་དོན་མེད་གང་གིས་སྒྲུབ།།
ཀ་བུམ་གཞིར་བཟུང་གནས་ལུགས་འཚོལ་ཞིབ་ཆོས་ཉིད་རིགས་པ་གང་ལ་འགལ།།
ཡང་དག་རིགས་པའི་རྩོད་སྒྲུབ་ཆོས་ཅན་གསེར་དངུལ་དགོས་སམ་ཀྱེ་མ་བླུན།།
རིགས་ལམ་ཤེས་ན་བུམ་པའི་སྟེང་དུ་ཆོས་ཉིད་གནས་ལུགས་རྙེད་དུ་ཡོད།།
བ་གླང་ནོག་སོགས་མཚན་གཞིར་བཟུང་ཡང་དངོས་གཤིས་འཚོལ་ལ་འགལ་བ་ཅི།།
དཔྱད་བསྡུར་རྩོད་སྒྲུབ་གང་ལ་རུང་བའི་དངོས་ཁམས་ཚུལ་འདིར་རྨོངས་ལ་ལྟོས།།
ཀྱེ་མ་ཀྱེ་མ་སྙིང་རྗེའི་དམིགས་ཡུལ་རང་ལ་སྐོར་དང་འཚམ་ཞིང་རན།།
རྩོད་ནས་གནས་ལུགས་རྙེད་པ་མེད་ན་དཔྱད་ཀྱང་གནས་ལུགས་མི་རྙེད་པས།།
ཁྱེད་ཀྱིས་ཡང་དག་སྤྱི་བོར་བཀུར་བའི་དངོས་ཁམས་རིག་པ་དོན་མེད་ཉིད།།
རྩོད་དང་དཔྱད་དང་བསྡུར་བའི་ཚུལ་འདི་དངོས་གཤིས་སྨྲ་བའི་ཐབས་ཡིན་ན།།
རང་སྨྲས་སྐྱོན་ཚོགས་རང་ལ་བབ་འདི་བླུན་རྨོངས་ལས་ཀྱང་བླུན་རྨོངས་སོ།།
རྩོད་པ་རང་རྒྱལ་གཞན་ཕམ་ཡིན་ན་གོ་རྟོགས་རང་རྙེད་གཞན་སྤྲོད་ཡིན།།
རྣམ་དཔྱོད་རིགས་པའི་དཔྱད་བསྡུར་འདི་ཉིད་ཉོན་མོངས་སློང་བྱེད་ཅི་ཡིན་ཏེ།།
དཔྱོད་ལྡན་རྩོད་སྒྲུབ་རིགས་པའི་གྲུབ་དོན་དངོས་གཤིས་རྟོགས་པ་འདི་ཡིན་ཞིང་།།
གཤིས་ལུགས་ལོག་འཛིན་ཉོན་མོངས་ཡིན་ནོ་ཀྱེ་ཧུད་རྨོངས་པའི་བྲན་གཡོག་ཚོ།།
རྩོད་པ་ཁོ་ནས་རང་རྒྱུད་འདུལ་བ་སུ་དང་གང་གིས་གསུང་མྱོང་མེད།།
རྩོད་སྒྲུབ་བྲལ་བའི་མཉམ་འཇོག་ཁོ་ནས་ནམ་ཡང་དངོས་གཤིས་རྙེད་ཐབས་བྲལ།།
རྩོད་སྒྲུབ་ཟུང་འཇུག་ལས་ལ་ཞུགས་པ་སུ་ཡང་ལམ་ལོག་ཕྱིན་པ་མེད།།
འདི་ལྟར་བསམ་ཚེ་ཀླད་གསར་མིང་ཅན་བླུན་པོའི་ཚུལ་འདིར་སྙིང་རེ་རྗེ།།
རྩོད་པའི་ཤགས་འགྱེད་ཙམ་པོ་བ་འདི་དོན་མེད་ཡིན་པ་ངས་ཀྱང་ཤེས།།
འོན་ཀྱང་སྟོང་ཕྲག་ངུར་སྨྲིག་སྡེ་འདི་ཡོད་ཚད་ཤགས་འགྱེད་ཙམ་མོ་ཞེས།།
སུ་ཡིས་བརྗོད་ནུས་གང་གིས་བདེན་དཔང་ཅི་ཡི་སྒྲུབ་བྱེད་བསྟན་དགོས་སོ།།
དེ་ལྟར་མེད་ཚེ་ལོག་སྨྲའི་དབང་ཕྱུག་ལོག་སྨྲ་ཚར་གཅོད་གླང་ལས་བླུན།།
དེང་སང་ཀླད་གསར་མིང་ལ་དུང་བའི་ཀླད་སྟོང་སྐྱེ་བོ་ཧམ་ཆེན་འགས།།
རང་ལ་མེད་ན་གཞན་ལ་མེད་ཅེས་གླེན་པའི་ཅ་ཅོ་སྒྲོག་པ་འདི།།
བླང་དོར་འབྱེད་ལ་བློ་མིག་ལྡོངས་པའི་སྐྱེ་བོའི་རང་གཤིས་ཡིན་ངེས་ཀྱང་།།
སྲོལ་རྒྱུན་མ་ཤེས་དེང་རབས་མ་ཟིན་སྨྱོ་ཚུལ་སྟོན་པའི་རྣམ་ཐར་རོ།།
༢༠༡༢/༡༢/༣༡ལ་བྲིས།
གསལ་ཟེར་རྒྱས་པའི་རྟ་བདུན་དབང་པོ་མཁའ་དབྱིངས་དག་པར་འཆར་བ་ན།
འཛིན་མའི་དབུས་ནས་པད་མོ་ཚོགས་ཀྱིས་ཟེའུ་འབྲུ་གེ་སར་ཁྱེད་ལ་ཕྱོགས།
ལྷོ་སྤྲིན་ནག་པོ་རླུང་བུས་དེད་དེ་གློ་བུར་མུན་པས་སྒྲིབ་པར་བྱེད།
ཀྱེ་མའོ་གསུང་དང་ངང་ཚུལ་འདི་ནི་དཀོན་མཆོག་ལས་དབང་གང་གིས་བྱས།
གཤོག་ཟུང་རྒྱས་པའི་མཁའ་ལྡིང་དབང་པོས་མཁའ་ལམ་བར་མར་བགྲོད་ཡུལ་ན།།
འདབ་ཆག་ཁྲོད་ནས་ཁྲུང་ཁྲུང་ཚོགས་ཀྱིས་བྱ་རྒྱལ་རྒོད་པོར་ངང་སྒུག་བྱེད།།
ཉིན་མོར་ལོང་བའི་སྲིན་བྱ་རྣམས་ནི་མཚན་མོར་མཁའ་དབྱིངས་མུ་ཅོར་སྒྲོག།
ཀྱེ་མའོ་གསུངས་དང་ངང་ཚུལ་འདི་ནི་དཀོན་མཆོག་ལས་དབང་གང་གིས་བྱས།།
ལྷ་བྱ་ཁུ་བྱུག་ལྷོ་མོན་ཡུལ་ནས་གསུང་སྙན་སྒྲོག་པའི་འགྱུར་ཁུགས་ན།།
འཇོལ་མོ་བྱིའུ་ཚོགས་ཁྱུ་དང་ཁྱུ་བྱས་ཁྱེད་ཀྱི་མགྲིན་དབྱངས་སྐྱོབ་ཡ་བྱེད།།
ཁྭ་ཏ་ནག་པོས་ཚང་ནས་ལངས་སྟེ་ཀག་ཀག་ཟེར་ཞིང་སྐད་ངན་སྒྲོག།
ཀྱེ་མའོ་གསུངས་དང་ངང་ཚུལ་འདི་ནི་དཀོན་མཆོག་ལས་དབང་གང་གིས་བྱས།།
གནའ་དེང་ཟུང་ལ་དཔྱོད་པ་ཕྲ་བའི་རིགས་ལམ་ཟབ་མོའི་བགྲོད་ཡུལ་ན།།
གཟུར་གནས་སྟོང་གིས་མགོ་བོ་བཏེགས་སྟེ་བློ་གྲོས་འབྱེད་ལ་ངང་སྒུག་བྱེད།།
ཕྱོགས་རེས་ཅན་རྣམས་ཉོན་མོངས་གདོན་གྱིས་ཡིད་ནི་ཚེར་མའི་མལ་ན་ལྷུང།།
ཀྱེ་མའོ་གསུངས་དང་ངང་ཚུལ་འདི་ནི་དཀོན་མཆོག་ལས་དབང་གང་གིས་བྱས།།
སེར་ཤུལ་རིན་ཆེན་དོན་གྲུབ་མཆོག་གིས་ཤིག་གི་མགོ་ལ་སྟ་རེས་བརྒྱབ་འདུག་ག། སྙིང་རྗེ་ཤིག་དེ་ཚོ་འཆན་ཡང་འབྲི་ནུས་གྱི་མི་འདུག། གནས་ལུགས་ལ་མ་སྦྱང་བར་གནས་ལུགས་བཤད་ཁུལ་བྱེད་ན་མགོ་ལ་སྟ་རེ་རག་ཡ་ཆོས་ཉིད་རེད། ཧ་ཧ་ཧ
སེར་ཤུལ་རིན་ཆེན་དོན་གྲུབ་གྱི་གསུང་བ་ལ་རྒྱུ་མཚན་འདུག འོན་ཀྱང་ང་ཚོས་རྩོད་པ་ལ་སྐྱོན་ཆ་དང་འབྲས་བུ་གང་འདྲ་ཞིག་ཡོད་མེད་བློ་ཁ་ནང་ལ་སྐོར་ནས་བསམ་བློ་གཏོང་ཀྱི་འདུག་བསམ།
རིན་ཆེན་དོན་འགྲུབ་ལགས་ཁྱོད་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན། ད་རིང་ཉིད་ཀྱིས་དཔེར་ཡག་པོ་གསུངས་འདུག ཀ་བ་བུམ་པ་རྩོད་ནས་མི་ཚེ་རྫོགས་འགྲོ་གི་ཡོད་རེད་ཟེར་མཁན་དང་། རྩོད་པ་རྩོད་དེ་ང་རྒྱལ་འཕེལ་བ་ལས་ཉམས་ལེན་ཡོད་མ་རེད་ཟེར་མཁན་ལོག་རྟོག་ཅན་ཚོ་ལ་གོ་བརྡ་ཡག་སྤྲོད་འདུག
སེར་ཤུལ་རིན་ཆེན་ལ་རིགས་པའི་རྩེད་མོར་ཕུལ་བ།
དང་པོ་རྩོད་པའི་དོན་ལ་ཆོ་མེད་ཚེ་འདིར་ཕན་པ་མེད་པའི་ཕྱིར།
གཉིས་པ་རྩོད་པའི་ཐབས་ཤེས་རྨོངས་ཏེ་གདོད་མའི་ལྐུགས་རྟགས་ཙམ་ཞིག་གོ།
གསུམ་པ་རྩོད་པའི་འབྲས་བུ་རྨོངས་ཏེ་ལྟོ་གོས་གང་ལ་མི་ཕན་ཕྱིར།
དེ་ལྟར་རང་གཞན་ཕན་པ་ཟད་པའི་རྙིང་ཞེན་ལམ་ལ་སུ་ཡིས་བསྟོད།
དངོས་གཙོ་སྨྲ་བའི་བདེན་པའི་དཔང་རྟགས་ཚན་རིག་འཕྲུལ་གྱིས་མིག་ལ་བསྟན།
ཀླད་ཆུང་ཨུ་ཚུགས་རིགས་པར་མཐོང་བའི་རྩོད་གྲུབ་རིགས་པས་གང་ཞིག་སྟོན།
དངོས་གྲུབ་བདེན་པའི་ཚན་རིག་མིག་གིས་གནམ་གྲུ་ནམ་མཁར་ཕུར་བའི་སྐབས།
རྟོག་གེའི་གྲྭ་ཆུང་རྩོད་གྲྭ་བཞག་ནས་ཨ་རིའི་ཕྱོགས་ལ་ཡོང་བ་མཚར།
ཚད་མ་མྱོང་བས་གྲུབ་ཀྱི་རིགས་པས་མིན།
བདེན་པ་དཔང་པོས་གྲུབ་ཀྱི་རིགས་པས་མིན།
དངོས་ལུགས་བརྟག་པས་གྲུབ་ཀྱི་རིགས་པས་མིན།
ཕྲ་རིགས་འཕྲུལ་གྱིས་མཐོང་གི་རིགས་པས་མིན།
ཐར་པ་རྟོགས་པས་གྲུབ་ཀྱི་རིགས་པས་མིན།
འདོན་ཆ་བློ་ལ་བཟུང་ནས་ལོ་ངོ་མང་དག་སོང་། །
ཀ་བུམ་རྟག་མིན་རྩོད་པས་ལོ་ཟླ་གང་མང་བསྐྱལ། །
དགེ་གཤིས་ཐོན་དུས་མགོ་བོའི་སྐྲ་ལོ་དཀར་སང་སང་། །
མི་ཚེར་ཐོས་པ་འཚོལ་པའི་གྲྭ་བཙུན་གུས་ཕྱག་འཚལ། །
ཚད་མ་མྱོང་བས་གྲུབ་ཀྱི་རིགས་པས་མིན།
བདེན་པ་དཔང་པོས་གྲུབ་ཀྱི་རིགས་པས་མིན།
དངོས་ལུགས་བརྟག་པས་གྲུབ་ཀྱི་རིགས་པས་མིན།
ཕྲ་རིགས་འཕྲུལ་གྱིས་མཐོང་གི་རིགས་པས་མིན།
ཐར་པ་རྟོགས་པས་གྲུབ་ཀྱི་རིགས་པས་མིན།
དེའི་ལན་དུ།
ཚད་མ་མྱོང་བས་གྲུབ་པར་རིགས་ལམ་ལ་བརྟེན་དགོས། །
བདེན་པའི་དཔང་པོ་དངོས་ནི་རྩོད་སྒྲུབ་རིགས་པ་ཉིད། །
རིགས་ལམ་མེད་པའི་དངོས་ལུགས་བརྟག་དཔྱད་རྣོ་ངར་མེད། །
ཕྲ་རྡུལ་མཐོང་ཡང་ཕྲ་ཤེས་རིགས་པས་བསྒྲུབ་དགོས་པས། །
ཐར་པ་འདོད་རྣམས་དང་ཐོག་རིགས་ལམ་སྦྱངས་ནས་སྒྲུབས། །
ལོ་ངོ་སྟོང་གི་ཡར་སྔོན་དེ་ན་འཕགས་པའི་ཡུལ་གྱི་ལྷོ་ཕྱོགས་སུ།།
རྣམ་དཔྱོད་མཁའ་ལ་གློག་ལྟར་འཁྱུག་པའི་ཕྱོགས་གླང་ཆོས་ཀྱི་གྲགས་པ་ཡིས།
ཚད་མའི་གནད་ལ་རྟོག་གེ་བ་ཡིས་ལོག་བཤད་བྱེད་པ་གང་ཡོད་རྣམས་།
རིགས་པས་བཅོམ་ནས་རྒྱུ་མ་ཚོགས་པའི་འབྲས་བུ་མེད་པར་རིགས་པས་བསྒྲུབས་།
རྩོད་པའི་ལམ་ནས་བསྟན་ལ་ཕབ་དེ་དངོས་པོའི་གནས་ལུགས་མ་ཡིན་ན་།
རྒྱུ་མ་ཚོགས་པས་འབྲས་བུ་སྐྱེ་བ་ཁྱོད་ཀྱི་རིགས་པས་སྒྲུབ་ཐུབ་བམ་།།
ཀྱེ་མའོ་ཁྱོད་ཀྱི་འུར་སྒྲོག་དེ་ལ་ཞིང་པ་རྒས་པོས་སྙིང་རེ་རྗེ།།
ཆུ་བོ་དག་ནི་ཐུར་དུ་འབབ་པར་ཚད་མ་མི་དགོས་མངོན་སུམ་མིག་གིས་མཐོང་བ་ཉིད། །
གངས་ཀྱི་རི་བོའི་ཁ་དོག་དཀར་ཚུལ་ཚད་མའི་རིགས་པས་ཡང་འགྲེལ་སྐྱར་འགྲེལ་མིན་དགོས་ཤིང་། །
དངོས་ཁམས་རིགས་པས་སེམས་གཙོ་སྨྲ་བའི་ཁ་ལྕེ་གཉིས་ལ་མི་སྨྲའི་སྒོ་ལྕགས་བྱིན་ན་ཡང་། །
ད་དུང་ཀླད་དམར་ཨུ་ཚུགས་ཅན་ཚོས་ཡིན་མདོག་སྟོང་གི་ཐལ་སྒྲ་རུལ་བས་ཁས་མིན་ལེན། །
ཀ་བ་བུམ་པ་འགལ་མིན་མི་རྩོད་བན་ཆུང་ཡག་བཙོག་རྩོད་དུས་སུ། །
ཁ་ལ་འཚོགས་འདོན་བྱང་ཆ་མེད་ལ་གླུ་གཞས་འབྱར་ནས་ཡོད་དུས་སུ། །
ག་ཤེད་ཅིག་ནས་འདུག་མིན་ཚུགས་ལ་གང་སར་ཁྱི་བཞིན་ཉུལ་དུས་སུ། །
ང་ཅག་བོད་ཀྱི་དགོན་པ་འདི་ཚོགས་ལྷུང་ས་ཞིག་ལ་ལྷུང་ནས་འདུག །
ཀ་བ་བུམ་པ་འགལ་མིན་མི་རྩོད་དུས་སུ་སྡིག་སྦྱངས་བྱས། །
ཁ་ལ་ཆོས་དང་ཆོས་མིན་བཤད་ནས་དུས་འདའ་དུས། །
ག་ནས་བསམས་ཀྱང་སྔོན་གྱི་སྨོན་ལམ་བཟང་འབྲས་ཉིད། །
ང་ཅག་བོད་དགོན་འདི་ལས་ལྷག་པ་གཞན་མེད་དོ། །
སྔོན་མ་དགེ་ལུགས་པ་གཅིག་དང་རྙིང་མ་གཅིག་ཁ་རྩོད་ཤོར། རྙིང་མ་དེས། ཁྱོད་ཚོ་དགེ་ལུགས་པ་ཚོ་འབུམ་པ་འཁོར་བ་ཡིན་མེད་ལ་རྩོད་པ་བརྒྱབ་ནས། རྟོག་པ་རྒྱས་ཡག་གི་དུས་ཚོད་མེད་ཟེར། དགེ་ལུགས་པ་དེས། ཁྱོད་རྙིང་མ་ཚོ་རིག་པ་མ་རྙེད་པར་བསྡད་ནས་ཆོས་བྱ་ལོང་མེད་ཟེར། རྙིང་མ་ན་རེ། ཁྱོད་ཚོ་འབུམ་པའི་ཚན་གཞི་བརྙེད་ནས་སངས་རྒྱས་ལ་མཆོད་པ་འབུལ་རྒྱུ་ཡིན་ནམ་ཟེར། དགེ་ལུགས་པ་ན་རེ། ཁྱོད་ཚོ་རིག་པ་ངོས་ཟིན་པའི་ངང་ནས་རི་དྭགས་བརྒྱབ་ནས་ནང་མཆོད་འབུལ་ཡས་ཡིན་ནམ་ཟེར།
དེས་གང་མཚོན་གྱི་ཡོད་ཟེར་ན། གཉིས་ཀ་གླེན་རྟགས་ཚ་དྲག་པ་རེད། དངོས་པོའི་ཚད་ཉིད་རྟོག་ནས་སངས་རྒྱས་ཀྱི་དགོངས་པ་རྟོག་ཐབས་བྱེད་པ་འདི་ཡང་མ་འགྲིག་པ་རེད། རིག་པ་དང་བཅོས་མ་མེད་པར་བློ་དེ་ག་རང་ལ་སེམས་བཞག་ནས་ཡེ་ཤེས་རྟོག་ཐབས་བྱེད་པ་འདི་ཡང་ནོར་བ་རེད། གོང་དུ་བཤད་པ་བཞིན། ཁྱོད་རིག་པ་མ་ཤོར་བར་ཨ་མ་སད་ན། འབྲས་བུ་དགེ་ལ་འགྲོ་སྡིག་པར་འགྲོ་ཤོད་དང་།
བྱས་ཙང་རིགས་པ་དང་རིག་པ། ཚན་ཉིད་དང་ཆོས་ཉིད་ཟེར་བ་དེ་ཚོ་ཚང་མ་ཀུན་རྫོབ་ཀྱི་བློ་རེད།