ཤིང་ལོ།
དེ་རིང་གསར་འགྱུར་ཟེར་ན་གོ་འདོད་མེད་པའི།།
ཐན་སྐད་རྣ་བར་མཆེད་དུས་སེམས་ཁམས་གཉོམ་པོ།།
མིག་གི་མཁའ་མཐའ་བསྐོར་ནས་ཐང་ལ་ཟགས་དུས།།
ཚོར་མེད་ས་གཞི་ཡིན་རུང་སྦྲིད་ཤ་ཐེབས་ཡོད།།
མི་ལོ་ཉེར་གསུམ་མེ་ཏོག་ཕ་མས་གཉོར་ཅིང་།།
སྣ་མང་ཤེས་བྱ་དགེ་རྒན་དམ་པས་བསྩལ་ཏེ།།
ན་མཉམ་གྲོགས་དང་ལྷན་དུ་རང་སྣང་དག་པ།།
དེ་རིང་འཇིག་རྟེན་འདི་ནས་ཅི་ལ་གྱེས་སོང་།།
ཁྱོད་ཀྱི་དགའ་རོགས་ཡིན་ན་ཚོར་བ་ཇི་འདྲ།།
རང་གི་བུ་མོ་ཡིན་ན་སྡུག་བསྔལ་ཇི་ཡོད།།
མི་ཚེའི་གཏན་གྲོགས་བསྒྲིགས་ན་བསམ་ཚུལ་གང་ཡིན།།
ཧ་ཅང་སྐྱོ་བའི་ངུ་སྐད་སུ་ལས་ཐོས་སམ།།
བདུད་ཅིག་བཙལ་ས་གཞན་མེད་ཁྲེལ་མེད་གཏེ་བོ།།
དགྲ་ཞིག་གང་ན་གནས་མེད་འདོད་རྔམས་ནག་པོ།།
ཧམ་སེམས་གང་དྲན་མི་ཡི་གཤེད་མ་དང་པོ།།
ད་ནི་བྱེ་མར་འཐགས་ཀྱང་ན་ཟུག་མི་འཇོག།
ཧ་ཅང་ཕངས་སོ་ཉེན་རྟོག་མགྱོགས་པོར་མ་ཐོན།།
བཟོད་པར་གསོལ་ལོ་སྐྱོབ་ཐབས་གཉེན་ལ་མེད་པ།།
དགོངས་དག་ཞུ་འོ་དབུགས་རྒྱུན་སྨན་པས་མ་མཐུད།།
མི་མངོན་གནས་ནས་བུ་མོས་གཉེན་ཉེ་མཐོང་ངམ།།
རྒྱ་གར་རང་དབང་ཡུལ་དུ་དགའ་རོགས་བསྒྲིགས་ཏེ།།
མཐོ་སློབ་མཐར་ཕྱིན་བྱ་བས་རྒྱལ་ཁབ་སྐྱོང་བ།།
ཕ་མའི་དྲིན་ལན་འཇལ་འདོད་ཐུགས་ན་ཡོད་ཀྱང་།།
མི་བདུད་ནག་པོའི་བར་ཆད་ཐོན་ན་དགོངས་སམ།།
འཁོར་བ་དུག་གི་ཀློང་ན་ངལ་དུབ་ཆེ་ཞིང་།།
འཇིག་རྟེན་མི་ཡི་བྱ་བར་ཡིད་ཐང་ཆད་ན།།
ཕྱིར་ཡང་འདི་རུ་མ་འཁྲུངས་དག་ཞིང་གང་དུ།།
མེ་ཏོག་འཕྲེང་བས་སྐྲ་ལོ་མཛེས་བཞིན་བཞུགས་མཛོད།།
2012__12__29_ཉིན་སྐྱོ་བཞིན་དུ་སྤེལ།
ཨ་ཁ་ཁ། ཁྱེད་ལ་ཁག་མེད་གི །མིག་ཆུ་ཤོར་གྲབས་བྱས་སོང་། །བུ་ཕོ་བདུན་གྱིས་་་་་་་་་་བྱ་ལེ་མ་འདིའི་ལས་ཟིག་བཙོག་གི །རྒྱ་གར་བུད་མེད་རྒྱགས་པ་ཚོས་དམར་ཧྲེང་ལ་བུད་ནས་ཁྲིམས་ཁང་ལ་ངོ་རྒོལ་བྱས་རབས་འདུག། གཞིས་གྲོང་གསུམ་པ་དང་ནོར་གླིང་ཏེ་ལོ་ཕུག་སོགས་ཀྱི་ཨ་ནེ་ལ་བཙན་གཡེན་བྱས་རབས་འདུག་ཀྱང་གྲག་འགུལ་ཅི་ཡང་མེད་ནོ། །ཅི་ཟིག་་་་་་་མི་རིགས་ཉམ་ཆུང་་་་་འདི་མོ་་་།
འཁོར་བ་ཁབ་ཀྱི་རྩེ་མོ་ན།།
བདེ་བ་ནམ་ཡང་ཡོད་མ་མཆིས།།
བདེ་བ་ཅན་ན་འཁོར་བ་མེད།།
འཁོར་བ་ཅན་ན་བདེ་བ་མེད།།
འདི་རུ་མ་འདུག་དག་པའི་ཞིང་།།
སུམ་ཅུ་རྩ་གསུམ་ཕོ་བྲང་དུ།།
ལྟ་ན་སྡུག་པའི་སྐྱེད་ཚལ་ནས།།
ལྷ་བུ་རྣམས་དང་འགྲོགས་པར་ཤོག།
ཤིང་ལོའི་སེམས་ན་ངེས་འབྱུང་གསོན་པོ་ཞིག།
འཕགས་པའི་ཡུལ་ན་མི་རྟགས་བདུད་འགའ་ཞིག།
བུ་མོའི་ལས་ལ་བར་ཆད་ནག་པོ་ཞིག།
ཐམས་ཅད་འདི་ལ་བྱམས་པའི་སྙིང་རྗེ་ཞིག།
བྱི་བོ་བྱས་པས་དགྲ་དང་བཅས། །
ཅེས་པ་འདི་རིན་ཆེན་ཕྲེང་བའི་ཚིག་ཡིནནམ་་སྙམ་པ་ཅིག་དྲན་བྱུང་།
མཛེས་མའི་གདོང་འདི་ཆགས་སྲེད་སློང་བྱེད་ཡིན།།
མཛེས་མའི་གདོང་འདི་རང་སྲོག་འཕྲོག་བྱེད་ཡིན།།
མཛེས་མའི་གདོང་འདིས་མི་དྲུག་ཁྲིམས་སྒོར་སྐྱེལ།།
མཛེས་མའི་གདོང་འདིས་མཛེས་མ་མོ་རང་བརླག།