ལེགས་བཤད།
ཁྱད་པར་དུ་ཕར་ཕྱིན་ཐ་མ་གཉིས་ལ་བསླབ་ཚུལ་སྐབས། ཞི་གནས་སྐོར་གཙོ་བོར་འཕགས་པ་ཐོགས་མེད་ཀྱི་ལུགས་དང་ལྷག་མཐོང་སྐོར་གཙོ་བོར་འཕགས་པ་ཀླུ་སྒྲུབ་ཀྱི་ལུགས་གཙོ་བོར་འཛིན་དགོས་པ་ཡིན། སྤྱིར་སེམས་མི་རྟོག་པར་སྐྱོང་བའི་ཞི་གནས་ཙམ་ཞིག་ཕྱི་རོལ་བ་ལ་ཡོད་ཀྱང་བདག་མེད་པའི་ལྟ་བ་དང་འབྲེལ་བའི་ཞི་ལྷག་ཟུང་འབྲེལ་བསྒྲུབ་ཚུལ་སྐབས་འདིའི་བརྗོད་བྱ་གཙོ་བོ་ཡིན། ཞི་གནས་སྒོམ་པའི་རྟེན་ནི། ངན་སོང་གསུམ་དང་སྒྲ་མི་ཉན་པ། འདུ་ཤེས་མེད་པ་བ། ཆོས་སྤོང་དང་མཚམས་མེད་ཀྱི་ལས་སྟོབས་ལྡན། ལྷ་མ་ཡིན། ཟ་མ་མ་ནིང་དང་མཚན་གཉིས་པ་སོགས་ཀྱི་ལུས་རྟེན་ལ་དངོས་གཞི་དང་ཉེར་བསྡོགས་གང་ཡང་མི་སྐྱེ། དེ་དག་ལས་གཞན་པའི་གླིང་གསུམ་གྱི་མི་དང་འདོད་ལྷ་དྲུག་གི་ལུས་རྟེན་ལ་བསམ་གཟུགས་ཀྱི་དངོས་གཞི་དང་ཉེར་བསྡོགས་རྣམས་གསར་སྐྱེས་དང་སྐྱེས་ཟིན་ལྡན་པ་ཡོད། དགོངས་འགྲེལ་ལས། དགེ་བའི་ཆོས་འཇིག་རྟེན་པ་དང་འཇིག་རྟེན་ལས་འདས་པ་ཐམས་ཅད་ཀྱང་ཞི་གནས་དང་ལྷག་མཐོང་གི་འབྲས་བུ་ཡིན་པར་རིག་པར་བྱའོ། །ཞེས་གསུངས་པ་དེ་ལ་བརྟེན་ནས་ཁ་ཅིག་གིས། ཐེག་པ་གསུམ་གང་རུང་གི་ལམ་ཐོབ་པ་ལ་ཞི་ལྷག་གཉིས་ཐོབ་པ་སྔོན་དུ་འགྲོ་དགོས་པའི་ཕྱིར་ཟེར་ན། ལམ་རིམ་དུ་དེའི་དོན་དགེ་བའི་དམིགས་པ་ལ་སེམས་རྩེ་གཅིག་པའི་ཏིང་ངེ་འཛིན་ཡན་ཆད་ཞི་གནས་ཀྱི་ཕྱོགས་དང་། ཇི་ལྟ་བའམ་ཇི་སྙེད་པའི་དོན་སོ་སོར་འབྱེད་པའི་ཤེས་རབ་དགེ་བ་རྣམས་ལྷག་མཐོང་གི་ཕྱོགས་སུ་འདུ་བས་འགལ་བ་མེད་ཅེས་གསུངས་བས། ཐེག་པ་ཆེ་ཆུང་གི་ཡོན་ཏན་ཐམས་ཅད་ཞི་ལྷག་དངོས་གནས་པ་གཉིས་ཀྱི་འབྲས་བུར་མི་འདུ་ཡང་། དེ་གཉིས་ཉམས་སུ་བླངས་པའི་འབྲས་བུར་ངེས་བར་འདུ་སྟེ། དེ་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བ་དང་། དམིགས་པ་ལ་སེམས་རྩེ་གཅིག་ཏིང་ངེ་འཛིན་ཉམས་སུ་བླང་པས་འགྲུབ་དགོས་པ་ཡིན་གྱི། འཇོག་སྒོམ་དང་དཔྱད་སྒོམ་ཕྱོགས་རེ་བས་བསྒྲུབ་པ་མེད་པའི་ཕྱིར། ཏིང་ངེ་འཛིན་ཡིན་ན་ཞི་གནས་ཡིན་པས་མ་ཁྱབ། ཞི་གནས་ནི་སེམས་གནས་དགུ་བ་ནས་ཐོབ་ལ་དེའི་གོང་གི་སེམས་གནས་ཀྱི་ཏིང་ངེ་འཛིན་ནི་ཞི་གནས་མ་ཡིན་ཏེ། ཤིན་སྦྱངས་ཁྱད་པར་ཅན་མ་ཐོབ་པའི་ཕྱིར། ལམ་རིམ་ལས། ལུས་སེམས་ཤིན་སྦྱངས་བའི་དགའ་བདེ་ནམ་སྐྱེས་པ་ན་ཏིང་ངེ་འཛིན་དེ་ཞི་གནས་སུ་འགྱུར་ཏེ། ཞེས་གསུངས་པའི་ཕྱིར། ཐེག་པ་ཆེ་ཆུང་གི་ཡོན་ཏན་རྣམས་ཞི་ལྷག་གཉིས་ཀས་བསྒྲུབ་དགོས་པ་ཡིན་གྱི་རེ་རེས་བསྒྲུབ་ནུས་པ་མ་ཡིན། ལྷག་མཐོང་རྒྱུད་ལྡན་ཡིན་ན་ཞི་གནས་རྒྱུད་ལྡན་ཡིན་པས་ཁྱབ་ཀྱང་ཞི་གནས་རྒྱུད་ལྡན་ཡིན་ན་ལྷག་མཐོང་རྒྱུད་ལྡན་ཡིན་པས་མ་ཁྱབ་ཏེ། སྦྱོར་བྱུང་གི་དབང་དུ་བྱས་ན་ལྷག་མཐོང་ཐོབ་པ་ལ་ཞི་གནས་ཐོབ་པ་སྔོན་དུ་འགྲོ་དགོས་པས་ཞི་ལྷག་གཉིས་རིམ་ཅན་དུ་ཐོབ་དགོས་པའི་ཕྱིར་དང་། ཞི་ལྷག་གང་ཡང་མ་ཐོབ་པའི་ཐེག་པ་གསུམ་གྱི་ལམ་ཞུགས་ཀྱང་ཡོད་པའི་ཕྱིར། ཐེག་པ་གསུམ་གྱི་ཚོགས་ལམ་ནི་ཐོས་བསམ་གཙོ་ཆེ་བའི་ཕྱིར།
ཞི་གནས་ཀྱི་བསྒྲུབ་ཚུལ་གྱི་ཁུངས་ནི་དགོངས་འགྲེལ་དང་སྒོམ་རིམ། འཕགས་པ་དཀོན་མཆོག་སྤྲིན། མདོ་སྡེ་རྒྱན། བྱང་ས། ཤེར་ཕྱིན་མན་ངག །ཀུན་བཏུས་སོགས་རྒྱལ་བའི་བཀའ་དང་རྒྱལ་ཚབ་ཀྱི་གཞུང་། ཐོགས་མེད་ཀྱི་གཞུང་དང་སྒོམ་རིམ་སོགས་གཙོ་བོར་མཛད་ནས། རྒྱ་ནག་གི་མཁན་པོ་ཧྭ་ཤང་གིས་རྟོག་པ་གང་ཡིན་ཐམས་ཅད་མཚན་འཛིན་དུ་བཟུང་ནས་སོ་སོར་རྟོག་པའི་ཤེས་རབ་དོར་ཏེ་ཅི་ཡང་ཡིད་ལ་མི་བྱེད་པ་ཟབ་མོའི་དོན་སྒོམ་པར་འདོད་པ་དང་ལུགས་འདི་ཡི་རྗེས་སུ་འབྲངས་བ་ནི་ཤིན་ཏུ་མང་བར་སྣང་ངོ་ཞེས་གསུངས་བ་དང་ཧྭ་ཤང་གི་ལུགས་དེ་མི་འཐད་དེ། སྒྲིབ་པ་བསལ་འདོད་པས་ནི་ཞི་ལྷག་གཉིས་ཀ་བསྒོམ་དགོས་ཏེ། གཉིས་ཀ་མ་བསྒོམ་པར་གང་རུང་རེ་རེ་ཙམ་བསྒོམ་པས་ནི་དེ་ཁོ་ན་ཉིད་གསལ་བར་མཐོང་མི་ཐུབ་པའི་ཕྱིར། དཔེར་ན། མཚན་མོ་ལོགས་རིས་ལྟ་བའི་དོན་དུ་མར་མེ་སྦར་བ་མར་མེ་ཤིན་ཏུ་གསལ་བ་དང་རླུང་གིས་མི་གཡོ་བ་གཉིས་དང་ལྡན་ན་བྲིས་སྐུ་རྣམས་ཤིན་ཏུ་གསལ་བར་མཐོང་ངོ་། །མདོ་ལས། ཞི་གནས་སྟོབས་ཀྱིས་གཡོ་བ་མེད་པར་འགྱུར།།ལྷག་མཐོང་གིས་ནི་རི་དང་འདྲ་བར་འགྱུར།།ཞེས་གསུངས་ཏེ། སེམས་དམིགས་པ་ལས་མི་གཡེང་བར་གར་བཞག་ཏུ་སྡོད་པ་ནི་ཞི་གནས་ཀྱི་ལག་རྗེས་དང་། དེ་ཁོ་ན་ཉིད་རྟོགས་ནས་ལྟ་བ་ངན་པ་རྣམས་སྤངས་ཏེ་ཕས་ཀྱི་རྒོལ་བས་སྒུལ་མི་ནུས་པ་རི་དང་འདྲ་བ་ལྷག་མཐོང་གི་ལག་རྗེས་ཡིན་ནོ། །དེར་མ་ཟད་ཞི་གནས་མ་རྙེད་ན་ཤས་ཆེར་དམིགས་པ་གཞན་ལ་གཡེངས་བས་དགེ་སྦྱོར་བྱས་ཐམས་ཅད་སྟོབས་ཆུང་སྟེ། སྤྱོད་འཇུག་ལས། བཟླས་བརྗོད་དང་ནི་དཀའ་ཐུབ་སོགས།།ཡུན་རིང་དུས་སུ་སྤྱད་བྱས་ཀྱང་།།སེམས་གཞན་གཡེང་བས་བྱས་པ་ནི།།དེ་ཉིད་རིག་པས་དོན་མེད་གསུངས།།ཞེས་གསུངས་ལ། ཞི་གནས་གྲུབ་ནས་དཔྱད་སྒོམ་གྱིས་ཇི་ལྟ་ཇི་སྙེད་ལ་དམིགས་པའི་ཤེས་རབ་དང་གཏོང་བའི་སེམས་དང་སྡོམ་སེམས་དང་བཟོད་པ་དང་བརྩོན་འགྲུས་དང་དད་པ་དང་སྐྱོ་ཤས་སོགས་ མཐའ་ཡས་བའི་དགེ་བ་སྡུད་པ་དང་། སྐྱོན་བཟློག་པའི་དམིགས་རྣམ་སྐྱོང་དགོས་པ་ཡིན་ཏེ། དུས་རྒྱུན་དུ་ཞི་གནས་ཀྱིས་སེམས་དམིགས་པ་གཅིག་ལ་བཏགས་ནས་འཇོག་པས་ནི་དགེ་ སྦྱོར་ལ་སྤོགས་ཆེན་པོ་མི་འབྱུང་བར་སྒོམ་རིམ་ལས་གསུངས། སྦྱོར་བྱུང་གི་སྐབས་འདིར་ཐོག་མར་ཞི་གནས་བསྐྱེད་ནས་དེའི་ལྷག་མཐོང་སྐྱེད་དགོས་ཏེ། རིམ་པ་དེ་ལྟར་ངེས་པ་ལ་ཤིང་རྟ་ཆེན་པོ་རྣམས་དགོངས་པ་མཐུན་པའི་ཕྱིར།
ཞི་གནས་ཀྱི་མཚན་ཉིད་ཡོད་དེ། ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་སྒོམ་བྱུང་གི་ཏིང་ངེ་འཛིན་དེ་ཡིན་པའི་ཕྱིར། མཚན་ཉིད་ཀྱི་ཟུར་རྣམས་འཐད་དེ། ཤིན་སྦྱངས་ཞེས་པས་འདོད་སེམས་སུ་གྱུར་བའི་སྒོམ་བྱུང་ཞི་གནས་ཡིན་པ་གཅོད། ཁྱད་པར་ཅན་སྨོས་བས་ཤིན་སྦྱངས་རགས་པས་ཟིན་པའི་ཏིང་ངེ་འཛིན་ཞི་གནས་ཡིན་པ་གཅོད། སྒོམ་བྱུང་སྨོས་བས་ཞི་གནས་གྲུབ་ནས་ཤིན་སྦྱངས་ཀྱིས་ཟིན་པའི་ཐོས་བྱུང་སོགས་ཞི་གནས་ཡིན་པ་གཅོད། བསམ་གཏན་དང་ཏིང་ངེ་འཛིན་དོན་གཅིག་ཡིན། བསམ་གཏན་ཡིན་ན་སྒོམ་བྱུང་ཡིན་པས་མ་ཁྱབ། ཞི་གནས་ཡིན་ན་སྒོམ་བྱུང་ཡིན་པས་ཁྱབ། སྒོམ་བྱུང་གི་ཏིང་ངེ་འཛིན་ཡིན་ན་ཞི་གནས་ཡིན་པས་མ་ཁྱབ། སྒོམ་བྱུང་གི་ཏིང་ངེ་འཛིན་ལ་འདོད་པའི་སས་བསྡུས་ཀྱི་ཏིང་ངེ་འཛིན་ཡོད་ལ། ཞི་གནས་ནི་གཟུགས་ཀྱི་སས་བསྡུས་ཡིན་དགོས།
སེམས་གནས་དགུ་འདྲེན་ཚུལ་ཡོད་དེ། སེམས་ནང་ཁོ་ནར་འཇོག་པ་དང་། རྒྱུན་དུ་འཇོག་པ་དང་། གླན་ཏེ་འཇོག་པ་དང་། ཉེ་བར་འཇོག་པ་དང་། དུལ་བར་འཇོག་པ་དང་། ཞི་བར་བྱེད་པ་དང་། རྣམ་པར་ཞི་བར་བྱེད་པ་དང་། རྩེ་གཅིག་ཏུ་བྱེད་པ་དང་། མཉམ་པར་འཇོག་པ་དང་དགུའོ། །ཀུན་བཏུས་ཀྱི་མིང་འདོགས་དེ་ལྟར་ཡིན། ཉན་ས་ལས་དང་པོའི་མིང་འདྲ་ལ། གཉིས་པ་ལ་རྒྱུན་དུ་འཇོག་པ་དང་། གསུམ་པར་བསྡུས་ཏེ་འཇོག་པ་དང་། བཞི་བ་དང་ལྔ་པ་དང་དྲུག་པ་གསུམ་མཐུན་ལ། བདུན་པ་ལ་ཉེ་བར་ཞི་བར་བྱེད་པ་དང་། བརྒྱད་པར་རྒྱུད་གཅིག་ཏུ་བྱེད་པ་དང་། དགུ་པར་ཏིང་ངེ་འཛིན་དུ་བྱེད་པ་ཞེས་བཤད་དོ། །མིང་འདོགས་ཅུང་མི་འདྲ་ཡང་དོན་གཅིག་ཏུ་འབབ། སེམས་གནས་དགུ་པ་དེ་སྟོབས་དྲུག་གིས་འགྲུབ་ལུགས་ནི། སྟོབས་དྲུག་སྟེ། ཐོས་པའི་སྟོབས་དང་། བསམ་པའི་སྟོབས་དང་། དྲན་པའི་སྟོབས་དང་། ཤེས་བཞིན་གྱི་སྟོབས་དང་། བརྩོན་འགྲུས་ཀྱི་སྟོབས་དང་། འདྲིས་པའི་སྟོབས་སོ། །དེ་ལ་ཐོས་པའི་སྟོབས་ཀྱིས་དང་པོ་སེམས་ཁོ་ནར་འཇོག་པའི་དེ་འགྲུབ། བསམ་པའི་སྟོབས་ཀྱིས་རྒྱུན་དུ་འཇོག་པའི་དེ་འགྲུབ། དྲན་པའི་སྟོབས་ཀྱིས་གླན་ཏེ་འཇོག་པའི་དེ་འགྲུབ། ཤེས་བཞིན་གྱི་སྟོབས་ཀྱིས་དུལ་བར་བྱེད་པའི་དེ་དང་ཞི་བར་བྱེད་པའི་དེ་གཉིས་འགྲུབ། བརྩོན་འགྲུས་ཀྱི་སྟོབས་རྣམ་པར་ཞི་བར་བྱེད་པའི་དེ་དང་རྩེ་གཅིག་ཏུ་བྱེད་པའི་དེ་འགྲུབ་པ་དང་། འདྲིས་པའི་སྟོབས་ཀྱིས་མཉམ་པར་འཇོག་པའི་དེ་འགྲུབ་སྟེ། གོམས་པའི་སྟོབས་ཀྱིས་འབད་མེད་དུ་འཇུག་པའི་ཏིང་ངེ་འཛིན་སྐྱེད་པའི་ཕྱིར་རོ། །སེམས་གནས་དགུའི་དཔེ་རིས་གཙུག་ལག་ཁང་གི་སྒོ་འཕྱོར་དུ་འབྲི་བའི་སྲོལ་ཡོད་པ་ལྟར་རྡ་ས་ནོར་གླིང་གི་སྒོ་འཕྱོར་གྱི་ལོགས་རིས་ཤིག་ཏུ་ཡོད་པ་མཐོང་མྱོང་། །དང་པོར་སེམས་དམིགས་པ་ལ་འཇོག་ཚུལ་གྱི་གདམས་པ་ཉན་ནས་དེའི་རྗེས་སུ་འབད་པ་བྱེད་ལ་སེམས་དམིགས་པ་ལ་འཇོག་པར་བྱ་བ་ཡིན། དྲན་པས་སྟོབས་བསྐྱེད། ཤེས་བཞིན་གྱིས་བྱ་ར་བྱེད། དེ་ལྟར་གོམས་པ་གློད་དུ་གྱུར་ནས་འབད་རྩོལ་མེད་པར་ཏིང་ངེ་འཛིན་དུ་འགྲོ་བའི་ཚེ་སེམས་གནས་དགུ་བ་འགྲུབ་པར་འགྱུར་རོ། །དེ་དགུ་ཡིད་བྱེད་བཞིས་བསྡུས་ཏེ། བསྒྲིམས་ཏེ་འཇུག་པ་དང་། བར་དུ་ཆད་ཅིང་འཇུག་པ་དང་། སྐབས་སུ་ཆད་པ་མེད་པར་འཇུག་པ་དང་། ལྷུན་གྱིས་གྲུབ་པར་འཇུག་པ་བཞིས་བསྡུས་པའི་ཕྱིར། སེམས་གནས་དང་པོ་དང་གཉིས་པ་གཉིས་ བསྒྲིམས་ཏེ་འཇུག་པ་དང་། གསུམ་པ་ནས་བདུན་པ་བར་སྐབས་སུ་ཆད་ཅིང་འཇུག་པའི་ཡིད་བྱེད་འཇོག །བརྒྱད་པ་ནི་སྐབས་སུ་ཆད་པ་མེད་པར་འཇུག་པའི་ཡིད་བྱེད་དུ་འཇོག །དགུ་པ་ནི་རྩོལ་བ་མེད་པར་འཇུག་པའི་ཡིད་བྱེད་དུ་འཇོག་གོ །
དཔྱད་སྟོབས་ཀྱིས་དྲངས་བའི་ཤིན་སྦྱངས་ཁྱད་པར་ཅན་གྱིས་ཟིན་པའི་ཆོས་རབ་ཏུ་རྣམ་འབྱེད་ཀྱི་ཤེས་རབ་དེ་ལྷག་མཐོང་གི་མཚན་ཉིད། ལྷག་མཐོང་ཞེས་པའི་སྒྲ་བཤད་ནི། ཞི་གནས་ལས་ལྷག་པའམ་ཁྱད་པར་མཐོང་བས་ན་དེ་ལྟར་བརྗོད། སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་ན་ལྷག་མཐོང་ཡིན་པས་མ་ཁྱབ་ལ། ལྷག་མཐོང་ཡིན་ན་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་ཡིན་པས་མ་ཁྱབ་པ་ཤེས་དགོས་པ་ཡིན། ཞི་རགས་ཀྱི་རྣམ་པ་ཅན་གྱི་ཞི་ལྷག་གཉིས་གྲུབ་ཟིན་ཀྱང་སྟོང་ཉིད་ཀྱི་ལྟ་བའི་སྟེང་ནས་ཞི་ལྷག་སླར་རིམ་པས་སྐྱེ་དགོས་པ་ཡིན་པའི་ཕྱིར། ཞི་གནས་ལ་འཇོག་སྒོམ་གཙོ་བོ་དང་ལྷག་མཐོང་ལ་དཔྱད་སྒོམ་གཙོ་ཆེ་བ་དང་། ལུས་སེམས་ཤིན་སྦྱངས་ཁྱད་པར་ཅན་དེ་ལ་འཇོག་སྒོམ་གྱི་སྟོབས་ཀྱིས་དྲངས་བ་དང་། དཔྱད་སྒོམ་གྱི་སྟོབས་ཀྱིས་དྲངས་བ་གཉིས་ཡོད་ལ། ཞི་གནས་ལ་སྔ་མ་ཐོབ་པས་ཆོག་ཀྱང་ལྷག་མཐོང་ལ་སྔ་མ་ཐོབ་པས་མི་ཆོག་པར་ཕྱི་མ་ཐོབ་དགོས་པའི་ཕྱིར། སྟོང་ཉིད་ལ་སེམས་རྩེ་གཅིག་ཏུ་བཞག་ནས་སྒོམ་པའི་སྟོབས་ཀྱིས་ཤིན་སྦྱངས་ཁྱད་པར་ཅན་སྐྱེས་བ་ན་ལྟ་བའི་སྟེང་ནས་ཞི་གནས་གྲུབ་པ་ཡིན་ལ། དེ་ལ་འཇོག་སྒོམ་ཇི་ཙམ་བྱས་ཀྱང་ཞི་གནས་ཀྱི་སྤྱོད་ཚུལ་ལས་མ་འདས་པས་སོ་སོར་རྟོག་པའི་ཤེས་རབ་ཀྱི་དཔྱད་སྟོབས་ཀྱིས་དྲངས་བའི་ཤིན་སྦྱངས་ཁྱད་པར་ཅན་མི་ཐོབ་པས་སྟོང་ཉིད་ལ་དམིགས་པའི་ལྷག་མཐོང་མི་ཐོབ་ཅིང་། དེ་འདྲ་བའི་ཞི་གནས་གྲུབ་ནས་སྟོང་ཉིད་རྟོགས་པའི་ཤེས་རབ་ཀྱིས་ཡང་དང་ཡང་དུ་དཔྱད་པས་དཔྱད་པ་དེའི་སྟོབས་ཀྱིས་ཤིན་སྦྱངས་ཁྱད་པར་ཅན་སྐྱེས་པ་ན་ལྷག་མཐོང་ཐོབ་པ་ཡིན་པའི་ཕྱིར།
ཞི་ལྷག་ནི་ཁ་བདེ་ལྕེ་བདེ་རྣམས་ནས་དྲ་ལམ་ནས་ཡོངས་གྲགས་བཤད་རྒྱུ་དང་འབྲི་རྒྱུ་མིན་ལ་སྙན་བརྒྱུད་ཡིན་མདོགས་གསང་བ་དང་ཕུག་ཆོས་རྟེན་ཁྲོད་དུ་འཇོག་རྒྱུ་ཡང་མིན། དེ་ནི་སོ་སོ་ཁ་ནང་ལ་སྐོར་ནས་ཉམས་ལེན་སེམས་ཐོག་ཏུ་བྱེད་རྒྱུ་ཡིན་པ་ལས་ཡིག་ཉོག་མང་པོ་ཞིག་དྲ་ཐོག་ཏུ་བཀོད་པ་ནི་ངལ་བ་དོན་མེད་དང་། ཆོས་ཀྱི་ཆེ་བ་ཉམས་པའི་རྒྱུ་ལས་མ་འདས་སོ།
ཨོ་མངའ་རིས་འཕྲིན་ལས་འདི་ཡིས་འདྲ་ཆགས་པོ་བཤད་སོང། རེད་དེང་སང་བཤད་མཁན་མང་པོ་ཡོད་ཡིན་ནའང་གཅིག་སྟོན་ཤོག་ཟེར་ན་སྟོན་རྒྱུ་ཅི་གང་མེད། སྙིང་རྗེ་ཆེན་པོ་ཐེག་ཆེན་སེམས་བསྐྱེད་ས་བཅུ་ལམ་ལྔ་སོགས་སྒྲུང་རང་དུ་གྱུར་ཡོད། དྲ་འབུ་འདི་ཚོའི་ཆགས་སྡང་ཁ་མ་བྲི་ཉོན་མོངས་མདོག་མ་ལོག་པར་བདག་འཛིན་འགོང་པོ་སྲ་ཐག་གེར་ལང་ཡོད་འདུག
རང་རེད་གྲོགས་རེད་ཕན་ཚུན་གཉིས་ཀར་བལྟ་དུས་བཟང་ངན་ཆེ་ཆུང་གང་ཡང་མི་འདུག། གདམས་ངག་ཟབ་རབས་ཐེག་པ་ཆེ་ལུགས་སྤྱོད་པ་འཚེ་བ་མེད་ལུགས། ཆོས་ཐམས་ཅད་བདག་གིས་སྟོང་རབས་ཅིག་འཛིག་མདོག་ད་བཤད་ཀྱི་འདུག་སྟེ། རྨི་ལམ་གྱི་གཏམ་རྒྱུད་ལས་ཀྱང་རྨི་ལམ་ནང་གི་རྨི་ལམ་གྱི་གཏམ་རྒྱུད་རང་རེད།
ཡིན་ནའང་འདི་གྲོགས་ལེགས་བཤད་ལགས་ལ་ཞུ་གི་མེད། ཁ་བརྡའི་དྲ་བའི་ནང་དུ་ཡོང་མཁན་གཞན་ལ་ཁ་མར་འཁོར་ནས་ཆོས་འཆད་མཁན་དང་བླ་མ་སྤྲུལ་སྐུ་ཡིན་རབས་དང་ཉམས་རྟོགས་ཡོད་རབས་དང་། ལྷ་བླ་མ་མཁའ་འགྲོའི་ལུང་བསྟན་བྱུང་རབས་ཤོད་མཁན་མི་ཆོས་བླ་མའི་རྫུན་པོ་ཆེ་ཤོད་མཁན་དེ་ཚོར་ཞུ་གི་ཡོད།
ལེགས་བཤད་ཐུགས་རྗེ་ཆེ་དེ་འདིར་བཀོད་པ་ནི་ཤིན་ཏུ་ལེགས།
ངས་བསམ་ན་འདི་འདྲའི་སྐོར་ཡང་དྲ་ཐོག་འདིར་བཀོད་མཁན་ཡོད་ན་དགའ་བསུ་ཞུ་ན་འགྲིག་གི ཡ་རབས་བཟང་སྤྱོད་ཀྱི་སྐོར་སོགས་ཡང་དྲ་ཐོག་འདིར་བཀོད་མཁན་བྱུང་ན་དགའ་བསུ་ཞུ་རྒྱུ་ཡིན། དྲ་ཐོག་འདིར་ཆོས་ཕྱོགས་ཀྱི་ལྟ་གྲུབ་དང་ལམ་སྲོལ་སོགས་བཀོད་མི་ཆོག་པ་སུས་ཀྱང་སྒྲིག་ཁྲིམས་བཟོས་མེད་ལ་བཟོ་འདོད་ཀྱང་བཟོ་མི་ཐུབ། རྒྱུ་མཚན་ཡང་མེད། འོ་ན་ཁྱིམ་ཚང་གི་སྐོར་སོགས་ཀྱང་ཁྱིམ་ཚང་ནང་གི་དོན་དག་དེ་ཁྱིམ་ཚང་ནས་བཤད་རྒྱུ་རེད་མ་གཏོགས་དྲ་ཐོག་འགོད་རྒྱུ་མ་རེད་ཟེར་གྱི་ཡིན་ནམ། ལྟ་འདོད་མེད་ན་མ་ལྟ་ན་འགྲིག་པ་རེད། ཕན་མཁན་ཞིག་ལ་ཕན་གྱི་རེད། དྲ་ཐོག་འདིར་མ་རབས་ཀྱི་ཚིག་སོགས་བེད་སྤྱོད་མང་དྲགས་ན་ཡག་པོ་མ་རེད།
མདོར་ན་མཆན་འབྲི་ན་སྙན་ངག་ཙམ་ཡིན་ན་དམིགས་བསལ་རེད་མ་གཏོགས་གཞན་རྒྱུ་མཚན་ཡོད་པ་འབྲི་རོགས་ཞེས་རེ་སྐུལ་ཞུ།
ཚིག་ཉུང་ཉུང་གིས་དོན་ཡོངས་སུ་སྟོན་ཐུབ་པའི་རྩོམ་ཡིག་བཀོལ་ན་བཟང་།
ལེགས་བཤད་ལགས།
ཐུགས་རྗེ་ཆེ། ཉིད་ཀྱི་དཀའ་ངལ་ཁྱད་སད་ཀྱིས་དེ་ལྟར་ངེད་ཚོར་མཁོ་སྤྲོད་གནང་བར་ཐུགས་རྗེ་ཆེ། ཐོས་པ་མེད་པའི་སྒོམ་པ་དེ་ཁུངས་ཁྱོལ་གྱི་མེད་པ་ཉིན་རེ་བཞིན་གསལ་རུ་ཕྱིན་ནས། ཨ་རིར་ལོ་ལྟར་རྒྱལ་བ་རིན་པོ་ཆེ་གསུང་ཆོས་ཉན་མཁན་ཇེ་མང་ཇེ་མང་རེད། རྒྱུ་མཚན་ནི། ཐོས་པ་གལ་ཆེན་པོ་ཡིན་པ་ལོ་བཅུ་ཉི་བཤུ་སྒོམ་རྒྱབ་རྗེས་གཞི་ནས་ཤེས་མཁན་གྱི་མགོ་སེ་ཇེ་མང་རེད།
ཐུགས་རྗེ་ཆེ།
རྒད་པོ་ལགས། ཨ་རིར་ཆོས་ལུགས་དར་ཁྱབ་མྱུར་ཤོས་ནི་ཁ་ཆེ་ཆོས་ལུགས་རེད།
རྒྱལ་བ་དགེ་འདུན་རྒྱ་མཚོས།
ལེགས་བཤད་བྱེ་བས་ཁེངས་ཀྱང་ཁེངས་དང་བྲལ། །གཞན་དོན་ཁུར་གྱིས་ངལ་ཀྱང་ངལ་བ་མེད། །རིང་ནས་འཁོར་བ་སྤངས་ཀྱང་འཁོར་བར་སྤྱོད། ངོ་མཚར་ཀུན་གྱི་གཏེར་ཆེན་ཨེ་མ་མཚར། །
ཡོངས་འཛིན་སྒིས་སྟེང་བློ་བཟང་དཔལ་ལྡན་གྱིས།
མཐོ་རིས་ཡུལ་གྱི་ཡོན་ཏན་ཀུན་བླངས་ནས། །དག་པའི་ཞིང་ལ་འཕྱ་བའི་ངལ་བ་ཅན། །གདོང་དམར་ཡུལ་ཞེས་འབྱུང་བོ་འཛིན་མའི་གཞི། །བསོད་ནམས་དོ་ཤལ་བསྐྱོད་པའི་ཕང་བ་ལ། །ཐུགས་རྗེ་མགྲིན་སྔོན་རལ་བའི་ཐེམ་སྐས་ལས། །ཟུར་ཕུད་ལྔ་བ་དུས་ཀྱི་སྟོན་པ་པོར། །མངོན་སུམ་གཤེགས་པའི་གྲགས་དཀར་གེ་སར་གྱི། །ཐིག་ལེ་འཐུལ་བའི་སྐལབཟང་འདི་རེ་རྨད།
རྨོངས་པ་རྒུད་པའི་ཐན་ལྟས་རྡུལ་དུ་བརླགས།།ཉེས་སྤྱོད་ལོག་པའི་སོམ་ཉིའི་མདུད་པ་བཤིགས།།
བདག་བསྟོད་གཞན་སྨོད་རྩ་བ་རྨང་ནས་བསྒྱེལ།།རྒྱ་བོད་མཁས་མང་དབྱིག་འཛིན་མཛེས་པའི་རྒྱན།།
མ་སྨད་རང་བྱུང་ཆོས་མཛོད་གླུར་ལེན་པ།།ལེགས་བཤད་སྣང་བ་རྒྱས་བའི་ཆུ་གཏེར་ཀློང་།།
དད་གདུང་སྙིང་གི་མུན་སེལ་འཁོར་ལོའི་རིས།།བཀའ་དྲིན་མཚུངས་མེད་བཤེས་གཉེན་རྣམས་ལ་འདུད།།
ལེགས་བཤད་ལགས།
རྗེའི་ལམ་རིམ་ནང་གི་ལྷག་མཐོང་སྐབས་ལ་དབུ་མའི་འགྲེལ་ཚུལ་དང་། ལེགས་བཤད་གསེར་འཕྲེང་སྐབས་ཀྱི་ལྟ་བའི་འགྲེལ་བའི་སྐོར་ལ་མི་འདྲ་བ་དེ་གང་ཡིན་ནམ། སྔོན་མ་ཀློག་པ་པོ་གཞན་ཞིག་གིས་ཀྱང་དེ་ལྟར་དྲིས་པ་མཐོང་།
ལེགས་བཤད་ལགས། ཁྱེད་ཀྱིས་་་་དེ་ཐམས་ཅད་སོ་སོར་རྟོག་པའི་ཤེས་རབ་ཀྱིས་དཔྱད་ནས་སྐྱོང་བ་དང་་་་གསུངས་པའི་རྟོག་དེ་རྟོགས་མ་ཡིན་ནམ། འདི་འདྲའི་བཤད་པ་སྐྱོན་པའི་སྐབས་སུ་དག་ནོར་བྱུང་ན་ལམ་ལོག་ལ་བསྐྱལ་ཉན་ཆེ། དེ་བཞིན་་་་དེ་ལྟར་གོམས་པ་གློད་དུ་གྱུར་ནས་འབད་རྩོལ་མེད་པར་ཏིང་ངེ་འཛིན་དུ་འགྲོ་བའི་ཚེ་སེམས་གནས་དགུ་བ་འགྲུབ་པར་འགྱུར་རོ།
གསུངས་པའི་་་གློད་དེ་་་ཀློང་མ་ཡིན་ནམ།
དངོས་ནས་ཡག་པོ་མཐོང་སོང་། ཐུགས་རྗེ་ཆེ་ཞུ་བ་ལགས། ང་འདྲ་བ་དམར་ཕྱོགས་སློབ་གྲ་ནས་མཐར་ཕྱིན་མཁན་དག་ལ་ཆོས་སྐལ་རེ་སྤྱིན་ན་དགའ་བསུ་ཡོད། རྗེས་ཕྱོགས་མུ་མཐུད་ནས་གོ་སླ་བ་ཅི་ལྟར་བཟོ་ཐུབ་ན་དེ་ལྟར་ཡག་པོ་འདུག
bonpo་ལགས། རང་གིས་ཉམས་སུ་བླངས་བས་སོ་སོ་རང་ཉིད་ཐར་བ་འཐོབ་པས་སོ་སོར་ཐར་བ་ཟེར། སོ་སོར་རྟོག་པ་ཞེས་པ་སོ་སོས་དཔྱད་པ་གཏོང་བའི་དོན། དཔྱད་པ་བཏང་བར་བརྟེན་ནས་དོན་རྟོགས་ལྟ་བུ། རྟོག་དཔྱོད་ཅེས་བའི་རྟོག་པ་དང་། རྟོག་གཞིག་ཅེས་བའི་རྟོག་འབྲི་དགོས་པ་རེད། གློད་དང་ཀློད་ཅེས་བ་དམ་པོར་བཅངས་བ་དང་བཙུར་བའི་ལྡོག་ཟླ་སྟེ། སེམས་གློད་པོར་བྱས་ནས་དཔེ་ཆ་བལྟས་ལྟ་བུ། དམིགས་པ་ལ་སེམས་དམ་པོར་བཅངས་བའི་ལྡོག་ཟླ་སྟེ། དཔེར་ན་གླང་པོ་ཆེ་འདུལ་སྦྱོང་བྱེད་པ་ལ་ལྕགས་ཀྱུ་དགོས་པ་ལྟར། སེམས་གནས་དང་པོའི་སྐབས་སུ་མ་གོམས་པའི་དབང་གིས་ཨུ་ཚུགས་ཀྱིས་དམིགས་པ་ལ་སེམས་དམ་པོར་བཅང་དགོས་པ་དང་། དེ་ལྟར་དྲན་པས་སྟོབས་བསྐྱེད། ཤེས་བཞིན་གྱིས་བྱ་ར་བྱེད། དྲན་པ་དང་ཤེས་བཞིན་གྱིས་ཡང་དང་ཡང་དུ་གོམས་པ་གློད་དུ་གྱུར་ནས་འབད་རྩོལ་མེད་པར་ཏིང་ངེ་འཛིན་དུ་འགྲོ་བའི་ཚེ་སེམས་གནས་དགུ་བ་འགྲུབ་པ་ཡིན་ནོ། །
རྒད་པོ་ལགས་ཀྱིས་དྲིས་པ། ལམ་རིམ་ནང་གི་ལྷག་མཐོང་སྐབས་ལ་དབུ་མའི་འགྲེལ་ཚུལ་དང་། ལེགས་བཤད་གསེར་འཕྲེང་སྐབས་ཀྱི་ལྟ་བའི་འགྲེལ་བའི་སྐོར་ལ་མི་འདྲ་བ་དེ་གང་ཡིན་ནམ།
དེ་གཉིས་ལ་ལྟ་བའི་ཁྱད་པར་ལེགས་བཤད་གསེར་འཕྲེང་སྐབས་ཐ་སྙད་དུ་ཕྱི་དོན་འགོག་པའི་འཕགས་སེང་གི་ལུགས་དང་ལམ་རིམ་ནང་གི་ལྷག་མཐོང་སྐབས་ཐ་སྙད་དུ་ཕྱི་དོན་འཇོག་པའི་སློབ་དཔོན་སངས་རྒྱས་བསྐྱངས་དང་ཟླ་གྲགས་ཀྱི་ལུགས་ལྟར་བཤད་པ་གསལ་བོ་རེད། མངོན་རྟོགས་རྒྱན་རྩ་བ། དེའི་འགྲེལ་བ་རྒྱ་གར་མཁས་པས་མཛད་པའི་རྒྱ་འགྲེལ་ཉེར་གཅིག་ཡོད་པ་ལས། སློབ་དཔོན་སེང་བཟང་གིས་མཛད་པའི་འགྲེལ་བ་དོན་གསལ་འདི་ཉིད་ཚིག་ཉུང་ལ་དོན་དྲིལ་བས་ཁྱད་པར་དུ་འཕགས་སོ་ཞེས་གསེར་ཕྲེང་ལས་གསུངས་ཤིང་། འགྲེལ་ཆུང་དེའི་དོན་རྒྱ་ཆེར་འགྲེལ་བ་ལེགས་བཤད་གསེར་ཕྲེང་སྐབས་ཀྱི་ལྟ་བ་ནི་བོད་སྔ་རབས་པའི་ལྟ་བ་ཡིན་ཞེས་འདོད་པ་ཡང་ཡོད་དེ། བོད་སྔ་རབས་པའི་མཁས་པའི་བཤད་སྲོལ་མང་དུ་དྲངས་འདུག་པས་ཡིན་ནམ།
ལེགས་བཤད་ལགས། འགྲེལ་བཤད་ལེགས་པར་གནང་བར་བཀའ་དྲིན་ཆེ་ཞུ། ངས་ཀྱང་དེ་འདྲ་ཞིག་ཡིན་ན་བསམ་སོང་འོན་ཀྱང་ཁྱེད་ཀྱིས་ཐུན་མིན་འགྲེལ་ཚུལ་དེ་ངེས་པར་ཤེས་དགོས་པས་ཡིན་ནོ། དུས་རྒྱུན་རྟོག་པ་ཡིན་ན་སྒྲ་དོན་འདྲེས་རུང་འཛིན་པའི་ཞེན་རིག་ཅིག་ཡིན་དགོས་ལ་་་ཤེས་རབ་ཡིན་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་འཁྲུལ་བ་མེད་པ་ཞིག་ཡིན་དགོས་པས་དྲི་བ་དེ་ཐལ་སོང་།
དུས་རྒྱུན་རྟོག་པ་ཡིན་ན་སྒྲ་དོན་འདྲེས་རུང་འཛིན་པའི་ཞེན་རིག་ཅིག་ཡིན་དགོས་ལ་་་ཤེས་རབ་ཡིན་ན་ཆོས་རབ་ཏུ་རྣམ་འབྱེད་ཀྱི་བློ་འཁྲུལ་བ་མེད་པ་ཞིག་ཡིན་དགོས་པས་དྲི་བ་དེ་ཐལ་སོང་། ཟེར་སྟངས་ལ་བལྟས་ན། BONPOས་ཀྱང་ཕྱག་དཔེ་ཡག་པོ་གཟིགས་འདུག་གདའ་ང་ཧང་སོང་ངོ་། །
ལེགས་བཤད་ལགས།
ཆོས་སྦྱིན་ངོ་མ་ཡག་པོ་འདུག། ཐུགས་རྗེ་ཆེ། ཡི་རངས་ཡོད། འདྲི་བ་གཅིག་ཡོད་པས་རོགས་པ་གནོངས་བར་ཞུ།
ལམ་རིམ་ཆེན་པོ་དང་ཆུང་ངུའི་ནང་གི་ཞི་གནས་ཀྱི་བཤད་པ་མི་འདྲ་བ་དེ་གཙོ་བོ་གང་རེད། གོ་ཐོས་ལ། ལམ་རིམ་ཆུང་ངུའི་ནང་གི་ཞི་གནས་ཀྱི་བཤད་པ་དེ། ཅུང་མི་འདྲ་བ་ཡོད་པ་ཐོས་མྱོང་། དེ་བདེན་པ་ཨེ་རེད།
་་་་་ ཡིན་ནའང་འདི་གྲོགས་ལེགས་བཤད་ལགས་ལ་ཞུ་གི་མེད། ཁ་བརྡའི་དྲ་བའི་ནང་དུ་ཡོང་མཁན་གཞན་ལ་ཁ་མར་འཁོར་ནས་ཆོས་འཆད་མཁན་དང་བླ་མ་སྤྲུལ་སྐུ་ཡིན་རབས་དང་ཉམས་རྟོགས་ཡོད་རབས་དང་། ལྷ་བླ་མ་མཁའ་འགྲོའི་ལུང་བསྟན་བྱུང་རབས་ཤོད་མཁན་མི་ཆོས་བླ་མའི་རྫུན་པོ་ཆེ་ཤོད་མཁན་དེ་ཚོར་ཞུ་གི་ཡོད། ་་ཟེར།
་་་་་་་་་་་་་་མ་གཏོགས་དྲ་ཐོག་འགོད་རྒྱུ་མ་རེད་ཟེར་གྱི་ཡིན་ནམ། ལྟ་འདོད་མེད་ན་མ་ལྟ་ན་འགྲིག་པ་རེད། ཕན་མཁན་ཞིག་ལ་ཕན་གྱི་རེད། དྲ་ཐོག་འདིར་མ་རབས་ཀྱི་ཚིག་སོགས་བེད་སྤྱོད་མང་དྲགས་ན་ཡག་པོ་མ་རེད།
མདོར་ན་མཆན་འབྲི་ན་སྙན་ངག་ཙམ་ཡིན་ན་དམིགས་བསལ་རེད་མ་གཏོགས་གཞན་རྒྱུ་མཚན་ཡོད་པ་འབྲི་རོགས་ཞེས་རེ་སྐུལ་ཞུ། ་་་་་ཟེར།
ཟུར་གནས་ལགས། ལམ་རིམ་ཆེ་ཆུང་གཉིས་ཀྱི་གཞུང་སྤྱིའི་ཁོག་པ་འདྲ་ཡང་ལམ་རིམ་ཆེན་མོ་ནི་བཤད་རྒྱུན་གཙོ་བོར་མཛད་པ་དང་། དགག་སྒྲུབ་དང་ལུང་འདྲེན་མང་པོའི་སྤྲོས་བཤད་སོགས་དོར་ནས་དོན་གྱི་སྙིང་པོ་གསལ་བར་སྟོན་པའི་ལམ་རིམ་འབྲིང་པོ་ནི་སྙན་བརྒྱུད་གཙོ་བོར་མཛད་པ་ཡིན་ཞེས་གསུངས།།
ལམ་རིམ་ཆེན་མོ་བཀའ་རྩོམ་མཛད་པའི་དུས་ཉིད་ན། གཉན་ཆེན་ཐང་ལྷ་དང་ཞོགས་ལྷ་རྒྱུགས་པོ་ལ་སོགས་པ་དབུས་ཕྱོགས་ཀྱི་གཞི་བདག་དཀར་ཕྱོགས་ལ་དགའ་བ་དུ་མས། ངེད་ཅག་པདྨ་སམ་བྷ་བ་དང་། ཇོ་བོ་ལ་སོགས་ཀྱི་དགེ་བསྙེན་ཡིན། ད་ཁྱེད་ཀྱི་བསྟན་པར་སྨན་པའི་ཐུགས་བཞེད་ལྟར་གྱི་མཐུན་རྐྱེན་རྣམས་བསྒྲུབ་པས་ཐུགས་རྗེས་འཛིན་པར་ཞུ། ཞེས་སྒོ་གསུམ་གུས་བས་བཏུད་པར་གྱུར་ཏོ། །དེའི་ཕྱིར་ལམ་རིམ་གྱི་བསྔོ་བའི་མཇུག་ཏུ་དེ་དག་ལ་ཆེད་དུ་དམིགས་ནས་ཐུགས་སྨོན་ཀྱང་མཛད་ཡོད་པ་རེད། །
ལེགས་བཤད་ཐུགས་རྗེ་ཆེ་འོན་ཀྱང་ཚིག་ལ་ཞིབ་ཆ་གཅེས་རྒྱུ་གལ། གཞུང་དེ་དག་གི་དོན་བསྡུས་ནས་ཚིག་ཉུང་ངུའི་ཐོག་ནས་འགོད་ཐུབ་ན་བཟང་། གཞན་དུ་ན་འདྲ་བཤུས་འགོད་པ་དང་ཚིག་ཚོགས་སྤྲོས་པ་སོགས་ལ་ལྟ་མཁན་ངོས་ནས་ཡང་ཆུ་ཚོད་མང་པོ་གཏོང་དགོས་པས་རྩོམ་ཡིག་ཆ་ཚང་ཀློག་པའི་ངལ་བ་བསྟེན་དཀའ། ཐུགས་རྗེ་གཟིགས།
གོང་ཟིན་བྲིས་པ་ཁོང་གིས་ལམ་རིམ་ཆེན་མོའི་ཞི་ལྷག་སྐོར་གྱི་ཟིན་བྲིས་བཀོད་ཡག་པོ་རེད་ཟེར་དགོས་རེད་དེ།
ཡིན་ནའང་ཁོང་གིས་རྗེའི་ལྷག་མཐོང་སྐོར་གྱི་ཕྱི་པགས་ཚིག་རིས་ཙམ་ལས་ཐུན་མིན་གྱི་ལྟ་བའི་གནད་རྣམས་གང་ཡང་བཤད་ཐུབ་མི་འདུག དཔེར་ན། ཡོད་མིན་མེད་མིན་གྱི་ལྟ་བ་དང་གསལ་སྟོང་འཛིན་མེད་ཀྱི་ལྟ་བ་འགོག་ལུགས་དང་ཐ་སྙད་ཚད་གྲུབ་འཇོག་ལུགས། ཡོད་ན་བདེན་པར་གྲུབ་དགོས་པའི་ལོག་རྟོག་དང་རང་བཞིན་གྱིས་མེད་ན་ཐ་སྙད་དུ་ཡོད་ཀྱང་ཡོད་གོ་མི་ཆོད་པའི་ལོག་རྟོག་རྣམས་རྗེ་ཡིས་ཟླ་བའི་དགོངས་པ་རྨ་མེད་པ་དེ་དཀྱུས་པ་གསལ་བསྟན་གནང་ནས་བོད་གངས་ཅན་ན་ལྟ་བ་ཡང་རྩེར་སོན་པ་ལྟ་བུ་ཆོས་འབྱུང་ལོ་རྒྱུས་ནང་གསེར་གྱི་ཡིག་འབྲུར་བཀོད་ཟིན་པ་རྣམས་ཁྱེད་ཀྱིས་གསལ་བསྟན་བྱས་ཐུབ་མི་འདུག་པས་གུས་ནས་ཁྱེད་ཀྱི་ལྷག་བསམ་དང་སྐུ་ངལ་ཙམ་ལ་ཡི་རངས་ཡོད།།
ལེགས་བཤད་ལགས། ཁྱོད་ཀྱིས་ཞི་ལྷག་གི་ཟིན་བྲིས་རགས་བཤད་དེ་ལ་ད་དུང་ཡང་གསལ་བཤད་བྱེད་རྒྱུ་ལྷག་ཡོད་པར་སེམས། མང་པོ་ཞིག་གིས་བྱིང་རྨིགས་གཉིས་གཅིག་ཏུ་འཁྲུལ་བ་དང་འཕྲོ་རྒོད་གཉིས་ཀྱང་གཅིག་ཏུ་འཁྲུལ་བ་སོགས་བྱིང་བ་དང་སྒོམ་གྱི་ཁྱད་པར་ཙམ་ཡང་མ་ཕྱེད་པར་ལོ་མང་པོའི་རིང་བསྒོམས་ཀྱང་འབྲས་བུ་མ་སོན་པས་ཆོས་ལ་ལོག་ལྟ་བྱེད་པ་མཐོང་བས། དབང་པོ་རབ་འབྲང་མཐའ་གསུམ་གྱིས་ཞི་ལྷག་སྒོམ་སྟངས་གསལ་བཤད་བྱེད་དགོས་པར་འདུག་པ་དང་། གཞན་ཡང་ཐུའུ་བཀན་རིན་པོ་ཆེས་གསུངས་པས་གྲུབ་མཐའ་ལས་བླ་མེད་ཀྱི་རྒྱུད་ཀྱི་བརྗོད་བྱའི་སྙིང་པོ་སྒྱུ་ལུས་འདི་གྲུ་ཆེན་གྱི་མན་ངག་བཞིན་གསལ་བར་མཛད་པ་ནི་རྗེ་བླ་མ་གཅིག་པུ་ཡིན་པར་གསུངས་འདུག་པ་དེ་དག་གི་གནད་ཕྲ་མོ་གང་ཡིན་དང་དེ་ཡང་ཞི་གནས་དང་ལྷག་མཐོང་ལ་རག་ལས་ཚུལ་སོགས་གསལ་བར་བཤད་དགོས་པ་ནི་རང་ཉིད་དགེ་ལུགས་པའི་གཞུང་ལ་ཐོས་བསམ་བྱས་པའི་དགོས་པར་སྣང་པས་ཞིབ་མོའི་ལམ་ནས་གསལ་བར་བྱེད་རྒྱུ་ནི་གནད་དམ་པར་འདུག་པ་ནི་སུས་ཀྱང་བསྙོན་པར་མི་ནུས་སོ།།
ཁ་སང་དེ་རིང་ལགས་བཤད་བྲིས་རྩོམ་ཡག་པོ་རྐྱང་རྐྱང་འབྲི་བཞིན་འདུག
དེ་དང་དེ་བཞིན་ཡར་རྒྱས་ལ་འགྲོ་བའི་སྨོན་ལམ་ཡོད་།
ལོག་སྨྲ་ཚར་གཅོད་ཀྱིས་འབོད་བསྐུལ་ཞུས་པ་བཞིན་ལེགས་བཤད་ལགས་ནས་དགེ་ལུགས་ཀྱིས་ཡོད་མིན་མེད་མིན་གྱི་ལྟ་བ་བཀག་ཚུལ་ཞིག་བྲིས་རོགས་ཞུ་གི་ཡོད། དེས་མང་པོ་ཞིག་ལ་ཕན་པ་ཡོང་ས་རེད་བསམ།
མངའ་རིས་ནས་མི་ཤེས་པར་ཤེས་ཁུལ་བྱས་འདུག།ཞི་གནས་དང་ལྷག་མཐོང་དགེ་ལྡན་གཉན་བརྒྱུད་ཀྱི་གདམས་པ་རེད་ཅེས་སུས་བཤད་འདུག
ལུང་དང་རིགས་དང་། དགག་སྒྲུབ་ཀྱིས་མཐའ་གཅོད་པ། ལམ་རིམ་ཆེན་མོ་དང་། རིམ་ལྔ་གསལ་སྒྲོན་ལྟ་བུ།
ཡང་ལུང་རིགས་དང་། དགག་སྒྲུབ་གཙོ་བོར་མ་བྱས་པར་དོན་གནད་བརྗོད་བྱས་པ། ལམ་རིམ་ཆུང་ངུ་དང་། གསང་འདུས་རིམ་ལྔ་གདན་རྫོགས་ལྟ་བུ།
འོག་གི་མཆན་དེ་ད་རང་བསྐུར་བསམས་ཀྱང་འཐོན་མེད་པ་སླར་འགོད་དོ།
སློབ་དཔོན་ལེགས་བཤད་རྒྱལ་བའི་གསུང་།
མཚན་མོའི་ཟླ་བས་ཀུ་མུ་ད།
རྒྱས་འགྱུར་ཇི་བཞིན་བློ་གྲོས་སྐྱེད།
ངོ་མཚར་གཏམ་འདི་གླེང་བར་སྟོད།།
ཚིག་གི་སྦྱོར་བ་འགའ་ལ་པ་ཡིག་ལ་བ་ཡིག་བྲིས་པ་ནི། བོད་ཀྱི་མཁས་པའི་འབྲི་ཚུལ་ལས་རིང་དུ་འཕྱན་པར་མ་ཟད་རང་གི་རྩོམ་ཡིག་འདི་རང་ན་ཡང་ནང་འགལ་ཡོད་པ་འགའ་རེ་སྣང་། རོལ་བ་ལ་ འབྲེལ་བའི་ འབྲེལ་བའི་ གསུངས་བས།་ དགུ་བ་ སྦྱངས་བའི་ འབྲངས་བ་ གསུངས་བ་ སེམས་གནས་དགུ་བ་ གྱུར་བའི། སྤོགས་ཆེན་པོ་ལ་སྦོགས་ཆེན་པོ་དང་། མར་མེ་སྦར་བ་ལ་མར་མེ་སྤར་བ ཞེས་མི་དགོས་སམ། དཔྱད་པར་བྱའོ། དྲངས་བ སྐྱེས་བ། འདི་དག་ཨ་མདོའི་ཁ་སྐད་ཤོར། ཉམས་སུ་བླང་པས་འགྲུབ། འདི་ལ་ ཉམས་སུ་བླངས་པས་འགྲུབ། ཞེས་པའམ་ ཉམས་སུ་བླང་བས་འགྲུབ། ཅེས་སོ།
བོད་ལ་དབུ་མའི་འཆད་ཉན་གྱི་སྲོལ་ཇི་ལྟར་དར་ཚུལ་ལོ་རྒྱུས་སུ་འཁོད་པ་ཡོངས་གྲགས་ལྟར་ན།
བསྟན་པ་སྔ་དར་གྱི་དུས་སུ་ལོ་ཙཱ་བ་སྐ་ཅོག་ཞང་གསུམ་གྱིས་དབུ་མ་རྩ་ཤེས་སོགས་ཐོག་མར་བོད་སྐད་ཐོག་བསྒྱུར་པ་ནས་བཟུང་དབུ་མའི་གཞུང་ལ་འཆད་ཉན་གྱི་སྲོལ་ཚུགས་ཤིང་། བསྟན་པ་ཕྱི་དར་གྱི་དུས་སུ་ལོ་ཙཱ་བ་ཆེན་པོ་པ་ཚབ་ཉི་མ་གྲགས་པས་རྒྱ་གར་ཁ་ཆེའི་ ཡུལ་དུ་ཕེབས་ནས་པཎ་ཊི་ཏ་ཛ་ཡ་ཨནྣཏ་གཙོ་བོར་གྱུར་པའི་པཎ་གྲུབ་མང་པོའི་ཞབས་ལ་གཏུགས་ཤིང་ལོ་ཉི་ཤུ་རྩ་གསུམ་རིང་སློབ་གཉེར་ལེགས་པར་མཛད་དེ་དཔལ་ལྡན་ཟླ་བ་གྲགས་པའི་དབུ་མ་འཇུག་པ་སོགས་བསྟན་བཅོས་མང་པོ་བོད་ཡིག་ཏུ་བསྒྱུར་ཅིང་། དབུ་མ་འཇུག་པའི་བཤད་པ་བམ་པོ་བཅུ་གཅིག་པ་སོགས་རྒྱ་ཆེར་མཛད་པ་ལ་བརྟེན་ནས་དབུ་མའི་འཆད་ཉན་གྱི་སྲོལ་ལེགས་པར་ཚུགས་ཏེ་སློབ་མ་བུ་ཆེན་བཞི་སོགས་མང་དུ་བྱོན། སློབ་བརྒྱུད་དེ་དག་ལས་མཆེད་པ་ལ་ཐལ་འགྱུར་བའི་ལུགས་འདྲ་མིན་སྣ་ཚོགས་ཤིག་བྱུང་ཡོད་པ་དང་པ་ཚབ་ཀྱི་སློབ་མ་རྨ་བྱ་བྱང་ཆུབ་བརྩོན་འགྲུས་ཀྱིས་ཕྱྭ་བ་ཆོས་ཀྱི་སེངྒའི་ཞབས་ལ་གཏུགས་ནས་དབུ་ཚད་ཀྱི་གཞུང་ལ་ཆེད་དུ་སྦྱངས་ནས་དེ་དག་ལ་ནང་བྱན་ཆུད་པར་གྱུར། དབུ་མ་ལ་བརྟེན་ནས་སློབ་མ་མང་དུ་བསྐྱངས་པ་ལས་མཆེད་པའི་སློབ་བརྒྱུད་ལ་བུ་ སྟོན་རིན་ཆེན་གྲུབ་དང་རེད་མདའ་བ་གཞོན་ནུ་བློ་གྲོས། ཡར་འབྲོག་པ་རིན་ཆེན་ཆེན་ཏོག །རྗེ་ཙོང་ཁ་པ་བློ་བཟང་གྲགས་པ་སོགས་བྱོན། ཞང་ཐང་ཟག་པ་ཡེ་ཤེས་འབྱུང་གནས་ཀྱིས་པ་ཚབ་ཉི་མ་གྲགས་པའི་ཞབས་ལ་གཏུགས་ཤིང་དབུ་མ་ ལ་མཁས་པར་སྦྱངས་ནས་དབུ་མ་འཇུག་པའི་ཊཱིཀྐ་དང་རིགས་པ་དྲུག་ཅུ་པའི་ཊཱིཀྐ །དབུ་མ་བཞི་བརྒྱ་པའི་ཊཱིཀྐ། དབུ་མ་རིན་ཆེན་ཕྲེང་པའི་ཊཱིཀྐ་སོགས་མཛད་དེ་དབུ་མའི་འཆད་ཉན་གྱི་ཁྲིད་རྒྱུན་ ལེགས་པར་བསྐྱངས་པ་ལས་མཆེད་པའི་སློབ་བརྒྱུད་ལ་རོང་སྟོན་ཤེས་བྱ་ཀུན་ཁྱབ་དང་སྟག་ལོ་ཤེས་རབ་རིན་ཆེན་ཆེན། གསེར་མདོག་པཎ་ཆེན་ཤཱཀྱ་མཆོག་ལྡན། གཽ་རམས་བསོད་ནམས་སེངྒེ་སོགས་བྱོན། མདོར་ན་ས་དགེ་དཀའ་རྙིང་རིས་སུ་མ་མཆིས་པའི་སྔོན་བྱོན་མཁས་པ་དེ་དག་གིས་ཟབ་མོ་དབུ་མའི་ལུགས་བཟང་དགག་བཞག་སྤོང་གསུམ་གྱི་སྒོ་ནས་གངས་ཅན་ལྗོངས་འདིར་དར་སྤེལ་མཛད་ཅིང་། ལྷག་པར་ལྟ་བ་ཀླུ་སྒྲུབ་ལ་ཁུངས་བཅོལ་བར་མཛད་ཀྱང་མང་པོ་ཞིག་ནི་པཎ་ཊི་ཏ་ཛ་ཡ་ཨནྣཏའི་རྗེས་སུ་འབྲངས་ཏེ་རྟགས་ཁྱབ་སོགས་གཞན་ངོ་ཁས་ལེན་ཙམ་ལས་རང་ལུགས་ལ་ཁས་ལེན་མེད་ཟེར་བ་སོགས་ལམ་རིམ་ཆེན་མོ་ན་གསལ་བ་དེ་ག་རང་རེད། དེའི་ཕྱིར་སྟོང་བ་ཉིད་ནི་རྟོགས་དཀའ་ཞིང་རྟོགས་ན་དོན་ཆེ་བ་དང་། འདི་ལ་ཐེ་ཚོམ་ཟོས་བ་ཙམ་གྱིས་ཀྱང་ཕན་ཡོན་རྒྱ་ཆེན་པོ་ཡོད་པར་གསུངས། ། རྗེ་ཙོང་ཁ་བས་འཇམ་པའི་དབྱངས་ལ་ཟབ་མོ་དབུ་མའི་ལྟ་བ་རྙེད་པའི་ཕྱིར་ཡང་ཡང་གསོལ་འདེབས་པའི་སྐབས་ཤིག་ན། ཤེས་རབ་སྙིང་པོར། གཟུགས་སྟོང་པའོ།།ཞེས་སོགས་ཀྱི་སྟོང་ཉིད་བཞི་སྐོར་གྱི་དོན་ལ་ཐུགས་གཏད་པས། བོད་སྔ་རབས་ཀྱི་ལྟ་བ་ཅི་ཡང་ཡིད་ལ་བཟུང་དུ་མེད་པ་དེ་ཀ་ཐུགས་ལ་བདེ་བ་འདྲ་བ་ ཞིག་བྱུང་སྟེ། ཐུགས་དེ་ཀའི་མུ་ལ་ཏིང་ངེ་འཛིན་དུ་སོང་ནས། ཚོགས་གྲོལ་ཚེ་གཞན་རྣམས་ཀྱིས་སློང་དགོས་པ་བྱུང་ནས། འཇམ་པའི་དབྱངས་ལ་ངའི་ལྟ་བ་འདི་ཐལ་རང་གང་གི་ལྟ་བར་འདུག་ཅེས་ཞུས་པས་གང་ཡང་མིན་གསུངས། འོ་ན་ཅི་འདྲ་ཞིག་བྱེད་དགོས་ཞུས་པས་ཐེག་པ་ཆེན་པོའི་གཞུང་ལ་ལྟ་རྟོག་གྱིས། དེའི་ནང་ནས་ཀླུ་སྒྲུབ་ཁོ་ན་ཐེག་ཆེན་གྱི་བསྟན་པ་འདི་ལ་དབང་དུ་གྱུར་པ། ཚད་མར་གྱུར་བ་ཡིན་པས་དེའི་གཞུང་རྣམས་དང་། ཟླ་བ་གྲགས་པ་འདི་སྟེང་ཕྱོགས་ཀྱི་འཇིག་རྟེན་གྱི་ཁམས་ཚད་མེད་པ་འདས་པའི་ཞིང་གཅིག་ནས་ཀླུ་སྒྲུབ་ཀྱི་བསྟན་པ་འཛིན་པའི་ཕྱིར་སྐྱེ་བ་བཞེས་པ་ཡིན་པས། དེའི་གཞུང་ལ་དཔྱད་པ་ཞིབ་ཏུ་གྱིས་གསུངས། དེའི་ཕྱིར་རྗེའི་གསེར་ཕྲེང་སྔ་རྩོམ་ཡིན་པས་བོད་སྔ་རབས་པའི་ལྟ་བ་གཙོ་བོར་བཟུང་ཡོད་པར་དགེ་ལྡན་པའི་མཁས་གྲུབ་འགས་གསུངས། རྗེ་ཙོང་ཁ་བས་དེ་ལྟར་མཛད་ཀྱང་ལྟ་བ་མ་དགོངས་ནས། ད་ཅིས་ཀྱང་མངའ་བདག་མེ་ཏྲི་པ་དང་། སློབ་དཔོན་ཀླུ་བྱང་ཆུབ་སོགས་ད་ལྟ་རྒྱ་གར་ན་བཞུགས་ཡོད་པས་དེ་དག་གི་དྲུང་དུ་ གཏུགས་ཏེ་ལྟ་བ་རྙེད་པ་ཞིག་མ་བྱས་པའི་ཐབས་མི་འདུག་དགོངས་ནས། ལྷོ་གྲོ་བོ་ལུང་དུ་ཕེབས་ཏེ་ལྷོ་བྲག་ནམ་མཁའ་རྒྱལ་མཚན་ལ་ལམ་རིམ་གསན། དེའི་སྐབས་སུ་ལྷོ་བྲག་གྲུབ་ཆེན་གྱིས་ཕྱག་རྡོར་ལ་བློ་བཟང་གྲགས་པ་འདི་རྒྱ་གར་དུ་འགྲོ་བ་ངས་འགོག་མི་ནུས་པར་འདུག་པས་ཅི་བྱེད་ན་དགའ་ཞུས་པ་ལ་ཕྱག་རྡོར་གྱིས་ ཁོང་རྒྱ་གར་ལ་ཕེབས་ན་རྡོ་རྗེ་གདན་གྱི་མཁན་པོ་ཡོང་ཞིང་། རྒྱ་གར་ལ་ཉི་མ་ཤར་བ་འདྲ་བ་འོང་། འོན་ཀྱང་སླར་འཁོར་མི་ནུས་པས་བོད་ཁམས་མུན་པའི་གླིང་དུ་འགྲོ །ལྟ་བའང་ཐུགས་དེ་ཙམ་གནང་མི་དགོས་མྱུར་དུ་རྟོགས་འོང་གསུངས་པ་ཁོང་གིས་རྗེ་ལ་ ལན་བསྐྱར། དེའི་ཚེ་རྗེ་རིན་པོ་ཆེས་རྗེ་བཙུན་འཇམ་དབྱངས་ལ་བདག་གཅིག་པུར་བསྒོམ་པ་དགའམ། འཁོར་རྣམས་ཁྲིད་པ་དགའ་ཞུས་པར་གཞན་རྣམས་ཞོག་ལ། འཁོར་དག་པ་རྣམ་བརྒྱད་ཁྲིད་གསུངས་པ་ལྟར་འོལ་ཁ་ཆོས་ལུང་དུ་བྱོན་ནས་ལྟུང་བཤགས་ སོ་ལྔ་རེ་ལ་ཐུན་གཅིག་བྱས་པའི་ཐུན་བཞི་ཆག་མེད་མཛད་ཅིང་ཕྱག་འབུམ་སོ་ལྔ་འཚལ། རྡོ་ཡི་མཎྡལ་མཛད། འཚོ་བའང་ཤུག་པའི་འབྲུ་མ་གཏོགས་རྩམ་པ་གཏན་མི་བཞེས་པའི་ཚེ། སྦྱིན་བདག་རྣམས་ཀྱིས་ནན་གྱིས་གསོལ་ནས་ཅུང་ཟད་བཞེས་ནས་ཉིན་མཚན་མེད་པར་དཀའ་སྤྱད་མཛད། ཉིན་གཅིག་གི་མནལ་ལམ་དུ་སངས་རྒྱས་བསྐྱངས་ཡིན་ཟེར་བའི་བཙུན་པ་སྔོ་སེང་ངེ་བ་ཞིག་ གིས་གླེགས་བམ་སྔོན་པོ་ཞིག་དབུ་ཐོག་ཏུ་བཞག་ནས་ལན་གསུམ་བྱིན་རླབ་བྱེད་པ་བྱུང་ བས། དེའི་ཕྱི་ཉིན་རྒྱུས་མེད་པའི་གླ་བ་ཞིག་གིས་བུདྷ་པཱ་ལི་ཏི་དཔེ་ཁྱེར་བྱུང་ནས་འདི་ལ་གཟིགས་ཟེར་བས། དེའི་ནང་གི་རབ་བྱེད་བཅོ་བརྒྱད་པ་དང་དུས་བརྟགས་པའི་ཐད་ལ་ཞིབ་དཔྱོད་མཛད་པ་ན་ བཏགས་ཡོད་མིང་རྐྱང་ཙམ་དང་། དེ་ལ་རྒྱུ་འབྲས་རྟེན་འབྱུང་གི་རྣམ་བཞག་འགལ་མེད་དུ་འཇོག་ཚུལ་ཐུགས་སུ་ཆུད་དེ་ རྒྱལ་བ་ལ་ཤེས་ནས་དད་པ་ཐོབ་པས། བསྟོད་པ་ལེགས་བཤད་སྙིང་པོ་ཆུང་བའམ་རྟེན་འབྲེལ་བསྟོད་པ་འདི་མཛད་པ་ཡིན། བོད་སྔ་རབས་པའི་ལྟ་བའི་བཤད་སྲོལ་དེ་ལ་དགག་བྱ་ཁྱབ་ཆེ་བའི་སྐྱོན་དུ་གཟིགས་ཏེ་རྩ་འཇུག་གི་རྣམ་བཤད་གཉིས་དང་དྲང་ངེས་ལེས་བཤད་སྙིང་པོ། ལྷག་མཐོང་ཆེ་ཆུང་གཉིས་ཏེ་ལྟ་བའི་ལེགས་བཤད་ལྔ་མཛད་དེ་བོད་རང་གི་ལྟ་བའི་བཤད་སྲོལ་དང་མ་མཐུན་པས་དེ་ལ་བརྟེན་ནས་བོད་སྔ་རབས་པ་དང་ཕྱི་རབས་པའི་ལྟ་བའི་ཁྱད་ པར་བྱུང་བ་དེ་འདྲ་རེད། བོད་སྔ་རབས་པ་དང་ཕྱི་རབས་པའི་ལྟ་བའི་ཁྱད་པར་དུང་དཀར་བློ་བཟང་འཕྲིན་ལས་ཀྱིས། བོད་སྔ་རབས་པའི་ལྟ་བ་ཞེས་པའི་རྒྱུ་མཚན་ག་རེ་རེད། དེ་ལ་ཁྱད་རྟགས་ག་རེ་ཡོད་ཟེར་ན། རྒྱ་གར་གྱི་རྒྱན་དྲུག་མཆོག་སོགས་གྲུབ་མཐའ་སྨྲ་བ་གང་གི་རྗེས་སུའང་མི་འབྲང་ཞིང་དེ་དག་གི་གཞུང་ལུགས་ཀྱི་ལྟ་ཚུལ་དང་ཡང་མི་མཐུན་པར་བོད་རང་གི་དབུ་མའི་ལྟ་བའི་བཤད་སྟངས་ཤིག་ལ་བོད་སྔ་རབས་པར་ངོས་འཛིན་གྱི་ཡོད། ཅེས་གསུངས་འདུག །བུ་སྟོན་རིན་པོ་ཆེས། བདེ་བར་གཤེགས་པའི་བཀའ་དང་བསྟན་བཅོས་ནས་གསུངས་པའི་མཚན་ཉིད་འགོད་མཁན་ནི་མི་གདའ། རང་རང་གི་མགོ་ཕུར་བའི་བསམ་མནོ་བཏང་ནས་མཚན་ཉིད་འགོད་པ་ཞིག་བོད་ན་དར་གདའ་བས། ཞེས་རྒྱན་དྲུག་མཆོག་གཉིས་ཀྱི་གཞུང་ལ་རྩལ་འདོན་མི་བྱེད་པར་རང་རང་གི་བསམ་མནོ་ལྟར་གྱི་ལྟ་དགོངས་དེ་ལ་བོད་སྔ་རབས་པ་དང་དེ་ལས་ལྡོག་པ་ལ་བོད་ཕྱི་རབས་པའི་ལྟ་བ་ཞེས་འདོགས་སྟངས་ཤིག་ཡོད།
ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱིས།
ཆོས་ཐམས་ཅད་དགོངས་པ་ཆོས་ཉིད་དུ་རྫོགས་པས་རྫོགས་ཆེན། དམིགས་པ་ཕྱོགས་གཅིག་ཏུ་གཏད་རྒྱུ་མེད་པས་དབུ་མ། རྟོག་པ་རང་སར་ཞི་བས་ཞི་བྱེད། གང་ཤར་ཐད་ཀར་གཅོད་པས་གཅོད་ཡུལ། གནས་ལུགས་བློ་ལས་འདས་པས་ཕྱག་ཆེན། དེ་ལ་སོགས་ཏེ་མིང་གི་རྣམ་གྲངས་ཙམ་མ་གཏོགས་དོན་ལ་གཅིག་པ་ཡིན། ཞེས་གསུངས་སོ།།
ཆོས་རྗེ་འབྲུག་པ་ཀུན་ལེགས་ཀྱི་ཞལ་གདམས།
འཕྲལ་གཟུགས་བཙུན་ཀྱང་བསམ་པ་ངན་ན་ཕུགས་བཙུན་པ་མིན། འཕྲལ་གཟུགས་བརྙན་ཅི་འདྲ་ནའང་གཏིང་བསམ་པ་བཟང་ན་བཙུན་པ་ཡིན། ཁའི་ཟས་ཀྱང་ཟ་བ་པོ་དང་གསོད་མཁན་གཉིས་ཀྱི་ཟ་མཁན་ཉེས་པ་ཆེ་བར་དུས་ཀྱི་འཁོར་ལས་གསུངས། ཞེས་གསུངས་སོ།།
༣༠ པ་དེ་བློ་གྲོས་ཉམས་པ་སོར་ཆུད་དང་མི་ཉམས་གོགང་འཕེལ་གྱིས་ཀུན་ལ་ཕན་པས། དཀའ་བ་ལྷུར་ལེན་གྱིས་བཀོད་པ་ལ་བཀའ་དྲིན་ཆེའོ།།
དགེ་ཆོས་མཆོག་གིས།
ཡོད་མེད་ཡིན་མིན་བདེན་རྫུན་ལ་སོགས་པར།
རྩོད་པའི་འུར་སྒྲ་སྒྲོགས་པའི་རྟེན་འདིར།
འདི་ཉིད་བདེན་ལ་འདི་ཉིད་མི་སླུ་ཞེས།
རང་གིས་བདེན་ཁ་རང་ལ་སྦྱིན་པ་འདི།
རིགས་མཐུན་ཚོགས་ལ་སྨྲས་ན་ཉམས་རེ་དགའ།
མི་མཐུན་ཚོགས་ལ་སྨྲས་ན་ཞེ་རེ་ཁྲོ།
པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཕྱག་རྫོགས་དབུ་སེམས་ལ་སོགས་པ།།ངེས་དོན་ལུང་རིགས་ལ་མཁས་ཤིང་།།ཉམས་མྱོང་ཅན་གྱི་རྣལ་འབྱོར་པའི།།སྤྱད་ན་དགོངས་པ་གཅིག་ཏུ་འབབས།།ཞེས་གསུངས་པ་ལྟར། ས་དགེ་བཀའ་རྙིང་ཚང་མའི་ལྟ་གྲུབ་གྱི་ཁོངས་གཏུགས་ས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཁོ་ན་ཡིན། འོན་ཀྱང་ཚིག་གསུང་སྟངས་ཙམ་མི་འདྲ་བ་ལས་དོན་ལ་གཞོལ་སྐབས་འབབས་ས་གཅིག་ཡིན་པ་མཁས་གྲུབ་རྩེར་སོན་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུངས་པ་ལྟར་ཡིན། དེ་ཡང་མདོ་ལས། ཡོད་མིན་མེད་མིན་གཉིས་ཀ་མིན།།གཉིས་ཀྱི་བདག་ཉིད་མིན་པའང་མིན།།མཐའ་བཞིའི་རྣམ་པར་གྲོལ་བ་ཡི།།དེ་ཉིད་དབུ་མ་པ་ཡིས་རིགས། ། ཞེས་གསུངས་པའི་ལུང་གི་རྗེས་སུ་འབྲངས་ནས་ཡོད་མིན་མེད་མིན་ཟེར་བ་དང་། ཐ་སྙད་ཚད་གྲུབ་མེད་ཟེར་མཁན་དང་གཞན་ཡོད་ཟེར་མཁན་ཚང་མ་ལ་འགལ་བའི་ཆ་སྤུ་ཙམ་ཡང་མེད། རྒྱུ་མཚན་ནི། ཐ་སྙད་ཚད་གྲུབ་ཡོད་ཟེར་མཁན་དང་ཆོས་ཐམས་ཅད་བདེན་གྲུབ་གྱིས་སྟོང་ཀྱང་ཡོད་པ་ཡིན་ཟེར་མཁན་ཚོས་དེ་ཐམས་ཅད་ལྟོས་འཇོག་གིས་བཞག་དགོས་པས་ཡོད་པ་དང་ཐ་སྙད་ཚད་མ་ཡོད་པར་ཁས་ལེན་པ་ཡིན། འོན་ཀྱང་བཏགས་དོན་བཙལ་ན་གཅིག་ཀྱང་རྙེད་དུ་མེད་པ་གཅིག་མཚུངས་ཡིན། ཐ་སྙད་ཚད་གྲུབ་མེད་ཟེར་མཁན་ཚོས་ཀྱང་ཡོད་ན་བཏགས་དོན་བཙལ་ནས་རྙེད་དགོས། དེའི་ཕྱིར་མི་རྙེད་པས་མེད་ཅེས་ཁས་ལེན་པ་ཙམ་རེད། གཉི་གའི་ལྟོས་འཇོག་གིས་ཆོས་ཐམས་ཅད་འཇོག་པར་ཁས་ལེན་པ་གཅིག་མཚུངས་ཡིན། དཔེར་ན་གཅིག་གིས་རིང་ཐུང་ཟེར་བ་ཡོད་པ་རེད། དེ་ཡང་ལྟོས་ས་ལྟོས་འཇོག་གིས་བཞག་དགོས་ཟེར་བ་དང་། ཡང་གཅིག་ཤོས་ཀྱིས་རིང་པོ་ཟེར་བ་ཡོད་པ་མ་རེད་གལ་སྲིད་རིང་བོ་ཞིག་ཡོད་ན་སུ་ལ་ལྟོས་ཀྱང་རིང་བོ་ཡིན་དགོས་ཞེས་པ་དང་གཅིག་མཚུངས་ཡིན། བསམ་བློ་གཏོང་ཤེས་ན་ལས་སླ་བོ་རེད་བསམ། འོན་ཀྱང་སྔོན་བྱོན་མཁས་པ་མང་པོས་དེའི་ཐོག་རྩོད་པ་མང་པོ་གནང་བ་གདུལ་བྱ་ཚོས་སློབ་སྦྱོང་གནང་རྒྱུའི་ཆེད་ཡིན་སྲིད། ཡང་ཁ་ཤས་ཀྱིས་དོན་དག་ཧ་ལོག་ནས་རྩོད་མཁན་ཀྱང་མང་པོ་བྱུང་ཡོད་པ་རེད།
འོ་ན་དེ་ལྟར་ཡོང་དགོས་པའི་རྒྱུ་མཚན་ག་རེ་རེད་ཟེར་ན་། གདུལ་བྱ་སྒྲོ་འདོགས་ཀྱི་བློ་ཤུགས་ཆེར་ཡོད་མཁན་ལ་མཐའ་གཅིག་མེད་ཅེས་བཀག་ན་དགོས་པ་ཆེ་བ་དང་། སྐུར་འདེབས་ཀྱི་བློ་ཆེས་ཆེར་ཡོད་མཁན་ལ་མཐའ་གཅིག་ཏུ་མེད་ཅེས་བཀག་ན་དགོས་པ་ཆེ་བ་ཡོད་པར་སོང་ཙང་རེད། གང་ལྟར་དགེ་འདུན་ཆོས་འཕེལ་གྱི་ཀླུ་སྒྲུབ་དགོངས་རྒྱན་ནང་མེད་པའི་སྒྲུབ་བྱེད་ལ་བཏགས་དོན་བཙལ་ནས་བཞག་པའི་དཔེ་དེ་ཚོ་ལ་ང་ཚོའི་གཞོན་སྐྱེས་ནང་ཧ་ལོག་མཁན་མང་པོ་མཐོང་བས་ཁྱེད་ཚོ་བཏགས་དོན་བཙལ་སྟངས་དང་ལྟོས་ས་ལྟོས་འཇོག་གིས་བཞག་ཚུལ་ཐོག་དཔེ་དོན་གཉི་གའི་ཐོག་བསམ་བློ་བཏང་ནས་རྩད་གཅོད་བྱོས་དང་ཉིན་ཞིག་རྟེན་འབྱུང་གི་གོ་དོན་རྟོགས་ངེས། གོང་གི་མཆན་གཅིག་གིས་ཡོད་མིན་མེད་མིན་སྐོར་ལ་དྲི་ཞིག་བཏང་ཡོད་པ་མཐོང་བས་བྲིས་ཐལ་བྱུང་།
མཛེས་ཤིང་ཡིད་དུ་འོང་བའི་མཛེས་མི་ཤ་གཟུགས་མིག་མདུན་དུ་སླེབས་དུས་འདོད་ཆགས་སྐྱེས་ཡོང་ས་དེ་མཛེས་མ་རེད་དམ་མཛེས་མ་བདེན་པ་གྲུབ་པ་རེད། མཛེས་མ་ལ་འདོད་ཆགས་སྐྱེས་པའི་སྐབས་སུ་ཆགས་ལྡན་སྐྱེ་བོ་སུ་འདྲ་ཞིག་ཡིན་ཀྱང་མཛེས་མའི་ཤ་གཟུགས་སྣང་ཡུལ་དུ་བྱས་ནས་འདོད་ཆགས་སྐྱེས་པ་ལས་མཛེས་མ་བདེན་པ་གྲུབ་པ་ལ་འདོད་ཆགས་སྐྱེས་ཤེས་པ་ཞིག་མ་རེད་ལབ་ན་ཁྱེད་ལ་ཅི་ལབ་ཀྱི་ཡོད་དམ།
སྣང་བ་ལུ་ལུ་འདི་བཞག་ནས་དགག་རྒྱུར་བདེན་གྲུབ་ཤིག་འཚོལ་འགྲོ་དགོས་པ་ནི་ཁྱད་མཚར་་འདྲ་འདུག བདེན་པ་གྲུབ་པ་ཟེར་བའི་ཐ་སྙད་ཙམ་ཡང་མི་ཤེས་མཁན་ཚོའི་རྒྱུད་ལ་བདེན་འཛིན་མི་སྐྱེས་པར་འདྲ།
ཐ་སྙད་ཚད་གྲུབ་ཡོད་མེད་ཀྱི་གཏམ་འདི་པ་ཚབ་སློབ་བརྒྱུད་ནས་མཆེད་པ་གསལ་བོ་རེད། རྟེན་འབྱུང་གིས་དགོངས་ཚུལ་ཡག་པོ་གསུངས་འདུག་སྟེ། ཡིན་ཡང་། གདུལ་བྱ་སྒྲོ་འདོགས་ཀྱི་བློ་ཤུགས་ཆེར་ཡོད་མཁན་ལ་མཐའ་གཅིག་མེད་ཅེས་བཀག་ན་དགོས་པ་ཆེ་བ་དང་། སྐུར་འདེབས་ཀྱི་བློ་ཆེས་ཆེར་ཡོད་མཁན་ལ་མཐའ་གཅིག་ཏུ་མེད་ཅེས་བཀག་ན་དགོས་པ་ཆེ་བ་ཡོད་པར་སོང་ཙང་རེད། ཅེས་བཤད་པ་སྐུར་འདེབས་ཀྱི་བློ་ཤུགས་ཆེ་ཡོད་མཁན་ལ་མཐའ་གཅིག་ཏུ་མེད་ཅེས་བཀག་ན་དགོས་པ་ཡོད་ཚུལ་ཇི་ལྟར་ཡིན་ལགས། སྐུར་འདེབས་ཀྱི་བློ་དང་གནོད་བྱ་གནོད་བྱེད་དུ་འགྲོ་ཚུལ་ཞིག་མེད་པས་ཐ་སྙད་ཚད་གྲུབ་མེད་ཟེར་བ་ཡིན་ན། ལས་རྒྱུ་འབྲས་མེད་པ་འདོད་པ་ལ་ལས་རྒྱུ་འབྲས་མེད་ཅེས་ལས་རྒྱུ་འབྲས་བཀག་པ་ལ་བློ་དེ་ལ་གནོད་བྱེད་དུ་འགྲོ་རྒྱུའི་ཚབ་ཏུ་རྒྱབ་རྟེན་དུ་སོང་བ་ལྟ་བུར་འདུག་པས་དགོས་པ་ལྷག་པོ་ཅི་ཡོད་གསུངས་རོགས་གནང་།
པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས། ཕྱག་རྫོགས་དབུ་སེམས་ལ་སོགས་པ།།ངེས་དོན་ལུང་རིགས་ལ་མཁས་ཤིང་།།ཉམས་མྱོང་ཅན་གྱི་རྣལ་འབྱོར་པའི།།སྤྱད་ན་དགོངས་པ་གཅིག་ཏུ་འབབས།།ཞེས་གསུངས་པ་ལྟར། ས་དགེ་བཀའ་རྙིང་ཚང་མའི་ལྟ་གྲུབ་གྱི་ཁོངས་གཏུགས་ས་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱི་དབུ་མ་ཐལ་འགྱུར་བའི་ལྟ་བ་ཁོ་ན་ཡིན། ་་་་ཟེར།
དྲ་གྲོགས་རྣམས་ལ་ཞུ་རྒྱུ། ཐ་སྙད་ཚད་གྲུབ་ཅེས་པའི་ཐ་སྙད་གྲུབ་བྱེད་ཀྱི་ཚད་མ་དེ་ཅི་འདྲ་ཞིག་ལ་ཟེར་གྱི་ཡོད། མི་ལ་བསྟས་ནས་འཇོག་གམ་མཚན་གཞི་ཞིག་འཇོག་པར་ཞུ།
སྐུར་འདེབས་དང་སྒྲོ་འདོགས་གཉིས་གོ་ས་བརྗེ་རོགས་ནོར་འདུག
སྒྲོ་འདོགས་ཀྱི་བློ་ཤུགས་ཆེ་བས་ཡོད་ན་བདེན་པར་གྲུབ་དགོས་སྙམ་ནས་རྟག་མཐའ་ལ་ལྷུང་ཉེན་ཚོར་མཐའ་གཅིག་ཏུ་མེད་ཅེས་དགག་ན་དགོས་པ་ཆེ་བ་དང་། བདེན་པར་མ་གྲུབ་ན་མེད་དགོས་སྙམ་ནས་ཆད་མཐར་ལྷུང་ཉེན་ཚོར་དགག་བྱའི་ཁྱད་པར་སྦྱར་ནས་བཀག་ན་དགོས་པ་ཆེ་བ་སོང་ཙང་རེད་ཟེར་བ་ཡིན།
རྟེན་འབྱུང་ལགས། ཁྱོད་ཀྱིས་༼ ཐ་སྙད་ཚད་གྲུབ་མེད་ཟེར་མཁན་ཚོས་ཀྱང་ཡོད་ན་བཏགས་དོན་བཙལ་ནས་རྙེད་དགོས། དེའི་ཕྱིར་མི་རྙེད་པས་མེད་ཅེས་ཁས་ལེན་པ་ཙམ་རེད། ༽ཅེས་པ་འདི་ཐ་སྙད་ཚད་གྲུབ་མི་འདོད་པའི་རྒྱུ་མཚན་འདི་ལ་ཐུག་པ་ཡིན་ན། ཐ་སྙད་ཚད་གྲུབ་འདོད་པ་དང་མི་འདོད་པ་གཉིས་མཐུན་ཐབས་གཏན་ནས་མེད། ཐ་སྙད་ཚད་གྲུབ་ཡོད་པའི་རྒྱུ་མཚན་མཐར་ཐུག་པ་དེ་བཏགས་དོན་བཙལ་ནས་མ་རྙེད་པ་འདི་ལ་ཐུག་ཡོད་པས། དེ་ན་ ཚ་གྲང་ལྟ་བུར་སོང་བ་འདི་གཉིས་གཞི་གཅིག་ལ་སླེབས་སྲིད་དམ་ལེགས་པར་སོམས་ཤིག
ལེགས་བཤད་ལགས། སྙིགས་མའི་དུས་འདིར་དཔེ་ཆ་ལ་དོ་སྣང་ཡོད་ཅི་བས་སྤྲོ། འོན་ཀྱང་ཁྱོད་ཀྱིས་སེམས་གནས་དགུ་པ་ནས་ཞི་གནས་ཐོབ་ཟེར་བ་ནི་ནོར་འཚབ་ཆེ་ཞིང་། འདོད་པའི་སྒོམ་བྱུང་ལ་ཞི་གནས་མིན་པས་ཁྱབ་ཟེར་བ་ཡང་། དབང་ཐོབ་ཀྱི་བྱང་སེམས་ཀྱིས་གནོད་བྱེད་མཐའ་ཡས་པ་འབབ་པ་སོགས་ད་དུང་ཡང་སློབ་གཉེར་ལ་ཧུར་བརྩོན་བྱ་དགོས་མཐོང་།
ཡང་ཁྱོད་ཀྱི་མཆན་དུ་དབུ་མའི་བརྒྱུད་རིམ་བཤད་པ་དེ་ཡང་ཟེར་ཟློས་ཙམ་ལས་ཞིབ་མོས་དཔྱོད་དགོས་དུ་མ་ཡོད།
སེམས་གནས་དགུ་ནི།
ནང་ཉིད་ལ་འཇོག་པ།
རྒྱུན་དུ་འཇོག་པ།
གླན་ཏེ་འཇོག་པ།
ཉེ་བར་འཇོག་པ།
དུལ་བར་འཇོག་པ།
ཞི་བར་བྱེད་པ།
རྣམ་པར་ཞི་བར་བྱེད་པ།
བརྒྱད་པ་རྩེ་གཅིག་པ།
དགུ་པ་མཉམ་པར་འཇོག་པའོ། ཞེས་པ་ཞིག་ངའི་ང་ལ་ད་དུང་ཡང་འཇགས་འདུག དཔྱད་པར་འཚལ།
ཡོད་པ་ཡིན་ན་བཏགས་དོན་བཙལ་ནས་རྙེད་ཡ་མེད་པ་འདི་ཚང་མས་ཁས་ལེན་པ་མཚུངས་པ་རེད། འོན་ཀྱང་ཡོད་ན་བཏགས་དོན་བཙལ་ནས་རྙེད་དགོས་ཟེར་བ་དང་། བཏགས་དོན་བཙལ་ནས་རྙེད་ཡ་མེད་ཀྱང་ཡོད་ཆོག་ཟེར་བ་འདི་ལས་དོན་དག་ཏིག་ཏིག་འདི་གཉི་གས་ཁས་ལེན་པར་མཚུངས་པས་ད་མིང་ཙམ་ལ་རྩོད་བཞིན་པ་ཤེས་པར་གྱིས། དཔེར་ན་རིང་ཐུང་སོགས་བཞག་པ་ནང་བཞིན་རེད། གནའ་ནས་ད་བར་མིང་ཙམ་ལ་རྩོད་ནས་ཡོང་བ་རེད། ཞེན་ཁོག་ཡང་མིང་ཙམ་ལ་ཞེན་ཁོག་བྱས་ནས་ཡོང་བ་རེད། དེ་ཡང་ཤེས་ཡོན་གྱིས་ཕུང་མཁན་ཚོར་རེད་དོན་ངོས་ཐོག་ཐམས་ཅད་གཅིག་པ་གཅིག་རྐྱང་ཡིན་པ་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུང་བ་ལྟར་རེད།
ལེགས་བཤད་ལགས།
འདྲི་ལན་གནང་བར་ཐུགས་རྗེ་ཆེ། ཁྱེད་ཐོས་བསམ་དོན་གཉེར་བ་མིང་དོན་མཚུངས་པ་ཞིག་རེད་འདུག
ང་ལ་དགེ་ལྡན་པའི་དཔེ་ཆ་མང་པོ་གློག་ཀླད་ཐོག་ཡོད་པས། དགོས་ན། དཔེ་ཆའི་མིང་དང་གློག་འཕྲིན་ཁ་བྱང་བསྐུར་ཤོག
ངའི་ངགཏུ་དགུ་པ་དེ་ལ་བཏང་སྙོམས་སུ་བྱེད་པ་ཞེས་མཆིས་སོ།།
ང་ནི།
གཅིག་བུར་ཉལ་ན་མི་འདུག
མཛེས་མར་འཕྲད་དུས་ཡོད་འདུག
ཡོད་མེད་གཉིས་ཀའི་རྣམ་རྟོག
བྲལ་བའི་དུས་ཤིག་བསྒུགས་ཡོད།
མཁས་དབང་མང་པོ་ཞིག་ཕེབས་ནས་བགྲོ་གླེང་གནང་བར་དགའ་བསུ་ཞུ། སྐུ་ཞབས་གང་ཤེས་ལགས་ལ། མདོ་ལུགས་ཀྱི་ཞི་གནས་སྒྲུབ་ཚུལ་དང་སྔགས་ལུགས་ཀྱི་ཞི་གནས་སྒྲུབ་ཚུལ་མི་འདྲ་བ་ཡོད་པ་ཤེས་དགོས་པ་རེད། ལེའུ་བཅུ་གཅིག་པའི་མཐའ་དཔྱོད་ལས། རྒྱུད་སྡེ་བཞི་གའི་ལམ་དུ་ཞི་རགས་ཀྱི་རྣམ་པ་ཅན་གྱི་ལམ་བསྒོམས་ནས་འདོད་ཡོན་ལ་ཆགས་པ་དང་བྲལ་བར་བྱེད་ཚུལ་མ་བཤད་ལ། ཁྱད་པར་དུ་དབང་པོ་གཉིས་སྦྱོར་གྱི་ཆགས་པ་ལམ་དུ་བྱེད་པ་བླ་མེད་ཀྱི་སྐབས་འདིར་ཞི་རགས་ཀྱི་ལམ་སྒོམ་པ་གོལ་ས་ཡིན་པས་མི་འདོད་དོ། །ཞེས་གསུངས་པ་ལྟར་རྒྱུད་སྡེ་བཞི་པོ་གང་དུ་ཡང་ལྷའི་རྣལ་འབྱོར་སྒོམ་པ་ལས་ལོགས་སུ་ཞི་གནས་སྒྲུབ་ཚུལ་མ་གསུངས་ཏེ། ལྷའི་རྣལ་འབྱོར་བསྒོམས་པ་ཉིད་ཀྱིས་ཞི་གནས་མཚན་ཉིད་ཚང་བ་འགྲུབ་པ་ཡིན་ཞེས་དབྱངས་ཅན་དགའ་བློས་གསུངས་སོ། །དེས་ན་ལམ་རིམ་གྱི་སྐབས་འདིར་ཞི་གནས་སྒྲུབ་ཚུལ་ཐོགས་མེད་ཀྱི་ལུགས་ལྟར་་ཉན་ས་དང་ཀུན་བཏུས་ལྟར་ལས་དང་པོ་བས་ཞི་གནས་ཇི་ལྟར་སྒྲུབ་ཚུལ་འདི་ཤེས་དགོས་པ་ཡིན། དེ་མིན་དབང་ཐོབ་པའི་བྱང་སེམས་ས་མཐོན་པོར་གནས་པ་ཚོ་ལ་འཇིག་རྟེན་ལས་འདས་པའི་བསམ་གཏན་མ་གཏོགས་འཇིག་རྟེན་པའི་བསམ་གཏན་གྱིས་དགོས་པ་མེད་པའི་ཕྱིར། ཉ་དང་ཉུང་མ་མི་བསྲེས་བར་ཡག་པོ་ཞིག་དཔྱད་དགོས་བར་ཡོད་དོ། །ཐོག་མར་ཞི་གནས་ཇི་ལྟར་འགྲུབ་པའི་སྐབས་སུ་སེམས་གནས་དགུ་པ་ནས་ཞི་གནས་འཐོབ་པ་ནི། དེའི་གོང་གི་སེམས་གནས་ཀྱི་ཏིང་ངེ་འཛིན་ནི་ཞི་གནས་མ་ཡིན་ཏེ། ཤིན་སྦྱངས་ཁྱད་པར་ཅན་མ་ཐོབ་པའི་ཕྱིར། ལམ་རིམ་ལས། ལུས་སེམས་ཤིན་སྦྱངས་བའི་དགའ་བདེ་ནམ་སྐྱེས་པ་ན་ཏིང་ངེ་འཛིན་དེ་ཞི་གནས་སུ་འགྱུར་ཏེ།
༣༥ པ་ན། རྟེན་འབྱུང་ལེགས་ཀྱིས་བཀོད་པར་ལེགས་ཆ་མང་དུ་མཆིས།
དེ་ཡང་མདོ་ལས།
་
ཡོད་མིན་མེད་མིན་གཉིས་ཀ་མིན།
གཉིས་ཀྱི་བདག་ཉིད་མིན་པའང་མིན།
མཐའ་བཞིའི་རྣམ་པར་གྲོལ་བ་ཡི།།
དེ་ཉིད་དབུ་མ་པ་ཡིས་རིགས། །
་
འདི་ཉིད་མདོ་གང་དུ་ཡོད་དམ། ཡང་ན། བསྟན་བཅོས་གང་དུ་འདི་ཉིད་དྲངས་ཡོད་དམ།
་
དབུ་མ་ཚིག་གསལ་རབ་བྱེད་བཅོ་ལྔ་པའི་ཙིགས་བཅད་བདུན་པའི་འགྲེལ་པར། དཔལ་ལྡན་ཟླ་བས་དྲངས་པ།
་
ཡོད་དང་མེད་ཅེས་བྱ་བ་གཉི་ག་མཐའ།
གཙང་དང་མི་གཙང་འདི་ཡང་མཐའ་ཡིན་ཏེ།
དེའི་ཕྱིར་གཉི་གའི་མཐའ་ནི་རྣམ་སྤངས་ནས།
མཁས་པས་དབུས་ལའང་གནས་པར་ཡོངས་མི་བྱེད།།
ཅེས་དང་།
ཡོད་དང་མེད་ཅེས་བྱ་བ་རྩོད་པ་སྟེ།
གཙང་དང་མི་གཙང་འདི་ཡང་རྩོད་པ་ཡིན།
རྩོད་པར་གྱུར་པས་སྡུག་བསྔལ་ཞི་མི་འགྱུར།
རྩོད་པ་མེད་པར་གྱུར་པས་སྡུག་བསྔལ་འགག།
་
ཅེས་ཚིགས་བཅད་འདི་གཉིས། ཏིང་ངེ་འཛིན་རྒྱལ་པོའི་མདོའི་ལེའུ་དགུ་པའི་ཚིགས་བཅད། ༢༧དང་༢༨ ལེགས་སྦྱར་མ་དཔེ་ན་བཤད་དོ།
་
འཕགས་པ་ཀླུ་སྒྲུབ་ཀྱིས།
་
བཅོམ་ལྡན་དངོས་དང་དངོས་མེད་པ།
མཁྱེན་པས་ཀཱ་ཏྱཱ་ཡ་ན་ཡི།
གདམས་ངག་ལས་ནི་ཡོད་པ་དང་།
མེད་པ་གཉི་གའང་དགག་པར་མཛད།། ༧ །། རྩ་ཤེས་ལེའུ་༡༥པ།
དེའི་འགྲེལ་པ་ཚིག་གསལ་དུ། ཟླ་གྲགས་ཀྱིས། མདོ་སྡེ་འདི་སྡེ་པ་ཐམས་ཅད་ཀྱིས་འདོན་པ་ཡིན་ནོ།། ཞེས་གསུངས།
་
བདག་རང་གིས་མ་དག་པ་མང་དུ་བྲིས་པ་དག་ལ་སྐྱོན་སེལ་ལ་དགའ་བསུ་ཡོད། གཞན་ལ་དག་པར་ཁ་སྐད་མ་འདྲེས་པ་འབྲི་དགོས་པ་གླེང་བར་བྱེད། དེས་ན། འོག་གི་ཚིག་རྣམས་ལ་དཔྱད་པར་བྱ་སྟེ།
༼བདེན་གྲུབ་གྱིས་སྟོང་ཀྱང་།༽ཞེས་པར་ཀྱང་ཞེས་པའི་རྒྱན་སྡུད། ག་ ད་ བ་ ས་ ད་བཤུལ་བཅས་ལ་འཇུག་པས། བདེན་གྲུབ་གྱིས་སྟོངས་ཀྱང་། ཞེས་དང་། ༼གལ་སྲིད་རིང་བོ་ཞིག་ཡོད་ན། ཞེས་དང་། བསམ་བློ་གཏོང་ཤེས་ན་ལས་སླ་བོ་རེད་༽ བསྟན་བཅོས་ཀྱི་སྐད་དང་མཐུན་པར་ཧོར་པ་བསྟན་དར་ལྷ་རམས་པས་བཤད་པ་བཞིན་དུ། རིང་བ་ལ་རིང་པོ་དང་ སླ་བ་ལ་སླ་པོ། ཤེས་དགོས་པར་མཐོང་ངོ་།།
་་་
དེའི་ཕྱིར་ཡི་གེ་དག་ལ་སྐྱོན།
ཆུང་བར་གྱུར་ཀྱང་ཅི་ཞིག་ལྟར།
བཏང་སྙོམས་མི་བྱ་ལུས་མཛེས་ཀྱང་།
སྐྱོན་གཅིག་གིས་ནི་སྐལ་ངན་འགྱུར།།
་་་
ཞེས་པ་འདོན་པ་བསྒྱུར་ནས་བྲིས་སོ།།
གཞན་གྱིས་འདི་བཤད་དེ་བཤད་སྐྱུར་ལ་ཐོངས། །
བདག་གི་འདི་མྱངས་དེ་མྱངས་ཤོད་ལ་ཐོངས། །
སྤྲང་པོས་ཕྱུག་པོའི་ནོར་རྩི་སྐྱུར་ལ་ཐོངས། །
ཕྱུག་པོས་རང་གི་ནོར་རྩི་ཨེ་མ་ཧོ། །
ཐ་སྙད་ཚད་གྲུབ་འཇོག་ཚུལ་དཀའ་བའི་གནས་དེ་དག་གི་ཕྱོགས་ཙམ་ཡང་མ་མཐོང་བར་རྣམ་པར་དག་པའི་གཞུང་གི་དགོངས་པ་ཕྱིན་ཅི་ལོག་ཏུ་འདྲེན་པར་བྱེད་པ་དག་གིས་འདི་ལྟར༼ཡོད་པ་ཡིན་ན་བཏགས་དོན་བཙལ་ནས་རྙེད་ཡ་མེད་པ་འདི་ཚང་མས་ཁས་ལེན་པ་མཚུངས་པ་རེད།༽ད་མིང་ཙམ་ལ་རྩོད་བཞིན་པ་ཤེས་བར་གྱིས།༽༼ དེ་ཡང་ཤེས་ཡོན་གྱིས་ཕུང་མཁན་ཚོར་རེད༽༼་པཎ་ཆེན་བློ་བཟང་ཆོས་རྒྱན་གྱིས་གསུང་བ་ལྟར་རེད།༽ ཅེས་ཐག་བཅད་དེ་སྒྲུབ་བྱེད་བཀོད་པ་ལྟར་ན། དཀོན་ཅོག་གསུམ་དང་ལས་རྒྱུ་འབྲས་ལ་སོགས་པ་འཁོར་འདས་ཀྱི་རྣམ་བཞག་ཐམས་ཅད་མེད་པར་ཐལ། དེ་དག་བཏགས་དོན་བཙལ་ན་གཅིག་ཀྱང་མི་རྙེད་པའི་ཕྱིར། ལེགས་པར་སོམས་ཤིག རེ་ཟུང་ཞིག་གིས་གཞུང་གི་དགོངས་དོན་གང་ཡིན་ལ་དཔྱད་ཙམ་ཡང་མ་བྱས་པ་མ་ཟད་གཞུང་གི་ཚིག་རིས་མཐོང་ཚད་འདྲ་བཤུས་ཀྱིས་འདིར་བཀོད་པ་ནི་རང་ཉིད་གྲགས་པ་ལ་རེ་བའི་རང་མཚང་ཕྱིར་མངོན་པ་ཡིན་ནོ།།
སྣང་བྲལ་རྡོ་རྗེས་དང་ངེད་གཉིས་ཀྱི་བསམ་ཚུལ་གཅིག་པ་རེད། བཏགས་དོན་བཙལ་ནས་མ་བརྙེད་ན་མེད་པས་མ་ཁྱབ་ལ། ཡོད་ན་བཏགས་དོན་བཙལ་ནས་བརྙེད་དགོས་པས་ཀྱང་མ་ཁྱབ། ཆོས་ཐམས་ཅད་མིང་གིས་བཏགས་ཙམ་ལས་རང་ངོས་ནས་ཡོད་པ་གཅིག་ཀྱང་མེད་ལ། རྟེན་འབྲེལ་བསླུ་མེད་བསྙོན་མེད་ཀྱི་མིང་ཙམ་པོ་དེ་ལ་ཐ་སྙད་ཚད་གྲུབ་ཅེས་བྱ་བ་ཡིན། སྣང་བ་རྟེན་འབྲེལ་རྩོད་པའི་སྐབས་རེད། འོན་ཀྱང་སྐུ་ཞབས་རྟེན་འབྱུང་གིས་དཔྱད་ན་དགོངས་པ་གཅིག་ཏུ་འབབ་ཚུལ་གྱི་གོ་བ་ལེན་ཕྱོགས་དེ་ནི་བརྒྱད་སྟོང་བར་རྒྱ་མཚོའི་དཔེར་གསུངས་པ་དང་གཅིག་མཚུངས་རེད། ཚྭ་ཆུ་དང་ཆུ་བོ་ཡན་ལག་བརྒྱད་ལྡན་སོགས་རྒྱ་མཚོར་འབབ་པ་ན་ཐམས་ཅད་རོ་གཅིག་ཏུ་གྱུར་བ་བཞིན། སྤྱོད་འཇུག་ལས་ཀྱང་། དེ་ཚེ་རྣམ་པ་གཞན་མེད་པས།།དམིགས་པ་མེད་པར་རབ་ཏུ་ཞི།།ཞེས་པ་ལྟར་རྣམ་པར་མི་རྟོག་པའི་མཉམ་བཞག་གི་ངོར་གཉིས་སྣང་གི་སྤྲོས་བ་ཐམས་ཅད་ལོག་ནས་ཀུན་རྫོབ་ཀྱི་རྣམ་པ་གཞན་གང་ཡང་མེད་པས་ཆུ་ལ་ཆུ་བཞག་ལྟར། སྣང་སྟོང་རོ་གཅིག་ཏུ་གྱུར་བ་དེ་ལ་ཟེར། དགོངས་པ་གཅིག་ཏུ་འབབ་ཚུལ་དེ་ཡིན་ནམ་ལགས།
སྣང་བ་ཀུན་རྫོབ་ཀྱི་སྣང་བ་ཐམས་ཅད་དང་བྲལ་ན། སྣང་སྟོང་རོ་གཅིག་ཏུ་གྱུར་ཚུལ་ཇི་ལྟར་ཡོང་ངམ། རོ་གཅིག་ཅེས་པ་ནི་ངོ་བོ་དང་རང་བཞིན་གཅིག་ཅེས་པ་དང་དོན་མཚུངས་པས། དེས་ན་ངོ་བོ་གཅིག་ཏུ་འགྱུར་བ་ལ་དེ་གཉིས་ཡོད་མི་དགོས་སམ།
ལྟ་བའི་རྩོད་པ་མཐོང་གྱུར་ནས། །
ཡོད་པས་ཆད་མཐའ་བསལ་བ་དང་། །
མེད་པས་རྟག་མཐའ་བསལ་བ་གཉིས། །
འཇིག་རྟེན་གྲུབ་མཐའ་ཀུན་གྱི་ལུགས། །
ཡོད་པས་རྟག་མཐའ་དང་བསལ་བ་དང་། །
མེད་པས་ཆད་མཐའ་བསལ་བ་གཉིས། །
ང་དང་སློབ་དཔོན་ཀླུ་སྒྲུབ་ལུགས། །
ཀླུ་སྒྲུབ་སློབ་མས་དོན་རྟོགས་ཤོག །
བོད་པའི་དགེ་རྒན་དུང་དཀར་བས།
བོད་སྔ་རབས་པའི་འདོད་ཚུལ་ལ་ཁྱད་གསོད་ཀྱི་ལོག་འགྲེལ་བྱས་འདུག་ཀྱང་།
བོད་སྔ་རབས་པའི་ལྟ་དགོངས་ལས་ཟབ་པ་ཞིག་བོད་ཕྱི་རབས་པ་ལ་མེད་པར་མ་ཟད།
བོད་ཕྱི་རབས་པའི་ལྟ་བ་ནི།
དབུ་མའི་ལྟ་བ་མ་རེད་ལ་སེམས་ཙམ་གྱི་ལྟ་བའང་མེད།
བོད་ཕྱི་རབས་པའི་ལྟ་བ་ནི།
དབུ་མ་རང་རྒྱུད་པའི་ལྟ་བ་ལས་དམའ་བ་དང་།
སེམས་ཙམ་བའི་ལྟ་བ་ཅུང་མཐོ་བས་ན།
ཐར་བའི་ལམ་ཡང་དག་ཡིན་ཀྱང་ཐེག་ཆེན་མདོ་ཡི་རིང་ལམ་ཙམ་ཞིག་རེད།
བོད་སྔ་རབས་པས་རྒྱལ་བའི་དཀའ་དང་བསྟན་བཅོས་མ་བཅོས་པ་གཞིར་བཟུང་ནས།
ཆོས་ཐམས་ཅད་ཡེ་ནས་མཐའ་བཞི་ལས་འདས་པའི་སྤྲོས་བྲལ་སྟོང་པ་ཉིད་ཡིན་པ་ལ་
ཡིན་པར་ཤེས་པའི་ངེས་ཤེས་རྩལ་དུ་བཏོན་ནས་འཆད།
དཔེར་ན།
གཟུགས་སྟོང་པའོ།
སྟོང་པ་ཉིད་གཟུགས་སོ།
གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ།
སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ།
ཞེས་ཤེར་མདོ་ལས་གསུངས་པ་ལྟར་ཐད་ཀར་གོ་བ་ལེན་ནུས།
འོན་ཀྱང་བོད་ཕྱི་རབས་པས་རྒྱལ་བའི་དཀའ་དང་བསྟན་བཅོས་་ལ་
ཚུར་མཐོང་ཚིག་གི་ལྷན་པ་མང་པོ་བརྒྱབས་ནས།
ཆོས་ཐམས་ཅད་བདེན་གྲུབ་ཀྱི་མཐའ་བཞི་ལས་འདས་པའི་མེད་དགག་སྟོང་པ་ཉིད་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་རྩལ་དུ་བཏོན་ནས་འཆད།
དཔེར་ན།
གཟུགས་བདེན་གྲུབ་ཀྱིས་སྟོང་པའོ།
བདེན་གྲུབ་ཀྱིས་སྟོང་པ་ཉིད་གཟུགས་སོ།
གཟུགས་ལས་བདེན་གྲུབ་ཀྱིས་སྟོང་པ་ཉིད་གཞན་མ་ཡིན་ནོ།
བདེན་གྲུབ་ཀྱིས་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ།
ཞེས་ཤེར་མདོ་ལས་གསུངས་པ་ལྟར་ཐད་ཀར་གོ་བ་ལེན་མི་ནུས་པར་མཐའ་གཅིག་དུ་བདེན་གྲུབ་ཟེར་བའི་ཚིག་ལྷག་འདི་སྣོན་ནས་གོ་བ་གཞན་ཞིག་ལེན་ཁུལ་བྱེད་དོ།
ངས་དཔྱད་པ་འདིར་ཕྱོགས་རིས་བྱས་མེད་ལ་བྱེད་འདོད་ཡང་མེད།
རྗེ་རིན་པོ་ཆེའི་གསུང་འབུམ་ནང་ནས། ཡག་ཤོས་ནི་བོད་སྔ་རབས་པའི་གཞུང་ལྟར་རྩོམ་པའི་ལེགས་བཤད་གསེར་ཕྲེང་ཡིན་པར་ཤེས་ནས། བདག་གིས་པོ་ཏི་ཆེན་པོ་འདི་ལོ་མང་འབད་བ་བརྒྱ་ཕྲག་གིས་བློ་འཛིན་ཐུབ་ཙམ་བྱས་ཡོད་ལགས།
བོད་པའི་དགེ་རྒན་དུང་དཀར་བས།
བོད་སྔ་རབས་པའི་འདོད་ཚུལ་ལ་ཁྱད་གསོད་ཀྱི་ལོག་འགྲེལ་བྱས་འདུག་ཀྱང་།
བོད་སྔ་རབས་པའི་ལྟ་དགོངས་ལས་ཟབ་པ་ཞིག་བོད་ཕྱི་རབས་པ་ལ་མེད་པར་མ་ཟད།
བོད་ཕྱི་རབས་པའི་ལྟ་བ་ནི།
དབུ་མའི་ལྟ་བ་མ་རེད་ལ་སེམས་ཙམ་གྱི་ལྟ་བའང་མ་རེད།
བོད་ཕྱི་རབས་པའི་ལྟ་བ་ནི།
དབུ་མ་རང་རྒྱུད་པའི་ལྟ་བ་ལས་དམའ་བ་དང་།
སེམས་ཙམ་བའི་ལྟ་བ་ལས་ཅུང་མཐོ་བས་ན།
ཐར་བའི་ལམ་ཡང་དག་ཡིན་ཀྱང་ཐེག་ཆེན་མདོ་ཡི་རིང་ལམ་ཙམ་ཞིག་རེད།
བོད་སྔ་རབས་པས་རྒྱལ་བའི་དཀའ་དང་བསྟན་བཅོས་མ་ལྷད་པ་གཞིར་བཟུང་ནས།
ཆོས་ཐམས་ཅད་ཡེ་ནས་མཐའ་བཞི་ལས་འདས་པའི་སྤྲོས་བྲལ་སྟོང་པ་ཉིད་ཡིན་པ་ལ་
ཡིན་པར་ཤེས་པའི་ངེས་ཤེས་རྩལ་དུ་བཏོན་ནས་འཆད།
དཔེར་ན།
གཟུགས་སྟོང་པའོ།
སྟོང་པ་ཉིད་གཟུགས་སོ།
གཟུགས་ལས་སྟོང་པ་ཉིད་གཞན་མ་ཡིན་ནོ།
སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ།
ཞེས་ཤེར་མདོ་ལས་གསུངས་པ་ལྟར་ཐད་ཀར་གོ་བ་ལེན་ནུས།
འོན་ཀྱང་བོད་ཕྱི་རབས་པས་རྒྱལ་བའི་དཀའ་དང་བསྟན་བཅོས་་ལ་
ཚུར་མཐོང་ཚིག་གི་ལྷན་པ་མང་པོ་བརྒྱབས་ནས།
ཆོས་ཐམས་ཅད་བདེན་གྲུབ་ཀྱི་མཐའ་བཞི་ལས་འདས་པའི་མེད་དགག་སྟོང་པ་ཉིད་ཡིན་པ་ལ་ཡིན་པར་ཤེས་པའི་ངེས་ཤེས་རྩལ་དུ་བཏོན་ནས་འཆད།
དཔེར་ན།
གཟུགས་བདེན་གྲུབ་ཀྱིས་སྟོང་པའོ།
བདེན་གྲུབ་ཀྱིས་སྟོང་པ་ཉིད་གཟུགས་སོ།
གཟུགས་ལས་བདེན་གྲུབ་ཀྱིས་སྟོང་པ་ཉིད་གཞན་མ་ཡིན་ནོ།
བདེན་གྲུབ་ཀྱིས་སྟོང་པ་ཉིད་ལས་གཟུགས་གཞན་མ་ཡིན་ནོ།
ཞེས་ཤེར་མདོ་ལས་གསུངས་པ་ལྟར་ཐད་ཀར་གོ་བ་ལེན་མི་ནུས་པར་མཐའ་གཅིག་དུ་བདེན་གྲུབ་ཟེར་བའི་ཚིག་ལྷག་འདི་སྣོན་ནས་གོ་བ་གཞན་ཞིག་ལེན་ཁུལ་བྱེད་དོ།
ངས་དཔྱད་པ་འདིར་ཕྱོགས་རིས་བྱས་མེད་ལ་བྱེད་འདོད་ཡང་མེད།
རྗེ་རིན་པོ་ཆེའི་གསུང་འབུམ་ནང་ནས། ཡག་ཤོས་ནི་བོད་སྔ་རབས་པའི་གཞུང་ལྟར་རྩོམ་པའི་ལེགས་བཤད་གསེར་ཕྲེང་ཡིན་པར་ཤེས་ནས། བདག་གིས་པོ་ཏི་ཆེན་པོ་འདི་ལོ་མང་འབད་བ་བརྒྱ་ཕྲག་གིས་བློ་འཛིན་ཐུབ་ཙམ་བྱས་ཡོད་ལགས།
ད་རེས་ལེགས་བཤད་ཀྱིས་བཀོད་པའི་ཟིན་བྲིས་འདི་ལ་མང་ཕྱོགས་ཀྱིས་དགའ་བསུ་དང་ཡག་པོ་རེད་ཟེར་བཤད་འདུག ངས་ཀྱང་འདི་འདྲའི་རིགས་ལ་དགའ་བསུ་ཞུ་བ་མ་གཏོགས་དགག་པ་བྱེད་པ་མེད།
ཡིན་ཡང་། རང་ཉིད་འདི་ཕྱོགས་ལ་སྦྱངས་པ་གང་ཡང་མེད་མཁན་ཞིག་ཡིན་ཙང་ཐ་སྙད་མང་པོ་ཅིག་ནི་མིང་ཙམ་ལས་དོན་ཅི་ཡང་མི་གོ་བས་ན་བགྲོ་གླེང་ནང་མཉམ་ཞུགས་བྱེད་ཐུབ་པ་མི་འདུག་ལགས་ཟེར་ཞུ་གི་ཡིན།
ཁྱེད་ཚོས་ཉིན་མ་རྟག་པར་ཤོད་པའི་ཐ་སྙད་དཔེར་ན་༼ སྟོང་ཉིད་ཟེར་པ་འདྲ་བོ། བདག་མེད་ཟེར་པ་འདྲ་བོ། བདེན་གྲུབ་ཟེར་པ་འདྲ་བོ། ཐ་སྙད་ཚད་གྲུབ་ཟེར་པ་འདྲ་བོ། རྫོགས་ཆེན་ཟེར་པ་འདྲ་བོ། ཆོས་ཉིད་ཟེར་པ་འདྲ་བོ། ཡོད་མིན་མེད་མིན་ཟེར་པ་འདྲ་བོ་འདི་རྣམས་ཕལ་ཆེར་ལོ་ངོ་ཉིས་སྟོང་ཡར་སྔོན་ནས་ཐག་གིན་མ་ཆོད་པའི་སྐད་ཆ་ཅིག་ཡིན་ས་རེད།
ཚིག་དེ་ཚོའི་སྐོར་རྩོད་པ་རྒྱག་མཁན་མང་པོ་ཞིག་ནི་ཤིང་ནགས་དང་ཡང་ན་ས་ཕུག་བྲག་ཕུག་ནང་འཛུལ་ནས་རྩོད་པ་མང་པོ་བརྒྱབས་ནས་མི་ཚེ་བསྐྱལ་མཁན་དེ་འདྲ་རེད་ཟེར། ཡིན་ན་ཡང་ཐག་གི་ཆོད་པ་དང་གཏན་འཁེལ་ཐུབ་པ་ཞིག་ཡིན་ས་མ་རེད། དེ་ངས་བསམ་ཚུལ་ཡིན། གང་ཡིན་ཟེར་ན། ཐ་སྙད་དེ་ཚོ་ནི་མིང་ཙམ་ཚིག་ཙམ་ཁོ་ན་ལས་དོན་དངོས་འདི་འདྲ་ཞིག་རེད་ཅེས་པ་དཔེ་ཙམ་ཡང་འཇོག་ཐུབ་པ་ཞིག་མེད་སྟབས་ཚོད་དཔག་ཁོ་ནར་གྱུར་པའི་ཁ་རྩོད་ཅིག་ལ་གྱུར་པ་རེད།
ང་ཚོས་གོ་མི་ཐུབ་པའི་མགོ་རྙོག་ཚ་བོའི་ཚིག་མང་པོ་ཅིག་ལ་རྩོད་པ་རྒྱགས་པ་ལས་འཇིག་རྟེན་གྱི་དངོས་པོ་ཆུང་ཤོས་དེ་བཙལ་ནས་ངོས་འཛིན་ཐུབ་པ་ཞིག་བྱུང་ན་ལོ་ངོ་ཉིས་སྟོང་རིང་གི་ཐག་གིས་མ་ཆོད་པ་རྣམས་ཐག་གི་ཆོད་འགྲོ་གི་རེད་བསམ། དེ་ནི་ཨིན་སྐད་དུ་ ADOM དང་བོད་སྐད་དུ་རྡུལ་ཕྲན་ཟེར་པ་དེ་ཐག་གི་གཅོད་ཐུབ་ན་ལོ་ངོ་ཉིས་སྟོང་གི་དཀའ་ངལ་རྣམས་ཉིན་མ་གཅིག་ལ་གསལ་པོ་ཆགས་གི་རེད།
སྐུ་ཞབས་དགེ་ཆོས་ལགས།
གཟུགས་སྟོང་པའོ།
སྟོང་པ་ཉིད་གཟུགས་སོ། །ཞེས་པའི་དོན་སྒྲ་ཇི་བཞིན་དུ་གཟུགས་ཧྲེང་ཧྲེང་བ་དེ་ག་རང་སྟོང་ཉིད་ཡིན་ཟེར་རྒྱུ་ཡིན་ནམ་ལགས། ཡིད་བཞིན་མཛོད་གྱི་འགྲེལ་བ་ལས། རྒྱུ་མེད་འབྲས་བུ་མེད་ལ་སོགས་པ་བརྗོད་ན་རྒྱང་འཕེན་པ་ལྟར་ཆད་པར་ལྟ་བར་འགྱུར་ཏེ། འཁོར་བ་ཀུན་རྫོབ་པའི་ཆོས་རྣམས་ནི་རྒྱུ་རྐྱེན་རྟེན་འབྲེལ་གྱི་སྣང་བ་སྒྱུ་མ་ལྟ་བུ་སྟེ། ངོ་བོ་མེད་པས་སྟོང་བ་ཡིན་ཡང་རྣམ་པ་སྣང་བ་དེ་རྟེན་འབྲེལ་གྱི་མཐུ་སྟེ། སྒྱུ་མའི་སྔགས་དང་རྫས་ལས་རྟ་གླང་དུ་སྣང་བ་བཞིན་ནོ། །ཞེས་པ་འདིས་ཐ་སྙད་ཚད་གྲུབ་བཞེད་པ་གསལ་བོར་བསྟན་འདུག །
རྒྱལ་བ་ཀློང་ཆེན་པའི་ཡིད་བཞིན་མཛོད་ལེའུ་ཉི་ཤུ་བ་ལས། གང་ལ་གནད་མེད་སྤྲོས་བྲལ་ཚིག་ཏུ་ཤོར།།རྟོག་པའི་བཟོ་རྒྱས་མཐའ་བྲལ་གདེངས་བཅས་ཏེ།།རྣམ་རྟོག་ཅི་སྐྱེས་སྐྱེ་འགག་གྲངས་འདེབས་ཀྱང་།།གནས་ལུགས་དོན་དང་རྒྱང་རིང་གནམ་ས་བཞིན།།ཞེས་པ་འདིས་རྒྱ་ནག་ཧ་ཤང་གི་ལྟ་བ་སྟེ་ཅི་ཡང་ཡིད་ལ་མི་བྱེད་པའི་རྗེས་སུ་འབྲངས་མཁན་དག་ལ་གསུངས་པ་རེད།
ADOM ངོ་ཤེས་མཁན་ཞིག་ཡིན་ན་སྟོང་ཉིད་དང་རྟེན་འབྲེལ། བདེན་གྲུབ་དང་ཚད་གྲུབ། ཡོད་མིན་མེད་མིན་ཟེར་པ་སོགས་ཀྱི་ཁ་རྩོད་དེ་ངལ་བ་འབྲས་མེད་དུ་གྱུར་འགྲོ་བ་ཞིག་རེད།
རྡུལ་ཕྲན་གྲུབ་ཚུལ།
སྲ་ཞིང་བརྟན་པའི་འཇིག་རྟེན་གྱི་གཏོས་ཤིང་བརྗིད་པའི་ས་གཞི་དང་རི་བྲག་ལས་སོགས་འདི་ཉིད་ཐོག་མར་རྡུལ་ལས་གྲུབ་པར་བཤད་པའི་རྡུལ་དེ་ལ། རང་བཞིན་གྱི་རྡུལ། ཕྲ་རབ་རྡུལ་དང༌། ཕྲ་མོའི་རྡུལ་དང། རྡུལ་ཕྲན། རླུང་རྡུལ། མེ་རྡུལ། ཆུ་རྡུལ། བག་རྡུལ། ས་རྡུལ། རྡུལ་ཅན། དེ་དག་རིམ་བཞིན། འབྱུང་བ་ལྔ་ཡི་བག་ཆགས་པ་ལས་རྡུལ་ཞེས་གྲུབ་ཅིང༌། དེ་ཉིད་ལ་འོད་ཀྱི་རྡུལ་ཞེས་ཀྱང་གྲགས། དེ་ཉིད་རགས་པ་ལས་ཕྲ་མོའི་རྡུལ་ཞེས་གྲུབ་པས་དེ་ཉིད་སངས་རྒྱས་ཀྱི་སྤྱན་གྱིས་གཟིགས་པ་ལས་ཆུ་བུར་གྱི་མིག་གི་ཡུལ་དུ་གྱུར་བར་མི་ནུས་སོ། དེ་ལ་ཕྲ་རབ་རྡུལ་ལམ་ཕྲ་རྡུལ་ཞེས་ཀྱང་བརྗོད། འགའ་ཞིག་ནས། ཕྲ་རབ་རྡུལ་བདུན་འགྱུར་བཞི་བཅུ་ཞེ་དགུ་ལ་ཕྲ་མོའི་རྡུལ་ཞེས་བརྗོད་ཅིང། དེ་ཉིད་བོན་གྱི་སྤྱན་གྱིས་གཟིགས་པར་བཤད། དེ་དག་བདུན་འགྱུར་བཞི་བཅུ་རྩ་དགུ་སྟེ། དེ་ཉིད་ནུས་པ་རགས་པ་ཆེར་གྲུབ་པ་ལས་དབུགས་ཀྱི་རྡུལ་ཞེས་གྲུབ། དེ་ལ་རྡུལ་ཕྲན་ཞེས་གྲགས། དེ་ཉིད་ལྷ་མིག་དག་པས་མཐོང་ཞེས་གྲགས། དེ་དག་བདུན་གྱུར་བཞི་བཅུ་རྩ་དགུ་སྟེ། དེ་ཡི་ནུས་པ་རགས་པ་ཆེར་འགྱུར་བ་ལས་རླུང་རྡུལ་ཞེས་གྲུབ། དེ་ལ་རླུང་རྡུལ་ཞེས་གྲགས། དེ་ཉིད་ཆུ་བུར་མིག་གིས་མཐོང་བར་ནུས་པ་ཙམ་མོ། རླུང་རྡུལ་བདུན་གྱུར་མེ་རྡུལ་གཅིག དེ་ཉིད་མགར་གྱི་ཞུན་ཆེན་གྱི་ངད་ལ་མཐོང་ནུས་པར་གྲགས། མེ་རྡུལ་བདུན་གྱུར་ཆུ་རྡུལ་གཅིག ཆུ་ཡི་སྦུ་བའི་གུར་ལས་མཐོང་ནུས་པར་གྲགས། ཆུ་རྡུལ་བདུན་གྱུར་བག་རྡུལ་གཅིག དེ་ཉིད་རི་བོང་དང་གླང་དང་ལུག་སོགས་ཀྱི་སྤུ་རྩེ་ལས་མཐོང་ནུས་པར་གྲགས། བག་རྡུལ་བདུན་གྱུར་ས་རྡུལ་གཅིག དེ་ཉིད་ཉི་ཟེར་སྲབ་མདའི་རྒྱུད་ལས་མཐོང་ནུས་པར་གྲགས། དེ་ལ་རྡུལ་ཅན་ཞེས་ཀྱང་གྲགས་སོ། དེ་ལས་རིམ་བཞིན། རྡུལ་ཅན་བདུན་ལ་སྲོ་མ་གཅིག སྲོ་མ་བདུན་ལ་ཤིག་ཅིག ཤིག་བདུན་ལ་ནས་གཅིག ནས་བདུན་ལ་སོར་མོ་གང༌། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང༌། ཁྲུ་བཞི་ལ་གཞུ་འདོམས་གང༌། མི་ཡི་འདོམས་བཞི་ལ་རྩལ་ཆེན་གྱད་ཀྱི་རྩལ་འདོམས་གང༌། དེ་དག་ལྔ་བརྒྱ་ལ་རྒྱང་གྲགས་གཅིག རྒྱང་གྲགས་བརྒྱད་ལ་དཔག་ཚད་གཅིག་ལས་སོགས་འབྱུང་བའོ། དེ་བཞིན རླུང་རྡུལ་དང། མེ་རྡུལ་དང། ཆུ་རྡུལ་དང། ས་རྡུལ་ཞེས་པ་ནི། གཡོ་བ་ཡོད་པའི་ཆ་ནས་རླུང་རྡུལ་གྲུབ་པ་དང། དྲོད་འབེབས་པའི་ཆ་ནས་མེ་རྡུལ་དང། སྡུད་པ་ཡོད་པའི་ཆ་ནས་ཆུ་རྡུལ་དང། བརྟན་པ་ཡོད་པའི་ཆ་ནས་ས་རྡུལ་ཅེས་བཞག་པའོ། ། ས་མེད་ན། སྲ་ཞིང་བརྟན་པ་མི་ནུས་སོ། ཆུ་མེད་ན་འདུས་སུ་མི་བཏུབ་པོ། མེ་མེད་ན་སྨིན་མི་ནུས་སོ། རླུང་མེད་ན་བསྐྱོད་ཅིང་འཕེལ་མི་ནུས་སོ། དེ་བས་ན་གཅིག་མ་ཚང་ན་ཀུན་མི་སྐྱེའོ།
བན་དེ་བས་རྡུལ་ཕྲན་གྲུབ་ཚུལ་ཡག་པོ་ཞིག་གསུངས་འདུག ཕྲ་རབ་རྡུལ་བདུན་འགྱུར་བཞི་བཅུ་ཞེ་དགུ་ལ་ཕྲ་མོའི་རྡུལ་ཞེས་བརྗོད་ཅིང། དེ་ཉིད་བོན་གྱི་སྤྱན་གྱིས་གཟིགས་པར་བཤད། ཞེས་པ་ལ་རྡུལ་ཕྲ་རབ་དང་ཕྲ་རྡུལ་གཉིས་ལ་བོངས་ཚོད་ཆེ་ཆུང་ལ་ལྡབ་བཞི་བཅུ་ཞེ་དགུ་ཡོད་པ་རེད་པས།?
མཛོད་ཀྱི་བཤད་ཚུལ་ལ་རྡུལ་ཕྲ་རབ་བདུན་འདུས་པ་རྡུལ་ཕྲན་གཅིག་གི་ཚད་དང་དེ་བཞིན་རྡུལ་ཕྲན་བདུན་འདུས་པའི་བོངས་ཚད་ནི་ལྕགས་རྡུལ་གཅིག་གི་ཚད་ལ་འཇོག་པ་བཞིན་འོག་མ་རྣམས་ཀྱང་བདུན་བདུན་དུ་བསྒྱུར་བས་གོང་མ་གོང་མ་ལས་ཆེ་བར་ཡོད། ལྕགས་རྡུལ་ནི་ལྕགས་ཐུར་གྱི་སྣེ་མོས་ཤོག་བུའི་ངོས་ལ་ཐིག་བཏབ་པའི་ཚེ་བབས་པའི་རྡུལ་ལྟ་བུ་དང་། ཆུ་རྡུལ་ནི་མེ་ལོང་ལ་ཧ་བཏབ་པའི་རྡུལ་དང་རི་བོང་སོགས་གསུམ་གྱི་རྡུལ་ནི་དེ་དག་གི་སྤུ་རྩེ་སོགས་ཀྱི་རྡུལ་ལ་བཤད་དོ།
་་་་་་ རྡུལ་དེ་ལ། རང་བཞིན་གྱི་རྡུལ། ཕྲ་རབ་རྡུལ་དང༌། ཕྲ་མོའི་རྡུལ་དང། རྡུལ་ཕྲན། རླུང་རྡུལ། མེ་རྡུལ། ཆུ་རྡུལ། བག་རྡུལ། ས་རྡུལ། རྡུལ་ཅན། དེ་དག་རིམ་བཞིན། འབྱུང་བ་ལྔ་ཡི་བག་ཆགས་པ་ལས་རྡུལ་ཞེས་གྲུབ་ཅིང༌། དེ་ཉིད་ལ་འོད་ཀྱི་རྡུལ་ཞེས་ཀྱང་གྲགས། ་་་་ཟེར།
་་་་་ བག་རྡུལ་བདུན་གྱུར་ས་རྡུལ་གཅིག དེ་ཉིད་ཉི་ཟེར་སྲབ་མདའི་རྒྱུད་ལས་མཐོང་ནུས་པར་གྲགས། དེ་ལ་རྡུལ་ཅན་ཞེས་ཀྱང་གྲགས་སོ། དེ་ལས་རིམ་བཞིན། རྡུལ་ཅན་བདུན་ལ་སྲོ་མ་གཅིག སྲོ་མ་བདུན་ལ་ཤིག་ཅིག ཤིག་བདུན་ལ་ནས་གཅིག ནས་བདུན་ལ་སོར་མོ་གང༌། སོར་མོ་ཉི་ཤུ་རྩ་བཞི་ལ་ཁྲུ་གང༌། ་་་་ཟེར།
བན་དེ་བ་ལགས་ཀྱིས། དེ་ལ་ཕྲ་རབ་རྡུལ་ལམ་ཕྲ་རྡུལ་ཞེས་ཀྱང་བརྗོད། འགའ་ཞིག་ནས། ཕྲ་རབ་རྡུལ་བདུན་འགྱུར་བཞི་བཅུ་ཞེ་དགུ་ལ་ཕྲ་མོའི་རྡུལ་ཞེས་བརྗོད་ཅིང། དེ་ཉིད་བོན་གྱི་སྤྱན་གྱིས་གཟིགས་པར་བཤད། ་་་ཟེར་བ་ལྟར།
ཨ་རོགས་ཁམས་ཕྲུག་ལགས།
ཁྱེད་ཀྱིས་གཞན་ལ་ས་མཆོང་གནམ་མཆོང་བྱེད་བགྱིད་འདུག་ཤོད་པ་ལས། བོན་ཁུངས་གསར་པ་ཅི་ཡང་བཤད་ཡ་མི་འདུག་གདའ། ང་ཚོར་སློབ་གཉེར་བྱ་དགོས་གདམས་པའི་སྔོན་ལ། ཁམས་ཕྲུག་རང་ཡང་ནང་དོན་རིག་པ་མང་ཙམ་སྦྱངས་ནས་ཁ་བརྡར་ཡོང་ན་མི་མཛེས་སམ། ལགས།
རྡུལ་ལ་རྣམ་པ་གཉིས་ཡིན་ཏེ། རྡུལ་མེད་རྡུལ་དང་རྡུལ་ཆེན་རྡུལ། དེ་ཡང་རྡུལ་ཞེས་བྱ་བ་ནི། བོན་ཉིད་སྟོང་པ་མུ་མེད་ལས། བོན་ཅན་མཚན་མ་འགག་མེད་པས། དེ་ལ་རྡུལ་ཞེས་མིང་དུ་བཏགས། སེམས་ཉིད་སྟོང་པ་མུ་མེད་ལ། སེམས་ཅན་མཚན་མ་མངོན་གྲུབ་པས། དེ་ལ་རྡུལ་ཞེས་མིང་དུ་བཏགས། ནམ་མཁའ་སྟོང་པ་མུ་མེད་ལ། ས་ཆུ་མེ་རླུང་དངོས་མཚན་གྲུབ། དེ་ལ་རྡུལ་ཞེས་མིང་དུ་བཏགས། རྡུལ་མེད་རྡུལ་གྱི་མཚན་ཉིད་ནི། བོན་ཉིད་སྟོང་པའི་རང་མདངས་ལས། རང་བྱུང་ཡེ་ཤེས་འོད་ལྔ་ཤར། ལྟ་རུ་ཡོད་ལ་འཛིན་དུ་མེད། དེ་ཡི་དངོས་པོ་མཚན་མ་ལ། རྡུལ་མེད་རྡུལ་ཞེས་བྱ་བ་ནི། སྐུ་དང་ཞིང་ཁམས་ཕྱོགས་མེད་རྒྱས། མྱ་ངན་འདས་པའི་ཞིང་དུ་རྫོགས། ལོངས་སྤྱོད་རྫོགས་སྐུའི་ཞིང་ཁམས་ཏེ། རྡུལ་ཞེས་མིང་གི་ཐ་སྙད་ཆགས། དོན་དུ་གྲུབ་པ་མ་མཆིས་ཏེ། བོན་ཉིད་སྟོང་ཞིང་བདག་མེད་དོ། ཞེས་གསུངས་པ་ལྟར་རོ། རྡུལ་ཆེན་རྡུལ་ཞེས་བྱ་བ་ནི། ནམ་མཁའ་སྟོང་པའི་དབྱིངས་རུམ་ནས། དབྱིངས་དང་ཡེ་ཤེས་རྒྱུ་བག་ལས། དེ་ལ་བག་ཅེས་བྱ་བ་ཆགས། དངོས་མེད་ནམ་མཁའ་སྟོང་པ་ལ། འབྱུང་བ་ལྔ་ཡི་བག་ཡོད་པས། བག་ལས་རྡུལ་ཞེས་དངོས་པོ་གྲུབ། དེ་ལ་རང་བཞིན་རྡུལ་ཞེས་བྱ། དེ་དག་བདུན་འགྱུར་བཞི་བཅུ་དགུ། དེ་ཡི་ནུས་པ་རགས་པ་ལས། རང་བཞིན་འོད་ལས་རྡུལ་དུ་གྲུབ། ཡེ་ཤེས་སྤྱན་གྱིས་གཟིགས་པའོ།
རྗེ་རིན་པོ་ཆེའི་གསུང་འབུམ་ནང་ནས། ཡག་ཤོས་ནི་བོད་སྔ་རབས་པའི་གཞུང་ལྟར་རྩོམ་པའི་ལེགས་བཤད་གསེར་ཕྲེང་ཡིན་པར་ཤེས་ནས། བདག་གིས་པོ་ཏི་ཆེན་པོ་འདི་ལོ་མང་འབད་བ་བརྒྱ་ཕྲག་གིས་བློ་འཛིན་ཐུབ་ཙམ་བྱས་ཡོད་ལགས། ་་་ཟེར་བ་འདི་ང་ཧང་སངས་ནས། ཡིད་ཆེས་ད་དུང་ཡང་བྱེད་ཐུབ་མ་སོང་།
གང་ཡིན་ཟེར་ན། ང་རང་གི་མི་ཚེ་ནང་ལ་མངོན་རྟོགས་རྒྱན་ཆ་ཚང་། དབུ་མ་འཇུག་པ་ཆ་ཚང་མིན་ཙམ། མཛོད་རྩ་བ་ཆ་ཚང་མིན་ཙམ། དེ་ནས་འགྲེལ་་པ་དོན་གསལ་འགོ་ནས་ཤོག་ལེ་འགའ་ཤས་ཙམ་ནས་མི་ཚེ་འདི་ཡི་ནང་བློ་འཛིན་གསར་དུ་བྱེད་ཡེ་ཐང་ཆད་ནས། ད་ལྟ་དེ་ཚོ་ཡང་རྗེད་ཚར་གྲབས་ཡོད་པ་འདྲ། དངོས་གནས་༸རྗེའི་ཕྲེང་པོ་ཏི་མཐུག་པོ་གསེར་ཕྲེང་འདི་བློ་ལ་ཡོད་ན། རྗེས་སུ་ཡི་རང་ཆེན་པོ་ཡོད་དོ། །འ་ཛི། འ་ཛི། ཨེ་མ་ཧོ། །
ལྟ་བའི་སྐོར་བཤད་དུས། བོད་སྔ་རབས་པའི་ལྟ་བ་ནི་ཁོག་ལ་ཆུད་བདེ་བ་དང་། ཡིད་ལ་ཤར་བདེ་ལ། སེམས་ལ་འཇམ་པ་སྦོལ་ལེ་ལེ། དེ་བཞིན་ཉམས་ཤར་མགྱོགས་པ། སེམས་ཞི་བདེ་བ། ཁམས་སྙོམས་པ་སོགས་ཀྱི་ཁྱད་ཆོས་འདུག་པ་མ་ཟད། དེ་དག་ལ་བརྟེན་ནས། བདེ་གསལ་རྣམ་པར་མི་རྟོག་པའི་ཡེ་ཤེས་མྱུར་དུ་སྐྱེ་བའི་ནུས་པ་ལྷག་པར་དུ་ཆེ།
དེ་རྨང་གཞིའི་ཐོག་ལ། གསར་མའི་ལྟ་བའི་དགོངས་པ་གཙོ་བོ་སངས་རྒྱས་སྐྱངས་དང་། ཟླ་གྲགས་སོགས་ཀྱི་གཞུང་ཁོང་དུ་ཆུད་ནས། ཕྲ་ཞིང་ཕྲ་བའི་དཔྱད་པའི་རིགས་པས་བདག་འཛིན་ཕྲ་མོ་དང་དེའི་བག་ཆགས་བཅས་པར་བྱང་བར་བྱེད་པར་ནུས་པ་ཆེ་སྙམ། དཔེར་ན་དགེ་ལྡན་པའི་ཕྱག་ཆེན་ནང་ལ་ཡང་། གཉུག་མ་ཕྲ་རག་ལ་དབྱེ་ནས། གཉུག་མ་རག་པ་བསྒྲུབས་རྗེས། གཉུག་མ་ཕྲ་མོ་བསྒྲུབས་ཚུལ་ཤོད་པ་དེ་རྒྱལ་བ་རིན་པོ་ཆེས་གསུངས་པ་གོ་མྱོང་།
དེ་བཞིན་རྫོགས་ཆེན་གྱི་རིག་པ་ཟངས་ཐལ་གཅིག་པུར་མི་འཇོག་པར་སྟོང་ཉིད་རྟོག་དགོས་པ་རྙིང་མའི་བླ་མ་རྩ་ཆེན་འགའ་ཤས་ཀྱི་གསུང་ནང་ལ་གསལ་པོ་འདུག། སྟོང་ཉིད་རྟོག་པ་དེ་ཉམས་དང་བདེ་གསལ་གཅིག་པུའི་མྱོང་བའི་ཆེད་དུ་མིན་པར་བདེན་འཛིན་གྱི་གྱང་གཤིག་དགོས། དེ་གཤིག་པར་བདེན་པར་མ་གྲུབ་པའི་རྟོག་པ་དཔྱད་པ་དང་རིགས་པའི་ཐོག་ནས་གྲུབ་དགོས་པ་རྫ་དཔལ་སྤྲུལ་སོགས་ཀྱི་གསུང་ནང་ལ་འདུག། རྡོ་གྲུབ་ཆེན་བསྟན་པའི་ཉི་མའི་གསུང་ནང་ལ་ཡང་འདི་ཤིན་དུ་གསལ་པོ་འདུག
ང་ཚོས་བློ་གཟུ་བོར་གནས་ནས་ཞིབ་འཇུག་བྱས་ན། བོད་ཀྱི་བླ་མ་ཚོའི་ནང་ལ་ལྟ་བ་དང་སྤྱོད་པ་མཐོན་པར་གཤེགས་པའི་གྲུབ་ཐོབ་པ་ཚོས་དམིགས་བསལ་གྱི་ལམ་ཐུན་མོང་གཅིག་འགྲིམས་མྱོང་བ་ནི། ཁོང་རྣམས་ལྟ་བ་གསར་རྙིང་གཉིས་ཀ་ཉམས་ལེན་གནང་མྱོང་མཁན་མང་པོ་འདུག། དཔེར་ན། རྒྱལ་བ་ཀློང་ཆེན་པ། ས་སྐྱ་པཎ་ཊི་ཏ། ཀརྨ་པ་དུས་གསུམ་མཁྱེན་པ། ལྷོ་བྲག་གྲུབ་ཆེན། རྗེ་ཙོང་ཁ་པ། པན་ཆེན་བློ་བཟང་ཆོས་རྒྱན། རྒྱལ་བ་ལྔ་པ། འབྲུག་པ་པད་མ་དཀར་པོ། འཇམ་དབྱངས་མཁྱེན་བརྩེ། འཇམ་མགོན་ཀོང་སྤུལ་ཡོན་ཏན་རྒྱ་མཚོ། འཇུ་མི་ཕམ། རྫ་དཔལ་སྤུལ། དེ་བཞིན་སེར་སྨད་ལྷ་བཙུན་རིན་པོ་ཆེ་སྐུ་གོང་མ། ཁུ་ནུ་བླ་མ་བསྟན་འཛིན་རྒྱལ་མཚན་སོགས་རེད།
རྡོག་རྡོག་འདི་ཐར་པའི་བཀག་རྡོ་བདེན་འཛིན་བཅོམས་དགོས་ན། བོད་ཀྱི་ལྟ་བ་གསར་རྙིང་གཉིས་ཀར་སློབ་སྦྱོང་བྱས་ནས་ཉམས་ལེན་བྱས་ན་ཕན་པ་ཆེ་སྙམ།
དབུ་མའི་ལྟ་བ་སྟོང་ཉིད་འདི་ནི།
ཉན་རང་པས་ཐབས་ངེས་པར་འབྱུང་ནས་སྡིག་སྒྲིབ་དག་པའི་སྒོ་ནས་སྟོང་ཉིད་རྟོགས་འགྲོ་བ་དང་། བྱང་སེམས་ཀྱིས་རང་དོན་ཡི་བྱེད་མགོ་ནོན་པའི་སྒོ་ནས་སྡིག་པ་རང་ཤུགས་སུ་དག་ནས་ཟབ་མོ་སྟོང་ཉིད་རྟོགས་འགྲོ་བ་དང་།
གསང་སྔགས་རིག་འཛིན་པ་ཚོས་བླ་མས་བྱིན་གྱིས་བརླབས་པ་ལ་བརྟེན་ནས་སྣང་སྲིད་ལ་དག་སྣང་སྦྱངས་བའི་སྒོ་ནས་སྡིག་སྒྲིབ་དག་ནས་རྣམ་ཀུན་མཆོག་ལྡན་གྱི་སྟོང་ཉིད་རྟོགས་འགྲོ་བ་མིན་འགྲོ་སྙམ་ནས་དྭོགས་པ་ཅིག་ཤར་ནས་ཁ་བརྡ་འདིར་བྲིས་ཐལ་ཤོར་སོང་བས། ལྷ་མཁའ་འགྲོ་ཆོས་སྐྱོང་སྲུང་མས་ང་ལ་མ་བསྡིགས་པར་གསུང་གིས་སྣང་བ་སྩོལད་ཅིག ཀྱེེ། །