བེ་རི་འཇིགས་མེད།
མདོ་ ཁམས་ཆུ་བཞི་སྒང་དྲུག་གི་སྤྱི་འདོམས་དམག་སྤྱི་ཨ་འབྲུག་མགོན་པོ་བཀྲིས་ཀྱིས་ དབུ་ཁྲིད་པའི་དྭངས་བླངས་དཔའ་བོའི་དམག་སྒར་འདི་ཉིདལྷ་བླའི་ལུང་སྟོན་དང་ས་བབ་ གནས་སྟངས་གང་ཅི་ལ་བརྟེན་ནས། སྤྱི་ལོ་ ༡༩༥༨ ཟླ་བ ༦་ ཚེས ༡༦་ ཉིན་ལྷོ་ཁ་ལྕགས་ཚ་གྲུ་གུ་ཐང་དུ་བརྟེན་གཞིར་བྱས་ནས་རྒྱལ་སྲུང་དགྲ་འཐབ་ཀྱི་ ལས་འགུལ་རྒྱ་ཆེར་སྤེལ་བའི་ལོ་རྒྱུས་ཤིན་ཏུ་འགོང་ཆེ་ཞིང། བསྟན་སྲུང་དང་བླངས་དམག་གི་སྒྲིག་འཛུགས་འདི་ཉིད་ཐོག་མར་ཚུགས་དུས། ཨ་ འབྲུག་ཚང་གི་མཆོད་ཁང་དུ་སྤྱི་ལོ་ ༡༩༥༨ བོད་ཟླ ༢ ཚེས ༡༨ ཉིན་རྒྱལ་བའི་བཀའ་འགྱུར་རིན་པོ་ཆེ་དཔང་དུ་བཙུགས་ནས་བོད་ཀྱི་བསྟན་སྲིད་དོན་ དུ་གནའ་གན་མཐུ་མོ་ཆེ་བཞག་པ་ནས། མིག་སྔར་གསེར་ཁྲི་ཆེན་པོ་གསར་བཞེངས་དང༌། རྟེན་གཙོ་ཁག་གི་སྤྱན་སྔར་གསེར་ཀོང་སོགས་གསར་བསྐྲུན་བྱས་པ། ༧གོང་ས་ཆེན་མོ་ལ་བརྟན་བཞུགས་དང༌། ལྷ་སྲུང་ཁག་ལ་ལུང་ཞུ། བློ་ཐག་རྦད་གཅོད་ཀྱིས་དྲག་པོའི་དམག་གི་བརྟེན་གཞི་གསར་འཛུགས་བྱེད་རྒྱུ་བཅས་ ཐག་གཅོད་དང་ལག་བསྟར་དངོས་སུ་བྱས་ཏེ། བསྟན་སྲུང་དང་བླངས་དཔའ་བོའི་ནང་ཁུལ་རྡོག་རྩ་ཆིག་བསྒྲིལ་དང༌། ས་གནས་མི་དམངས་དང་མཐུན་ལམ། རྒྱལ་སྲུང་དམག་འཐབ་ཀྱི་ལས་འགུལ་སོགས་ཚགས་ཚུད་ཡོང་ཆེད། གཏན་འབེབས་བྱས་པའི་དམག་ཁྲིམས་དོན་ཚན་ཉི་ཤུ་རྩ་བདུན་བཞག་པ་དང༌།
དེ་ རྗེས་སླར་ཡང། ས་ཁྱི་བོད་ཟླ ༥ ཚེས ༡༩ ལ་མདོ་ཁམས་ཆུ་བཞི་སྒང་དྲུག་དང༌། ཨ་མདོ་བཅས་པ་མགོ་འཛིན་མི་འཐུས་ཉེར་གསུམ་གྱིས་མ་བསྐུལ་དང་བླངས་ཀྱི་ཐོག་ནས་ གལ་ཆེ་སྤང་བླང་ཞུ་གན་ཞིག་བཞག་པ་དེའི་ནང༌།
ས་ཆུ་ ༥ ཚེས་ ༡༩ ལ་མདོ་ཁམས་ཆུ་བཞི་སྒང་དྲུག་དང༌། ཨ་མདོ་བཅས་མི་རིགས་ཐུན་མོང་ནས་གསར་དུ་གལ་ཆེའི་སྤང་བླངས་ཞུ་གན་དགེ།
༈ ས་ཕྱི་ཟླ་ ༥ ཚེས་ ༡༤ ལ། ཕན་བདེའི་འབྱུང་གནས་ལུགས་གཉིས་གོང་མ་ཁྲིམས་བདག་རིན་པོ་ཆེའི་ཞབས་དྲུང་དུ། ཞུ་བ།
མིང་ རྟགས་གཤམ་གསལ་དོ་བདག་རྣམས་ནས་བློས་བླངས་སྔ་ཚིག་ཕྱི་འགལ་མི་ཞུ་བའི་གན་རྒྱ་ གཙང་འབུལ་ཞུ་སྙིང༌། དོན་རྩ། བསྟན་པ་རྒྱས་པ་དང༌། འགྲོ་བ་བདེ་ཐབས་ཀྱི་སྐོར་མདོ་སྨད་ཆུ་བཞི་སྒང་དྲུག་དང༌། ཨ་མདོ་བཅས་པ་བསམ་པ་གཅིག་འཐུན་གྱི་བླངས་དོར་ཞུ་སྒོའི་སྤྱི་གན་འཐུ་མོ་ཆེ་ འཛུགས་འཇོག་ཞུས་ཟིན་པས། འབྲུ་དོན་དེ་ལྟར་ལས་ཟུར་དུ་དགོས་གནས་མ་ཡོད་ཀྱང་དྲག་གཞན་ཚང་མ་ནས་མ་བགྲོས་ བསམ་པ་གཅིག་འཐུན་གྱིས་གལ་ཆེ་ནན་དཔེའི་ནང་གན་ཞིག་ངེས་འཇོག་དགོས་ལུགས་སྤྱི་ མོས་བྱུང་དོན་བཞིན། གཙོ་བོར་རང་གིས་སྲོག་ལས་གཅེས་པར་འཛིན་པའི་གངས་ལྗོངས༧རྒྱལ་བསྟན་ཆབ་སྲིད་རིན་ པོ་ཆེ་འདི་ཉིད་དང༌། ལྷག་པར་དུ་ཡང་བོད་དང་བོད་ཆེན་པོའི་ཁོངས་སུ་རྟོགས་པའི་ནང་པ་སངས་རྒྱས་པའི་ སྐྱེ་འགྲོ་སྤྱིའི་མགོན་༧སྐྱབས་དམ་པ་བསྟན་པ་དེ་འཛིན་ཀུན་གྱི་གཙུག་ནོར་༧གོང་ ས་༧སྐྱབས་མགོན་༧རྒྱལ་དབང་ཐམས་ཅད་མཁྱེན་གཟིགས་ཆེན་པོ་མཆོག་གི་༧སྐུའི་མཚན་ དབང་མཛད་འཕྲིན་བཅས་ལ་སྔར་ས་གནས་མི་ཡོངས་བའི་ཁ་འཇམ་ཞེ་ནག་སོགས་ཕ་རོལ་བསྟན་ དགྲ་སྨོན་ལོག་ཕྱི་ནང་སུ་ཐད་ནས་བསམ་སྦྱོར་ངན་གཤམས་གྱི་བོད་མི་དམངས་ཀྱི་བློ་ དང་མི་མཚམས་པའི་བྱ་སྤྱོད་སྣེ་བཏགས་ཅན་དངོས་ཤུགས་བརྒྱུད་གསུམ་དུ་བཏང་གླེང་ བྱ་རིགས་བྱུང་ཕྱིན་རང་དོན་འགྲིགས་གཙོའི་སྡུག་འཁུར་ཞུ་ཐབས་རྩ་བ་ནས་མེད་ན། བསྟན་དོན་དུ་འཆི་བ་དོན་དང་ལྡན་ཞིང་རང་སྲོག་བློས་བཏང་གིས་ཞི་དྲག་ཐབས་སྒོ་གང་ དགོས་ཀྱི་ཡ་ལེན་ཞུ་རྒྱུ་སྤྱི་དང༌། དེ་འབྲེལ་རང་ཁ་རང་གསོ་ཐུབ་ཐབས་ཀྱི་མཆོད་རྒྱུན་མ་འཁྱེར་གྱི་རང་འཁོས་ལ་གཞིག་ པའི་ཚོང་འཁོས་ཐབས་ཤེས་ལ་གནས་སྟེ་རང་གཞུང་ཆེན་པོའི་བཀྲིན་སྙིང་བཅངས་ཀྱི་ཉམས་ ཆུང་འགྲོ་བཟོ་སྡོད་མཁས་ཞུ་བཞིན་པར་བཀྲིན་ཆོག་ཤེས་ཞུས་མི་ཆོག་པའི་ནག་མེད་ ཉེས་དཀྲིའི་ལེ་འདོགས་ཀྱི་ཉམས་ཆུང་འགྲོ་སྡོད་མི་ཤེས་པའི་སྤྱི་དོན་སྒེར་ ལྷུངས་ཀྱི་རང་ཁོངས་མི་དྲག་གཞན་ཆེུང་སུ་འདྲ་ཞིག་ལ་ལག་བརྒྱག་འཛིན་བཟུངས་སོགས་ ཀྱི་བཙན་དབང་རིགས་བྱུང་ཕྱིན་ཚང་མ་བདེ་སྡུག་གཅིག་གྱུར་ལ་བརྟེན་སྦྲང་མ་མེ་ འོད་དུ་ཆག་རེ་བྲལ་དོན་རང་ཟོན་ངོ་ལྐོག་སྤང་པའི་གཅིག་རྒྱབ་གཉིས་གནོན་གྱི་དེ་ ལེན་དེ་མཇལ་ཐུབ་ངེས་ཀྱི་ཚང་མས་རང་སྲོག་འཕངས་པ་མེད་པའི་གདུང་ཤུགས་གཅིག་ བསྒྲིལ་གྱི་རྒྱག་གཅིག་མཆོངས་གཅིག་ཞུ་རྒྱུ་སྨོས་མེད་ཁར་དམག་སྒར་འདུས་འཛོམས་ ཟིན་པས་རྩ་ཚིག་དོན་ཚན་ལྔ་པོ་འགལ་མེད་ཐོག འབྱུང་འགྱུར་དགྲ་ཚོད་དགྲ་དང་འདྲེ་ཚོད་འདྲེ་ལ་སོང་བའི་དཔེ་དོན་ལྟར་གློ་བུར་ དུ་ལས་ལམ་ཡོང་མིན་གྱི་དགེ་སྐྱོན་ངན་དྭོག་ཇི་ཡོངས་ངེས་མེད་ལ་བརྟེན། དེ་མཚམས་དགྲ་གྲོགས་ལེགས་ཉེས་ཇི་ལྟར་བྱུང་ཡང་སྔོན་ལས་བཟློགས་མེད་ཀྱི་བབས་ བསྐོས་ལ་རྟེན་ཐེ་ཚོམ་ཕྱིར་བགྲོས་གོམ་གང་མེད་པའི་མེ་རླུང་ཕྱོགས་གཅིག་གི་སྒོ་ ནས། སྡུག་སྔོན་མིའི་ཆུ་ལ་མཉམ་འཐུང་ཁོ་ནས་ཚང་མ་དམ་ཚིག་ཟོང་ཁ་ཆིག་བསྒྲིལ་གྱིས་ བསྟན་དོན་དུ་རང་སྲོག་འདོར་ནུས་་ཀྱི་དགྲ་་བྱུང་ན་གྲི་གུ་མཉམ་འདོན་དང༌། གྲོགས་བྱུང་ན་ཕོར་བ་མཉམ་འཛུགས་ཞུ་རྒྱུར་ཚང་མ་སྤྱི་མོས་ཀྱི་བློས་བླངས་བྱུང་ དོན་རྣམས། ལག་ལེན་འཁེལ་མིན་རིགས་ག་ལ་ཡོང་སྲིད་ཀྱང༌། ཡིན་རུང་སླད་བབས་བཀོད་བྱེད་བདེའི་ཉེས་ཆད་ཁ་གསལ་ཞིག་དགོས་གནས་ཆེ་བར་བརྟེན་ གསང་བ་གལ་ཆེའི་ནང་བགྲོས་གྲ་སྒྲིགས་བྱ་དགོས་རིགས་དོན་མེད་ཕྱི་འཆར་བྱུང་ན། ཉེས་ཆད་དངུལ་སྲང་ཉིས་སྟོང་ལྔ་བརྒྱ་ཐམ་པ་སྤྱི་ཕན་རྒྱག་སྤྲོད་བྱ་དགོས་དང༌། དེ་འབྲེལ་མི་རྟ་གོ་ལག་བཅས་པའི་ཐོ་གཞུང་ཟུར་ཡོད་ནང་གསལ་ནས་བསྟན་དོན་དགོས་གལ་ གྱི་ཆུ་བཞི་སྒང་དྲུག་ནས་ལེན་མདའ་བྱུང་འཕྲལ་ས་གནས་དེར་དུས་འབྱོར་མ་བྱུང་ཚེ་ ཉེས་ཆད་དངུལ་སྲང་ལྔ་སྟོང་ཐམ་པ་སྤྱི་ཕན་རྒྱག་སྤྲོད་བྱ་རྒྱུ། ལྷག་པར་གན་རྒྱ་འདི་བཞིན་རང་མོས་བློས་བླངས་ཀྱི་རྟགས་འཛུགས་བྱས་པ་ལས་བཙན་ཐེལ་ བླངས་པ་སོགས་རྩ་བ་ནས་མིན་པར་རང་དྲིན་རང་ལ་ཆུང་པའི་ཁ་བཤད་ལག་ལེན་རྒྱབ་འགལ་ གྱི་ནང་གཏམ་ཕྱི་བསྐྱེལ་མི་གཅིག་མགོ་གཉིས་ཀྱི་ཚུལ་མིན་རིགས་བྱ་མི་སུ་འདྲ་ ཞིག་བྱུང་ཡང༌། མིག་ན་ལག་བཟོས་དེ་དག་ལ་ཉེས་པ་སྲོག་ཐོག་དུ་གཏོང་རྒྱུ་བཅས་ལ་ཚང་མ་བློ་མཐུན་ གྱི་ཁ་གདན་གཙང་ཆོད་ཟིན་པ་འདི་དོན་ལས་དུས་ནམ་ཡང་མི་འགལ་ཞིང༌། གལ་སྲིད་གོང་དོན་རང་མོས་ཀྱི་བློས་བླངས་ཞུས་པར་མི་གནས་པའི་འགལ་འགྲོའི་རིགས་ སྦྲང་སྒྲ་ཙམ་དྲགས་གཞོན་སུ་ཐད་ནས་ཞུས་གླེང་ཤར་ཚེ་གོང་གསབ་འགལ་ཆད་སྒྲུབས་ འབུལ་ཞུ་དགོས་སྨྲོས་མེད་ཁར། ཁྲིམས་ཞབས་རིན་པོ་ཆེ་ནས་དེ་ཐོག་འགལ་ཉེས་༧བླ་དཔོན་ཆེན་པོས་བཀའ་ཇི་རྩལ་སྡིག་ བསགས་རང་འཁུར་ཞུ་རྒྱུུའི་རྟགས་རིམ་འབུལ་གྲས།
ལི་ཐང་གཙོ་འཛིན་ཇ་མ་བསམ་འཕེལ་གྱི་རྟགས།༴
ཆ་ཕྲེང་གཙོ་འཛིན་འོ་སྲོབ་ཐུབ་བསྟན་གྱི་རྟགས།
འབའ་པ་གཙོ་འཛིན་ཕྱག་མཛོད་བཀྲིས་ཀྱིས་རྟགས།༴
རྒྱལ་ཐང་གཙོ་འཛིན་བསོད་ནམས་ཀྱི་རྟགས།༴
འཇུ་ཀོང་གཉིས་ཀྱི་གཙོ་འཛིན་ཕྱག་མཛོད་བློ་བཟང་ཕུན་ཚོགས་ཀྱི་རྟགས།༴
རྟའུ་གཙོ་འཛིན་ནོར་བུའི་རྟགས།༴
དཀར་མཛེས་གཙོ་འཛིན་ཕྱག་མཛོད་ཚུལ་ཁྲིམས་ཀྱི་རྟགས།༴
རྫ་ཁོག་གཙོ་འཛིན་ཨ་དཀར་གྱི་རྟགས།༴
སྒར་པ་གཙོ་འཛིན་དབང་ཆེན་ལྷ་མགོན་གྱི་རྟགས།༴
སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེའི་རྟགས།༴
གོ་འཇོ་གཙོ་འཛིན་ཆོས་སྲུབ་ཨ་རྐག་ཀྱི་རྟགས།༴
སྨར་ཁམས་གཙོ་འཛིན་འགུ་གྲགས་ཀྱི་རྟགས།༴
བྲག་གཡབ་གཙོ་འཛིན་བཀྲ་རྣམ་གྱི་རྟགས།༴
ཆབ་མདོ་གཙོ་འཛིན་བློ་ཉིའི་རྟགས།༴
ཚ་བ་རོང་གཙོ་འཛིན་དམ་པ་བློ་གྲོས་ཀྱི་རྟགས།༴
རྒྱལ་རོང་གཙོ་འཛིན་ཐུབ་བརྟན་ཡར་འཕེལ་གྱི་རྟགས།༴
བྲག་འགོ་གཙོ་འཛིན་སེམས་ཉིད་རྡོ་རྗེའི་རྟགས།༴
དར་དགོན་གཙོ་འཛིན་པད་རྡོའི་རྟགས།༴
མེ་ཉག་གཙོ་འཛིན་ཡོན་ཏན་རྒྱ་མཚོའི་རྟགས།༴
ཨ་མདོ་གཙོ་འཛིན་ལེགས་བཤད་ཀྱི་རྟགས།༴
ཉག་རོང་གཙོ་འཛིན་སྐལ་བཟང་རྡོ་རྗེའི་རྟགས།༴
ཨ་མདོ་སྤྱི་འཐུས་སྦྱིན་པ་རྒྱ་མཚོའི་རྟགས།༴
སྤྱི་འཐུས་གཞིས་རྩེ་ལས་གཙོས་སྤེན་ཟུར་རྡོ་ནོར་གྱི་རྟགས།༴
༼གོང་གསལ་ཡིག་ཆའི་འདྲ་བཤུས༽
ཞེས་འཁོད་ཡོད་པ་རེད།
དེ་ རྗེས་སླར་ཡང་དམག་ཤོག་སོ་སོའི་བརྒྱ་དཔོན་དང་རང་འོག་དཔུང་དམག་ཁག་གི་དམག་ སྒྲིག་དམ་འཛིན་གྱིས་གན་རྒྱ་གལ་ཆེན་ཞིག་བཞག་པ་དེའི་ནང་འཁོད་དོན། ཤོག་སོ་སོའི་བརྒྱ་དཔོན་སོ་སོའི་འོག་ནས་སྤང་བླངས་ཞུ་རྒྱུའི་གན་རྒྱ།
༈ ས་ཕྱི་ཟླ་ ༧ ཚེས་ ༢༠ ལ། ལུགས་གཉིས་༧གོང་མ་ཁྲིམས་བདག་རིན་པོ་ཆེའི་༧ཞབས་དྲུང་དུ།
ཞུ་ བ། མིང་རྟགས་གཤམ་གསལ་དོ་བདག་རྣམས་ནས་བློས་བླངས་འགྱུར་མེད་གན་རྒྱ་གཙང་འབུལ་ཞུ་ སྙིང༌། དོན་རྩ་མདོ་སྨད་ཆུ་བཞི་སྒངས་དྲུག་དང༌། ཨ་མདོ་བཅས་བསྟན་དོན་དུ་དྭངས་ལེན་ཕྱིར་ཐོན་བྱས་པ་ཡིན་ན་སྒྲིགས་ཁྲིམས་སྔོན་ འཇོགས་ཀྱི་འབྲུ་དོན་ལྟར་ཤོག་སོ་སོའི་བརྒྱ་དཔོན། བཅུ་དཔོན་ནས་མགོ་འོག་ལུས་ཕྱུར་གྱི་མི་སེར་འཕྲོགས་པ་སོགས་ལ་འཕྲོགས་བཅོམས་ བྱས་མི་ཆོག་པ་དམག་སྤྱི་ཁང་ནས་བཀའ་འདམས་མ་གོ་མ་ཐོག་མེད་པ་གནང་རུང༌། ལམ་བར་མི་ངན་དཀྲུགས་བཤིགས་འགའ་ཞིག་ནས་འཕྲོགས་བཅམས་ཆེ་བཟོས་བཏང་བ་དེ་ནི་རྩ་ བ་ནས་མི་ལེགས་པ་ཡིན་གཤིས་ད་ཚེས་ ༢༠ ནས་བཟུངས་བརྒྱ་དཔོན་རྣམས་སྒྲིགས་ཁྲིམས་སྐོར་གསར་དུ་བཀོད་པ་ཉམས་ལེན་ཞུ་རྒྱུ་ དམག་མི་དྲགས་གཞན་སུ་ཐད་ནས་རང་བསྟན་བཤིགས་བསམ་གྱི་མི་སེར་ཐོག་ལམ་བར་འཕྲོགས་ བཅམས་མི་ཆོག་པ་དང༌། གཙོ་བོ་ཤོག་སོ་སོའི་བརྒྱ་དཔོན་མིང་རྟགས་རྣམས་ནས་བསྟན་པ་མགོ་བཤིག་མིན་པས་ ཐོག་ནས་སྒྲིགས་ཁྲིམས་འགྲོ་སྡུགས་ཀྱི་སྐོར་བཀོད་བཤད་ལ་དམག་མི་ནས་ཡ་ལན་ཚིག་ གཅིག་ཙམ་ཞུ་རྒྱུ་མེད་པ་ལས། གལ་སྟེ་མི་ངན་དཀྲུགས་བཤིགས་འགའ་ཞིག་ནས་ཁྲིམས་མེད་ཀྱི་ཡ་ལན་ཚིག་རྩ་ཙམ་ཞུས་ གླེང་ཤར་ན་ཤོག་ཚང་མའི་བརྒྱ་དཔོན་བཀའ་གྲོས་ཐོག་ནས་འགལ་འཛོལ་ཆེ་ཆུང་ལ་གཞིགས་ པས་འཕྲལ་འཕྲལ་རྟ་ལྕགས་ཉིས་བརྒྱ་ནས། ལྔ་བརྒྱ་བར་ལུས་སྟེང་དུ་ཚ་གཏོང་བྱེད་རྒྱུབརྒྱ་དཔོན་ཚང་མ་བསམ་གྲོས་གཅིག་ མཐུན་ཐོག་གཙང་བཅད་ཟིན་པ་འདི་ལ་ཉམས་ལེན་བྱ་རྒྱུ་བྱས་པ་གྲས།
གོང་དོན་ལྟར་ཁ་དང་འབའ་བ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ག་དང་ཀོང་རག་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ང་དང་ཆ་ཕྲེང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཅ་དང་ཨ་མདོ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཆ་དང་འཇིང་པ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཇ་དང་ལི་ཐང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཉ་དང་ཉག་རོང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཏ་དང་ཚ་རོང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཐ་དང་རྒྱ་ཐང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ད་དང་དཀར་མཛེས་བརྒྱ་དཔོན་ལག་སྐོར་གྱི་རྟགས།
པ་དང་དར་དགོན་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཕ་དང་རྟའུ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
བ་དང་གོ་འཇོ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
མ་དང་བེ་རི་ཞིང་སེ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཚ་དང་ཆབ་མདོ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཛ་དང་བདེ་དགེ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཝ་དང་བྲག་གཡབ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཞ་དང་རྒྱལ་རོང་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཟ་དང་སྒ་བ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཡ་དང་སྨར་ཁམས་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ཀ་སྦུག་བརྒྱ་དཔོན་ལག་སྐོར་གྱི་རྟགས།
རྒྱལ་རྩེ་བརྒྱ་དཔོན་ལག་སྐོར་གྱི་རྟགས།
སྟོང་སྐོར་བརྒྱ་དཔོན་ལག་སྐོར་གྱི་རྟགས།
ྭཿ༧་ཞརྟིཾཁྲ་ཤིཾཁྲ་ཤྲ་ཧཿཁྲ྄
གོང་ གསལ་ཡིག་ཆ་དེ་དག་གིས་བསྟན་སྲུང་དང་བླང་དཔའ་བོའི་སྒྲིག་འཛུགས་ཀྱི་དམིགས་ཡུལ་ དང༌། རེ་བ། འཆར་གཞི། ལག་ལེན་བཅས་ཀྱི་ལངས་ཕྱོགས་གང་ཞིག་གཟུང་ཡོད་པ་དེ་གསལ་པོར་མཚོན་ཡོད་པ་རེད།
ད་ དུང་དམག་མི་བྱེ་བྲག་པའི་འགའ་ཞིག་གིས་ཆུ་སྒང་དམག་ཁྲིམས་དང་འགལ་བ་བྱུང་རིགས་ ཚོར་ཡང་ཕྱི་ཆད་སྤང་བླང་ཐད་ཁག་ཁུར་དང་དོ་བདག་གིས་མཛུབ་ཐེལ་ལམ་ས་མིང་རྟགས་ བཀོད་པ་ཡང་དུ་མ་བྱུང་སྣང་ཞིང༌། ཆུ་སྒང་མ་ཡིག་ནང་ཡོད་པའི་དཔེ་མཚོན་ཙམ་ཞིག་བགྲང་ན།
༈ ས་ཁྱི་ཟླ་ཚེས་ལ་ཨ་མདོ་པསྒ་རྣམ་རྒྱལ་གྱི་སྤང་བླངས་ཞུ་གསལ།
༈ ས་ཁྱི་ཟླ་ཚེས་ལ། ལུགས་གཉིས་༧གོང་མ་ཁྲིམས་བདག་རིན་པོ་ཆེ་ཞབས་དྲུང་དུ།
ཞུ་ བ། མིང་རྟགས་གཤམ་གསལ་རྣམས་ནས་བློས་བླང་ཕྱིར་འགྱུར་མེད་པའི་གན་རྒྱ་གཙང་འབུལ་ཞུ་ སྙིང། དོན་རྩ། གུས་འབང་ཨ་མདོ་བ་པསྒ་རྣམ་རྒྱལ་འདེར་བ་གྱི་ཆུ་བཞི་སྒང་དྲུག་གི་དམག་ཁོང་ཡིན་ ཚུལ་མཚོ་སྣ་ཕྱོགས་ནས་མི་སེར་བཅོམ་འཕྲོག་དང་འབྲེལ་བའི་རྟའུ་སྐུར་འདེད་ཚོད་ མེད་ཀྱི་བཏང་གནོད་བྱས་པའི་སྐབས་དེར་ས་ཤེས་དཔོན་དམག་ལྷན་རྒྱས་ནས་འཛིན་བཟུང་ དོ་དམ་གྱིས་དམག་སྒར་དུ་རྩིས་འབུལ་ཞུས་ནས་རྒྱ་མི་སོགས་མ་ཡིན་པས་ངེས་པ་མེད་ན་ ཁྲིམས་བཅོད་དྲག་པོ་བཏང་འདོད་མཐའ་ཕྱིན་གནང་རྒྱུ་ཉག་གཅིག་ཁར། ཨ་མདོ་བ་ཐོུང་ནས་ཁྲིམས་བཅོད་མ་དགོས་སྟབས་ཀྱི་ཕྱིར་ཞུས་ཀྱི་སླད་ཕྱིར། རྒྱ་ཕྱོགས་སུ་དམག་སྒར་འདི་གི་གནས་ཚུལ་དང༌། ནང་གཏམ་ཕྱིར་བསྐྱེལ་སོགས་ཀྱི་འགལ་རིགས་ཕྲ་མོ་མི་བྱེད་རྒྱུར་དང༌། དམག་སྒར་སྤྱི་དང༌། ཨ་མདོ་ནང་ཁུལ་སོགས་ཀྱི་བཀོད་ངག་ཇི་བྱུང་བཀའ་གསུང་དྭང་ལེན་ཞུ་རྒྱུ་ལས་གལ་ སྲིད་འགལ་རིགས་ཤར་ཚེ་་་་བཀའ་ཉེས་ཇི་རྩལ་སྡིགས་བསགས་རང་ཁུར་ཞུ་རྒྱུ་ཞུས་པ་ དོ་བདག་གོང་མིང་གྱི་རྟགས།
ཁག་ཐེག་འགལ་ལེག་ང་ཡོང་ཞུས་པ་ཨ་མདོ་གཙོ་དྲགས་ཁྲ་མོ་དང༌། ཆོས་དྲག་བཅས་ལགས་བསྐོར་གྱི་རྟགས།
༈ ས་ཕག ཆག་ཕྲེང་མི་བཅུའི་གན་རྒྱ་དགེ།
༈ ས་ཕག་ཟླ་ཚེས་ལ། ལུགས་གཉིས་༧གོང་མ་༧ཁྲིམས་བདག་རིན་པོ་ཆེ་༧ཞབས་དྲུང་དུ།
ཞུ་ བ། བདག་མིང་རྟགས་འཁོད་གཤམས་གསལ་རྣམས་ནས་བློས་བླངས་འགྱུར་མེད་ཀྱི་གན་ཚིག་གཙང་ མར་འབུལ་སྙིང༌། དོན་རྩ། མདོ་ཁམས་ཆུ་བཞི་སྒང་དྲུག་༧རྒྱལ་ཁབ་ཉི་ཤུ་རྩ་གསུམ་གྱིས་ཁོངས་སུ་ཞུག་རིགས་ཚང་ མ། ཉམ་ལེན་སྙིང་པོ་ཞུ་སྒོ། དོན་ཚན་ཉི་ཤུ་རྩ་བདུན་འགལ་འཆར་ཁྲ་མོ་ཙམ་དངོས་ཤུག་གང་སར་སུ་ཐད་ནས་ཁྲ་མཙམ་ འགྲོ་རིགས་ཤར་ཚེད་འབའ་༧བླ་དཔོན་བཀའ་ཇི་རྩ་འཐོག ཁ་དབང་ཕྱིར་བཞེས་དང་འབྲེལ་ལུས་སྟེང་སུ་ཉེས་ཆན་དྲག་པོར་སྤྱོད་པ་ཞུ་ཞུ་དོ་ བདག་སོ་སོའི་མིང་འཁོད་ཀྱི་ཆག་ཕྲེང་ཚོང་བློ་བཟང་སྦྱིན་པའི་ཁོངས་མི་གྲངས་བཅུ་ ཡོད་པ་ིར་ལགས་ཟོར་བའི་རྟགས།
ཁག་ཐེག་འགན་ལེན་ལི་ཐང་ཨ་འབྲུག་ཁོངས་བསོན་ནམས་མགོན་པོའི་རྟགས།
རྗོད་དོན་སྒོང་བཞིག་ཞུ་བ་ཆག་འཕྲིང་ཁོངས་ངག་དབང་ཕྲིན་ལས་ཀྱི་རྟགས།
ཁག་ཐེག་འགན་ལེན་ལི་ཐང་ཨ་འབྲུག་ཁོངས་བསོད་ནམས་མགོན་པོའི་རྟགས།
༈ ས་ཕག་ཟླ་ ༢ ཚེས་ ༢༧ ལ། ལུགས་གཉིས་༧གོང་མ་ཁྲིམས་བདག་རིན་པོ་ཆེའི་༧ཞབས་དྲུང་དུ།
ཞུ་ བ། མིང་རྟགས་བཤམ་གསལ་དོ་ཁག་རྣམས་ནས་བློས་བླངས་མི་འགྱུར་བའི་གན་རྒྱ་གཙང་འབུལ་ ཞུ་སྙིང། དོན་རྩ་བོད་གཞུང་ཞི་དྲག་ལས་ཁུངས་ནས་ཆེད་རྩལ་ཕོགས་བརྒྱ་ངོ་འཁོས་སྐེ་ཁུལ་དོན་ སྤྱོད་བསྐྱོད་པའི་དོན་ཚན་གཉིས་པར་འདི་གའི་སྔ་ཞུས་སྒེར་སེར་སྐྱ་ཕྱོགས་དམན་ ཚང་མ་ཁུངས་གཏོགས་སུ་གྲ་ཆས་༼ ༽དང༌། རྡེའུ་སོགས་གང་ན་ཅི་ཡོད་བསྟན་དོན་གལ་ཆེར་བསམ་སྟེ་ལྷག་བསམ་རྣམ་དག་གི་དངས་ བླངས་འབུལ་ལམ་ཞུ་དགོས་སྤྱི་ཕེབས་དོན་བཞིན་རང་སྣོང་ངོས་བླངས་ཀྱི་འབུལ་ལོ་ཞུ་ སྤྱི་མི་རྣམས་གཞུང་ཁྲར་བཀོད་འབུལ་དང་འབྲེལ་སླན་ཕྱིན་བསྟན་པ་རང་ཟིན་སྐབས་ལ་ ཕྱིར་སྤྲོད་ཆོག་རྒྱུ་ལས། བསྟན་དོན་གལ་ཆེ་ཕན་མེད་སྣོད་འགྱུར་བྱ་གལ་མེད་སྟབས་དོན་མེད་བློ་རྩེ་གཉིས་ འཛིན་དང་བསྟན་དགྲའི་ངོན་ཕྱོགས་བཅས་ཀྱི་ད་སྐབས་རྩིས་འབུལ་མ་བྱུང་ཕྱིན་སླད་ ནས་ཡོད་ཚུལ་ཐོག་རིགས་སོགས་ཤར་ཚེ་བསྟན་དགྲའི་ཕྱོགས་གཏོགས་དངོས་སྒྲུབ་ཡིན་ སྟབས་སོག་ཐོག་བཏང་འོས་དང༌། དུད་མེད་རྩ་རླག་བཏང་རྒྱུ་ཉག་ཅིག་ཡིན་པ་བཅས་མེ་ཆུང་གསོད་ཐབས་དང༌། རང་འདོད་སྦུག་ཚངས་དུ་མི་འགྲོ་བའི་ཁས་ལེན་གཙང་ཟིན་འདི་ལས་མི་འགལ་ཞིང༌། གལ་སྲིད་འགལ་གཡོའི་རིགས་སུས་ཀྱང་ཞུལ་རིགས་ཤར་ཚེ་༼ ༽དྲག་པོ་མཛད་ངེས་རྟགས་རིམ་འབུལ་ཞུས་གྲས། བརྗོད་དོན་གོང་ཞུ་སེ་ར་ཀོང་པོ་ཁང་ཚན་གྲྭ་གྲགས་པ་ལྷུན་གྲུབ་བཅས་མི་གསུམ་འདི་ ག་ནང་དུ་སྡོད་རྒྱུ་ཡིན་ཞུ་མདའ་རྫས་གཏན་ནས་མེད་ཞུའི་དོ་བདག་གོང་གསལ་གྱི་འགན་ ལེན་ཤལ་གྲའི་མི་སེར་རྒྱ་ལམ་སྒང་ཟླ་བ་ཚེ་རིང་གིས་རྟགས། ཞེས་འཁོད་ཡོད་པ་རེད།
འཆར་ འགོད་དེ་དག་གཞི་བཟུང་གི་ཐོག་ནས་ཨ་འབྲུག་ཚང་གིས་སྣེ་ཁྲིད་པའི་བྱང་བསྐྱོད་ དམག་དཔུང་ཤོངས་དགའ་ལྡན་ཆོས་གླིང་དུ་དམག་འཐབ་ཀྱི་ཆ་རྐྱེན་དུ་སྐུ་ངོ་ཕ་ལྷ་ མགྲོན་གཉེར་ཆེན་མོ་བརྒྱུད་ནས་རང་གཞུང་དང་ཕན་ཚུན་གསང་བའི་ཡིག་འབྲེལ་གཏོང་ ལེན་བྱས་དོན་ལྟར། གཞུང་གི་གོ་ལག་ལེན་པར་ཕེབས་ཏེ། ཤངས་ནས་གོ་ལག་རྩིས་ལེན་བྱས་པ་དང། སྙེ་མོ་རྡོ་དཀར་གསུམ་མདོ་དང༌། འོད་ཡུག་འཛོམ་ཐང༌། སྙེ་མོ་སྟག་གྲུ་ཁ། བཀར་ཁོངས་རི་བརྒྱུད། ཡངས་པ་ཅན། འདམ་གཞུང༌། འབྲི་གུང་མཁའ་སྒང་ལ། རྨ་གཞུང༌། ཨ་ཕུར། ཨ་ཙ་མཚོ་འགྲམ། རྨེ་གཞུང་བྱང་ཐང༌། སྤོ་བོ་སྤྲ་མོག རོང་པོ་ཁུལ། ཁྱུང་པོ་སོགས་སུ་སྔ་ཕྱི་རིམ་བརྒྱུད་ཀྱིས་རྒྱ་དམག་དང་དམར་འཛིང་དྲག་པོས་སྙན་ གྲགས་འཛམ་གླིང་ཐོག་བསུབ་ཐབས་མེད་པ་ཞིག་བཞག་པ་དང༌། ཕ་ལྷ་མགྲོན་གཉེར་ཆེན་མོ་དང༌། ཀུན་བདེ་གླིང་འོད་ཟེར་རྒྱལ་མཚན་གཉིས་ཀྱིས་གསང་བའི་བཀའ་ཁྲོལ་བཞིན་ཚ་བ་དཔའ་ ཤོད་ཀྱི་གོ་ལག་ལེན་མཁན་ཕེབས་པ་སོགས་ཀྱི་སྐབས་སུ༌། གཞིས་སྡོད་ལྷོ་ཁ་དམག་སྒར་ཨ་མའི་ནང་ལྷའི་ལུང་བསྟན་དང་ཨ་འབྲུག་སྦྱིན་བདག་གི་བཀོད་འདོམས་ལྟར། འབའ་ པ་གཙོ་འཛིན་ཕྱག་མཛོད་བཀྲིས། ཆ་ཕྲེང་གཙོ་འཛིན་སྲས་དགེ་སློང༌། ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ། ཀོང་རག་གཙོ་འཛིན་ཀླུ་སྒྲུབ་ཕྱག་མཛོད། ལི་ཐང་གཙོ་འཛིན་འཇང་ཚ་ཆོས་མཛད་ཚེ་རིང་མགོན་པོ། ཚ་རོང་གཙོ་འཛིན་དམ་པ་བློ་གྲོས། གོ་འཇོ་གཙོ་འཛིན་ཆོས་རུག་བུ། ཆབ་མདོ་གཙོ་འཛིན་རྡོ་ཚེ། ཆབ་མདོ་གཙོ་འཛིན་བློ་ཉི། སྡེ་དགེ་གཙོ་འཛིན་བྱ་རྒོད་རྣམ་རྒྱལ་རྡོ་རྗེ། སྒ་པ་གཙོ་འཛིན་དབང་ཆེན་ལྷ་མགོན། བྲག་གཡབ་གཙོ་འཛིན་ཨ་ཕྲུག་བླ་མ། མི་ཉག་གཙོ་འཛིན་ཨ་ཕོ་ཡོན་ཏན་དང༌། ཨ་མདོ་དམག་སྤྱི་ལེགས་བཤད། ཆ་ཕྲེང་དམག་སྤྱི་སྲས་དགེ་སློང༌། དར་དགོན་དམག་སྤྱི་གསེ་གསེ། ལི་ཐང་དམག་སྤྱི་ཨ་ལོ་ཟླ་བ། སྡེ་དགེ་དམག་སྤྱི་ཕུར་མ་རི་རྣམ། སྡེ་དགེ་དམག་སྤྱི་འབའ་ཆུང་དཔོན་མཐུ་སྟོབས་མགོན་པོ་སོགས་འདུ་འཛོམ་གྱིས།
ལྷོ་ ཁུལ་བསྟན་སྲུང་དྭངས་བླངས་དམག་གི་སྒྲིག་འཛུགས་ནང་ཞུགས་མཁན་ཉིན་རེ་ནས་ཉིན་ རེར་ཇེ་མང་དུ་སོང་སྟེ་ད་ཆར་དམག་འབོམས་ཧ་ལམ་ཁྲི་ཕྲག་ལ་ཉེ་བར་གྱུར་ནའང༌། དྭངས་བླངས་དམག་མི་མང་ཆེ་བ་ནི་གོ་མཚོན་དང་གྱོན་གོས་མ་གཏོགས་གཞན་ཤ་མར་རྩམ་པ་ སོགས་ཟ་ཆས་རིགས་གཏོས་ཆེན་ཁུར་མཁན་ཕལ་ཆེར་མེད་ལ་ལྟོ་ཆས་མེད་པའི་དམག་སྒར་ནི་ ལྟག་ཆུ་མེད་པའི་ཆུ་འཁྱིལ་ལྟ་བུ་ཡིན་པས། ཐོག་མར་དམག་འཐབ་ཀྱི་ཆ་རྐྱེན་དུ་དམག་ཕོགས་ཆེད་ལྷོ་ཁུལ་འབྱོར་ལྡན་ཁག་ནས་འབྲུ་ རིགས་དང་ཤ་མར་སོགས་ཐོ་འཛིན་ཐོག་བླངས་ནས། རྗེས་སུ་དུས་བདེ་གནས་འཇགས་བྱུང་མཚམས་སུ་ཐོ་འཛིན་ཐོག་ནས་བུ་ལོན་གཙང་སེལ་ཆོག་ པའི་བླང་བྱ་འདོན་རྒྱུའི་ཐག་བཅད་བྱུང༌།
གོང་ གསལ་འགན་འཛིན་ལྷན་ཚོགས་ཀྱིས་ཐག་གཅོད་ལྟར་ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ་ དང༌། ཆབ་མདོ་གཙོ་འཛིན་བློ་ཉི་གཉིས་ཀྱིས་ལྷོ་ཁུལ་འབྱོར་ལྡན་ཁག་ནས་འབྲུ་རིགས་དང་ཤ་ མར་སོགས་ཐོ་འཛིན་ཐོག་བླངས་ནས། རྗེས་སུ་དུས་བདེ་གནས་འཇགས་བྱུང་མཚམས་ས་ུཐོ་འཛིན་ཐོག་ནས་བུ་ལོན་གཙང་སེལ་ཆོག་ པའི་བླང་བྱའི་བཀའ་མངགས་གནང་དོན་ལྟར།
ལྷོ་ ཁ་ཁུལ་གྱི་སྒེར་གཞིས་དང༌། མི་དམངས། དགོན་སྡེ་ཁག་བཅས་ཀྱིས་དང་བ་ཆེན་པོའི་ཐོག་ནས༌། གྲོ་ནས་སྲན་གསུམ་དང༌། ཤ་མར་རྩམ་པ་སོགས་རིམ་འབུལ་ཞུ་ཆོག་པའི་སྙན་ཞུའི་ནང་གསལ་སྙིང་དོན།
༡༽ ཐོན་པ་ངོ་བོ་ནས་གྲོ་ཁལ་ ༤༥༠ འདོན་ཁོངས་མི་སེར་འཁྱེར་དྲག་སྤྱི་ནས་གྲོ་ནས་ཁལ་ ༢༠༠
༢༽ གཟིམ་བལྟ་ངོ་འཕངས་དས་གྲོ་ནས་སྲན་གསུམ་ཁལ་ ༦༠༠ འདོན་ཁོངས་མི་སེར་འཁྱེར་བཟངས་སྤྱི་དས་འབྲུ་ཁལ་ ༤༠༠
༣༽ སྙེ་ཆོས་མི་སྣ་ནས་འབྲུ་ཁལ་ ༥༠
༤༽ རྡེ་དགོན་ངོ་བོ་དས་འབྲུ་ཁལ་ ༥༠ འདོན་ཁོངས་མི་སེར་དས་འབྲུ་ཁལ་ ༣༠
༥༽ སྒེར་མདོ་མཁར་ངོ་བོ་ནན་འབྲུ་ཁལ་ ༡༠ མི་སེར་འདོན་ཁོངས་ནས་འབྲུ་ཁལ་ ༥
༦༽ བརྒྱུགས་ཕུག་པ་སྤྱི་ནས་འབྲུ་ཁལ་ ༡༥
༧༽ བདེ་གླིང་ངོ་བོ་ནས་འབྲུ་ཁལ་ ༣༠༠ གཞིས་སྡོད་ནས་འབྲུ་ཁལ་ ༥༠
༨༽ རི་དགོན་འདུས་སྤྱི་ནས་འབྲུ་ཁལ་ ༥ གྲྭ་བློ་རྒྱན་ནས་འབྲུ་ཁལ་ ༥
༩༽ རྡོ་བྲག་ཆོས་གཞིས་ནས་འབྲུ་ཁལ་ ༥༠
༡༠༽ གཞུ་བསྲོད་པ་ཤོང་གཞིས་དས་འབྲུ་ཁལ་ ༡༥༠ མི་དམངས་ནས་འབྲུ་ཁལ་ ༢༠
༡༡༽ སྒེར་ཧོར་ཟུར་ངོ་བོ་ནས་འབྲུ་ཁལ་ ༥
༡༢༽ མཚུར་ཆོས་འདོན་ཁངས་བྲག་ཕག་གཞི་འོག་ནས་འབྲུ་ཁལ་ ༡༠
༡༣༽ སྙེམ་མོ་རྒྱལ་བྱེད་དགོན་ནས་འབྲུ་ཁལ་ ༥༠ འཇུན་གཞིས་ནས་འབྲུ་ཁལ་ ༣༠ མི་སེར་སྤྱི་ནས་འབྲུ་ཁལ་ ༡༠
༡༤༽མཚུར་ ཆོས་འདོན་ཁོངས་བྲངས་ཕག་གཞིས་འོག་ནས། གཞིས་ཀྱི་སྟོན་འབབ་ཐོག་ནས་དགེ་འདུན་རྣམས་ཀྱི་གསོལ་ཕོགས་དང་མི་སེར་ངན་ཁྲུལ་ གྱི་བུན་འབྲུ་བལྟོ་སོན་བཏང་འཕྲོ་འབྲུ་ཁལ་བཅུ་ནམ་ཕེབས་སྙན་འབུལ་ཞུས
༡༥༽ རྟ་འུ་དགོན་གྲྭ་ནས་འབྲུ་ཁལ་ ༥
༡༦༽ བསམ་བློ་གཞིས་འབངས་ནས་ལུག་ ༥
༡༧༽ མཚུར་སྒར་འདོན་ཁོངས་ནས་གཡག་ ༡
༡༨༽ མཚུར་ཆོས་འདོན་ཁོངས་འོག་གླིང་གཞིས་འོག་ནས་རྗེས་འབུལ་དམ་བཅའ་བྱས།
༡༩༽ སྐྱིད་རྒྱུ་བ་ནས་འབྲུ་ཁལ་ ༡༣༦༠
༢༠༽ ཆུ་ཤུར་གཞིས་ནས་འབྲུ་ཁལ་ ༥
༢༡༽ ལྷ་ཁོངས་ཤག་རམ་གཞིས་འོག་ནས་འབྲུ་ཁལ་ ༦
༢༢༽ འབྲི་ཆོས་ཤག་རམ་པ་ནས་འབྲུ་ཁལ་ ༥
༢༣༽ གཞུང་རབ་གླིང་དགོན་ནས་འབྲུ་ཁལ་ ༤
༢༤༽ སྒེར་རྨ་ལམ་གཞིས་ནས་འབྲུ་ཁལ་ ༡༠༠༠
༢༥༽ གཟིམས་ཐོག་བསྐྱིད་འཚངས་ངོ་འབངས་ནས་འབྲུ་ཁལ་ ༦༠
༢༦༽ གཡུ་ཐོག་དཀྱིལ་ཚལ་བཀྲས་རབ་ནས་འབྲུ་ཁལ་ ༡༠
༢༧༽ ལྕང་ཇི་འདོན་ཁོངས་ནས་བདེ་སྐྱིད་གླིང་པས་འབྲུ་ཁལ་ ༢ ཁང་ཞེལ་ནས་འབྲུ་ཁལ་ ༡ དོན་འགྲུབ་གླིང་ནས་འབྲུ་ཁལ་ ༡
དེ་བཞིན་ལྷུན་གྲུབ་རྩེ་རྫོང་གཞིས་ནས་ངག་དབང་ཆོས་བཟང་གི་རོགས་སྐྱོར་འོག་འབྲུ་ཁལ་ ༦༠༠
གཉལ་ཁུལ་བསམ་ཕོ་འབྲུ་ཁང་དྲུག་བདུན་ཙམ་ལ་སྒོ་ཐེལ་བརྒྱབ་སྟེ་རིན་གོང་རྗེས་སུ་གཙང་འབུལ་ཞུ་ཆོག་པའི་ཤོག་འཛིན་སྤྲད།
གོང་ གསལ་ཤོག་འཛིན་ཐོག་ནས་སྔ་བུན་བྱས་པའི་འབྲུ་ཁལ་སྤྲོད་ལེན་བྱས་པ་རྣམས་གཞིས་ཀ་ དང་རྫོང་གཞིས་མི་སེར་དེ་དང་དེ་དག་གིས་རྒྱལ་སྲུང་བཙན་རྒོལ་གྱི་ཆེད་དུ་དང་བ་ ཆེན་པོས་སྤྲོད་རྒྱུ་ཁས་ལེན་བྱས་པ་མ་གཏོགས་དྲག་གནོན་དང་བཙན་དབང་གིས་འཕྲོག་ བཅོམ་བྱས་པ་མ་ཡིན་པའི་དཔང་རྟགས་ལྟ་བུར་དོ་བདག་སོ་སོས་ཕུལ་བའི་སྙན་ཞུ་ཡིག་ཆ་ ཁག་རིམ་པ་བཞིན་བཀོད་ན།
༡༽
༈ ཞི་དྲག་ལས་ཁུངས་ཀྱི་བཀའ་དོན་གུས་འབངས་ཐོན་པ་ངོ་འབངས་ནས་དམག་ཕོགས་མཐུན་ རྐྱེན་འབྲུ་ཁ་ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་ཞུ་དགོས་ཕེབས་དོན། ཐོན་པ་ངོ་བོ་ནས་གྲོ་ཁལ་བཞི་བརྒྱ་ལྔ་བཅུ་ཐམ་པ་དང༌། འདོན་ཁོངས་མི་སེར་འཁྱེར་དྲག་སྤྱི་ནས་གྲོ་ནས་ཁལ་བརྒྱ་ཐམ་པ་བཅས་ནམ་བཞེེས་ མཚམས་འབུལ་ལམ་ཞུས་ཆོག་པ་མ་ཟད། ད་དུང་ངོ་འབངས་རྣམས་ཀྱི་སྟོན་སོན་དགོས་མཁོ་བཏང་ལྷག་བསྡད་ཚེ་རིམ་བཞིན་༧སྙན་ འབུལ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༽
༈ ཞི་དྲག་བསྟན་སྲུང་དམག་སྒར་གྱི་བཀའ་དགོངས། གུས་འབངས་གཟིམ་བཤད་ངོ་འབངས་ནས་དམག་སྒར་གསོལ་ཕོགས་མཐུན་རྐྱེན་འབྲུ་འབབ་ཁ་ ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་དགོས་རྒྱུ་ཕེབས་དོན། བྱང་སྒོ་ངོ་བོ་ནས་གྲོ་ནས་སྲན་གསུམ་ཁྱོན་འབྲུ་ཁལ་དྲུག་བརྒྱ་ཐམ་པ་དང༌། འདོན་ཁོངས་མི་སེར་འཁྱེར་བཟང་སྤྱི་ནས་འབྲུ་ཁལ་བཞི་བརྒྱ་ཐམ་པ་བཅས་ནམ་བཞེས་ མཚམས་འབུལ་ལམ་ཞུས་ཆོག་པ་དང༌། སྐྱེལ་འདྲེན་ཁལ་མའི་ཐད་སྙེ་འདུ་ཁལ་ཡོད་སྤྱི་མཚུངས་ཞུས་འཐུས་མ་ཟད། ད་དུང་ངོ་འབངས་ཁོངས་ལྟོ་སོན་དགོས་མཁོ་ཕུད་པས་ཁ་ལྷག་བསྡད་ཚེ་རིམ་བཞིན་༧སྙན་ གསན་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༣༽
༈ བསྟན་བསྲུང་དམག་སྒར་གྱི་བཀའ་དགོངས་སྙེ་འདུ་སྒེར་ཆོས་ཕག་ནས་ལོ་འཁོར་ལྟོ་སོན་ དང༌། མི་སེར་འཁྱེར་དམན་ཁག་ལ་ལྟོ་སོན་བཏང་ལྷག་ཇི་ཡོད་དམག་སྒར་གསོལ་ཕོགས་མཐུན་ རྐྱེན་དུ་འབུལ་དགོས་སྤྱི་ཕེབས་བཞིན་གུས་འབངས་སྙེ་ཆོས་མི་སྣ་ནས་འབྲུ་ཁལ་ལྔ་ བཅུ་ཐམ་པ་གཤོས་འབུལ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༤༽
༈ བསྟན་སྲུངས་དམག་སྒར་གྱི་གསོལ་ཕོགས་ཐོག གུས་འབངས་རྡོ་དགོན་ངོ་བོ་ནས་འབྲུ་ཁལ་ལྔ་བཅུ་ཐམ་པ་དང༌། མི་སེར་འཁྱེར་བཟང་སྤྱི་ནས་འབྲུ་ཁལ་སུམ་ཅུ་ཐམ་པ་ནམ་བཞེས་མཚམས་འབུལ་ལམ་ཞུས་ ཆོག་པ་དང༌། ད་དུང་ངོ་འབངས་བཟའ་སོན་ཁ་ལྷག་བསྡད་ཚེ་རིམ་བཞིན་སྙན་སེང་འབུལ་ལམ་ཞུས་ཆོག་པ་ ཞུ་ཤོག་ཏུ་ཕུལ།
༧༽
༈ བཀའ་དགོངས། གུས་འབངས་སྙེར་མདོ་མཁར་ངོ་བོ་ནས་འབྲུ་ཁལ་བཅུ་ཐམ་པ་དང༌། མི་སེར་འཁྱེར་དྲག་ཐེམས་གཉིས་ནས་འབྲུ་ཁལ་ལྔ་ནམ་བཞེས་མཚམས་འབུལ་ལམ་ཞུས་ཆོག་པ་ དང༌། ད་དུང་བཟའ་སོན་བཏང་ལྷག་བསྡད་ཚེ་རིམ་གསོལ་འབུལ་ལམ་ཞུས་ཆོག་ཞུ་ཤོག་ཏུ་ཕུལ།
༨༽
༈ བསྟན་དོན་སྲུང་དམག་ཀྱི་བཀའ་དགོངས། གཞུང་བརྒྱུག་ཕུག་པ་སྤྱི་ནས་ལྟོ་སོན་ཁ་ལྷག་གཏོན་གཏེང་འབྲུ་ཁལ་བཅུ་ལྔ་འབུལ་ ལམ་ཞུས་མཆོག་པ་བཅས་ཀྱི་ཤོག་ལྷེར་གུས་ཕུལ།
༩༽
༈ ཞི་དྲག་བསྟན་བསྲུང་དམག་སྒར་གི་བཀའ་དགོངས། གུས་འབངས་གཟིམ་གཡུ་ངོ་འབངས་ནས་དམག་གསོལ་ཕོགས་མཐུན་རྐྱེན་འབྲུ་འབབ་ཁ་ལྷག་ཇི་ ཡོད་ཤོག་ལྷེ་བཀོད་འབུལ་དགོས་རྒྱུ་ཕེབས་དོན། བདེ་གླིང་ངོ་བོ་ནས་འབྲུ་རྒྱུའི་ཁལ་གསུམ་བརྒྱ་ཐམ་པ་དང༌། གཞིས་སྡོད་ནས་འབྲུ་རྒྱུའི་ཁལ་ལྔ་བཅུ་ཐམ་པ་བཅས་ནམ་བཞེས་མཚམས་འབུལ་ལམ་ཞུས་ ཆོག་པ་དང༌། སྐྱེལ་འདྲེན་ཁལ་མའི་ཐད་སྙེ་འདུ་ཁལ་ཡོད་སྤྱི་མཚུངས་ཞུས་འཐུས་མ་ཟད། ད་དུང་ངོ་འབངས་ཁོངས་ནས་ལྟོ་སོན་དགོས་མཁོ་ཕུད་པའི་ཁ་ལྷག་བསྡད་ཚེ་རིམ་བཞིན་ ༧སྙན་སེང་ཞུས་མཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༡༠༽
༈ བཀའ་དགོངས། བསྟན་ཁག་གསོལ་ཕོགས་ཐོག་གུས་རུ་དགོན་སྤྱི་སྟངས་ནས་འབྲུ་ཁལ་ལྔ་དང༌། གྲྭ་བློ་རྒྱན་ནས་འབྲུ་ཁལ་ལྔ་ནམ་བཞེས་འཚམས་འབུལ་ལམ་ཞུས་ཆོག་པ་དང༌། ད་དུང་ཁ་ལྷག་བྱུང་ཚེ་རིམ་བཞིན་༧སྙན་སེང་ཆོག་པ་ཞུ་ཤོག་ཏུ་ཕུལ།
༡༡༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག་གུས་འབངས་རྡོ་བྲག་ཆོས་གཞིས་ནས་འབྲུ་ ཁལ་ལྔ་བཅུ་ཐམ་པ་ནམ་ཕེབས་མཚམས་འབུལ་ལམ་ཞུས་ཆོག་པ། ད་དུང་མི་སེར་ངན་གྲུལ་གྱི་ལྟོ་སོན་བཏང་ལྷག་ནས་ལྷག་འཕྲོས་བྱུང་མཚམས་༧སྙན་ སེང་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་རྟགས་འབྱར་དུ་ཕུལ།
༡༢༽
༈ གུས་འབངས་བཞུ་བཀྲས་ཤོད་གཞིས་ནས་འབྲུ་ཁལ་བརྒྱ་དང་ལྔ་བཅུ་ཐམ་པ་དང༌། མི་སྤྱི་ནས་འབྲུ་ཁལ་ཉི་ཤུ་ཐམ་པ་བཅས་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༡༣༽
༈ བཀའ་དགོངས། གུས་འབང་སྒེར་ཧོ་འུར་ངོ་བོ་ནས་འབྲུ་ཁལ་ལྔ་ལས་ཕུལ་རྒྱུ་མེད་ངེས་དང༌། མི་སེར་འཁྱེར་དམན་ཉམ་དག་རྣམས་ནས་ཁ་ལྷག་འབྲུ་འབུལ་ཞུ་རྒྱུ་རྟེན་ནས་མེད་ངེས་ བཅས་ལ་ཧེ་བག་མེད་ཞུ་བའི་ཤོག་ལྷེ་རྟགས་ཕུལ།
༡༤༽
༈ ཞི་དྲག་ལས་ཁུངས་ཀྱི་བསྟན་དོན་གསོལ་ཕོགས་འབུལ་དགོས་བཞིན། གུས་འབངས་མཚུར་ཆོས་འདོན་ཁོངས་བྲག་ཕག་གཞིས་འོག་ནས། གཞིས་ཀྱི་སྟོན་འབབ་ཐོག་ནས་དགེ་འདུན་རྣམས་ཀྱི་གསོལ་ཕོགས་དང་མི་སེར་ངན་ཧྲུལ་ གྱི་བུན་འབྲུ་ལྟོ་སོན་བཏང་འཕྲོ་འབྲུ་ཁལ་བཅུ་ནམ་ཕེབས་སྙན་འབུལ་ལམ་ཞུས་ཆོག་པ་ དང༌། མི་སེར་ངན་ཧྲུལ་ཞེ་ཅིག་ལ་ཧེ་བགས་མེད་ངེས་ཀྱི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༡༥༽
༈ བཀའ་དགོངས། གུས་རྒྱལ་བྱེས་དགོན་ནས་ཕོགས་འབྲུ་ཐོག་འབྲུ་ཁལ་ལྔ་བཅུ་ཐམ་པ་འབུལ་ལམ་ཞུས་ཆོག་ པ་དང། ད་དུང་ལྷག་འཕྲོས་བྱུང་ཚེ་རིམ་བཞིན་སྙན་གསེང་དང་སྦྲགས་འབུལ་ཞུས་ཆོག་པས་ཞུ་ ཤོག་ཏུ་ཕུལ།
༡༦༽
༈ ཞི་དྲག་ལས་ཁུངས་ཕོགས་བརྒྱ་ལྷན་རྒྱས་ནས་བཀའ་བསྒྱུར་ཤོག་སྤྱི་ཕེབས་དགོངས་དོན། གཏན་བཞུགས་དམག་སྒར་གྱི་ཐུགས་མཁོ་གུས་འབངས་འཇུན་གཞིས་ནས་འབྲུ་ཁལ་སུམ་བཅུ་ཐམ་ པ་དང༌། ལུག་གཅིག མི་སེར་སྤྱི་ནས་འབྲུ་ཁལ་བཅུ་ཐམ་པ་ཕུལ། བཅས་ཕུལ་ཁྲོལ་གཏང་ལྷགས་བྱུང་ཚེ་རྗེས་སུ་སྐབས་མཚམས་འབུལ་ལམ་ཞུས་ཆོག་པ་བཅས་ ཀྱི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༡༧༽
༈ ཞི་དྲག་ལས་ཁུངས་ཕོགས་བརྒྱ་ལྷན་རྒྱས་ནས་བཀའ་བསྒྱུར་ཤོགས་ལྷེ་སྤྱི་ཕེབས་དོན་ ཚན་ལྔ་སོ་སོའི་གནས་ལུགས་གྲྭ་མང་ཚང་མར་ནན་ཏན་འདྲི་ཞིབས་ཀྱིས་རྟ་འུ་དགོན་གྲྭ་ སྤྱི་ནས་སྨོན་འདུན་བཅས་དང༌། གཏོང་ལྷག་བྱུང་ཚེ་རྗེས་སུ་སྐབས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། སྟོན་སྟོང་ལུག་གི་འབུལ་ལམ་ཞུས་ཆོག་པ་བཅས་ཀྱི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༡༨༽
༈ བསྟན་དོན་བསྲུངས་ནས་བཀའ་དོན། གུས་འབངས་བསམ་བློ་གཞིས་འབངས་ནས་ལུག་ལྔ་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་གུས་ཕུལ།
༡༩༽
༈ བསྟན་བསྲུངས་དམག་སྒར་ཀྱི་བཀའ་དོན། གུས་འབངས་མཚུར་སྒར་འདོན་ཁོངས་གཞིས་གྲྭ་བཟུར་གསུམ་ནས་སྟོན་གཏོང་ཚག་གཡག་གཅིག་ འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་གུས་ཕུལ།
༢༠༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག་གུས་འབངས་མཚུར་ཆོག་འདོན་ཁོངས་འོད་ གླིང་གཞིས་འོག་ནས་འདི་ལོའི་སྟོན་འབབ་གང་ཡོད་མཚུར་དགོན་དགེ་འདུན་རྣམས་ཀྱི་ གསོལ་ཕོགས་སུ་ཕུལ་ལྷག་མི་སེར་ངན་ཧྲུལ་གྱིས་བུན་འབྲུ་ལྟོ་སོན་ཐོག་ཕྲན་ཡོད་མ་ མཏོགས་མེད་ངེས་ཡང༌། ད་དུང་སོན་ལྷག་ནས་ལྷག་འཕྲོས་བྱུང་མཚམས་སྙན་སེང་ཞུས་ཆོག་པ་དང༌། མི་སེར་ངན་ཧྲུལ་ཞེ་གཅིག་ལ་ཧེ་བགས་མེད་ངེས་ཀྱི་ཤོག་ལྷེར་རྟགས་འབྱར་དུ་ཕུལ།
༢༡༽
༈ ད་ལམ་གོང་དཀར་བསྟན་བསྲུང་ཕོགས་བརྒྱ་ལྷན་ནས་བཀའ་བསྒྱུར་སྤྱི་ཕེབས་དགོངས་དོན། ཁ་སྔོན་སྐྱིད་རྒྱུ་བ་ནས་བསྟན་བསྲུང་དམག་སྒར་དུ་ཕུལ་ལུགས་འབྲུ་ཁལ་ ༡༣༦༠ ཐམ་པ་གཟིགས་སྐྱབས་པར་གཤོར་སྤྲོད་རིན་འདུག་པ་ད་ཆ་དམག་སྒར་དུ་ཕུལ་འཛིན་སྤྱན་ ལྟར་དགོས་ལུགས་བཀའ་ཕེབས་ལ་བརྟེན་གུས་འབངས་སྐྱིད་གཡོག་སྟོབས་རྒྱས་ལ་བཀའ་ འཛིན་འབུལ་ལམ་ཞུ་རྒྱུ་མེད་རྐྱེན་དམག་སྒར་དུ་ལྷན་བཅར་ཞུ་དགོས་ཕེབས་པ་གུས་པར་ གནས་དོན་གང་ཡང་ཞུ་རྒྱུ་མེད་སྟབས་དམག་སྒར་དུ་ཞབས་བཅར་ཞུ་མ་དགོས་པའི་ཐོག་ འབྲུ་ཁལ་ཆིག་སྟོང་ཐམ་པ་འབུལ་ལམ་ཞུ་རྒྱུ་དོན་སོན་བཀྲིན་ཆེ་བྱུང་བ་བར་ལམ་ འབྲུ་ལག་ཡོད་གྲོ་ཁལ་གསུམ་བརྒྱ་ཐམ་པ་གཤོར་འུལ་ཞུས་འཕྲོལ་འདི་ལོ་སྟོན་སྟེང་ རིམ་འབུལ་ཞུས་ཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༢༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག་གུས་འབངས་མཚུར་ཆོས་འདོན་ཁོངས་ཆུ་ཤུར་ གཞིས་ནས་འབྲུ་ཁལ་ལྔ་བཀའ་ནམ་ཕེབས་མཚམས་འབུལ་ལམ་ཞུས་ཆོག་པ་དང༌། ད་དུང་སོན་ལྷག་ནས་ལྷག་འཕྲོས་བྱུང་མཚམས་སྙན་སེང་ཞུས་ཆོག་པ་དང༌། མི་སེར་ངན་ཧྲུལ་ཞེས་ཅིག་ཡིན་ངེས་ལ་ཧེ་བགས་མེད་པའི་ཤོག་ལྷེ་རྟགས་འབྱར་དུ་ ཕུལ།
༢༣༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག གུས་འབངས་ལྷ་ཁོངས་ཤག་རམ་གཞིས་འོག་ནས་འབྲུ་ཁལ་དྲུག་ནམ་བཞེས་མཚམས་འབུལ་ལམ་ ཞུས་མཆོག་པ་ནས། ད་དུང་སོན་རྩ་སོང་ལྷག་བྱུང་མཚམས་༧སྙན་སེང་ཞུས་མཆོག་པ་ཞུ་རྒྱུ་ཤོག་ལྷེ་རྟགས་ འབྱར་དུ་ཕུལ།
ལྷ་གཞུང་གི་བཀར་འབྲུ་དམ་འབྱར་ཡོད་ཁོངས་ལ་ཇི་ཡོད་ཞུ་རྒྱུ་མེད་ངེས་བཅས་ཤོག་ལྷེར་ཕུལ།
༢༤༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག གུས་འབངས་འབྲི་ཆོས་ཤག་རམ་པ་ནས་འབྲུ་ཁལ་ལྔ་བཀའ་ནམ་ཕེབས་མཚམས་འབུལ་ལམ་ཞུས་ ཆོག་པ་ཞུ་རྒྱུའི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༢༥༽
༈ བསྟན་སྲུང་སྒར་གྱི་གསོལ་ཕོགས་དགོས་མཁོར་གུས་འབངས་གཞུང་རབ་གླིང་དགོན་ནས་འབྲུ་ཁལ་བཞི་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༦༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་དགོས་མཁོར་གུས་འབངས་སྒེར་སྨར་ཁམས་གཞིས་ནས་ འབྲུ་ཁལ་ཆིག་སྟོང་ཐམ་པ་འབུལ་ལམ་ཞུ་རྒྱུའི་ཤོག་ལྷེ་རྟགས་འབྱར་དུ་ཕུལ།
༢༧༽
༈ ཞི་དྲག་བསྟན་བསྲུང་དམག་སྒར་གི་བཀའ་དགོངས་གཟིམ་ཐོག་བསྐྱིལ་འཚལ་ངོ་འབངས་ནས་ དམག་ཕོགས་མཐུན་རྐྱེན་འབྲུ་འབབ་ཁ་ལྷག་ཇི་ཡོད་ཤོག་ལྷེ་བཀོད་འབུལ་དགོས་རྒྱུ་ ཕེབས་དོན་ངོ་བོ་ནས་འབྲུ་གྲོ་ནས་སྲན་གསུམ་ཁལ་ ༦༠ ཐམ་པ་ནམ་ཞེས་མཚམས་ཞུས་ཆོག་པ་དང༌། སྐྱེལ་འདྲེན་ཁལ་མའི་ཐད་སྙེ་འདུ་ཁལ་ཡོད་སྤྱི་མཚུངས་ཞུས་འཐུས་མ་ཟད། ད་དུང་ངོ་འབངས་ཁོང་ལྟོ་སོན་དགོས་མཁོ་ཕུན་པའི་ཁ་ལྷག་བསྡད་ཚེ་རིམ་བཞིན་༧སྙན་ སེང་ཞུས་མཆོག་པ་ཞུ་རྒྱུའི་ཤོག་ལྷེར་ཕུལ།
༢༨༽
༈ བསྟན་སྲུང་དམག་སྒར་གྱི་གསོལ་ཕོགས་ཐོག གཡུ་ཐོག་དཀྱིལ་ཚལ་བཀྲས་རབ་ནས་འབྲུ་ཁལ་བཅུ་ཐམ་པ་འབུལ་ལམ་ཞུས་ཆོག་ཞུ་ཤོག་ཏུ་ཕུལ།
༢༩༽
༈ གུས་འབངས་གཞུངས་རྒྱུག་ལྕང་ཇི་འདོན་ཁོངས་ནས་ཞི་དྲག་ལས་ཁུངས་ཀྱི་བསྟན་དོན་ གསོལ་ཕོགས་འབུལ་དགོས་ཐད་བདེ་སྐྱིད་གླིང་པ་ནས་ཞལ་འདེབས་འབྲུ་ཁལ་གཉིས་དང༌། ཁང་ཞོར་ནས་འབྲུ་ཁལ་གཅིག་དང༌། དོན་གྲུབ་གླིང་པ་ནས་འབྲུ་ཁལ་གཅིག་དང༌། དེ་བྱིངས་མི་སེར་འཁྱེར་དམན་ངན་ཧྲུལ་ཞེས་གཅིག་པ་ཧེ་བགས་མེད་ངེས་ཀྱི་ཤོག་ལེན་ རྟགས་འབྱར་དུ་ཕུལ།
ཅེས་ འཁོད་ཡོད་པ་རེད། གོང་གསལ་ཡིག་ཆ་དེ་དག་གི་ཁོག་ནས་བསྟན་སྲུང་དང་བླངས་དཔའ་བོའི་སྒྲིག་འཛུགས་ ཀྱིས་ལྷོ་ཁའི་སྒེར་གཞིས་དང༌། ཡུལ་མི། དགོན་སྡེ་བཅས་པར་ཡིད་ཆེས་བློ་འགེལ་གྱི་ཐོག་ནས་རྒྱལ་སྐྱོབ་བཙན་རྒོལ་དང༌། དགྲ་འཐབ་བསྟན་སྲུང་གི་ལས་རིམ་འཆར་འགོད་ཐོག རང་ཁོངས་མི་སེར་ནང་ཁུལ་བརྡབ་སིགས་མི་གཏང་བའི་སྒོ་ནས་དམག་འཁྲུག་གི་མཐུན་ རྐྱེན་མཁོ་སྒྲུབ་བྱས་པ་དང༌། ལྷོ་ཁའི་ཁུལ་གྱི་ཡུལ་དགོན་སྡེ་གསུམ་གྱིས་དང་བ་ཆེན་པོའི་སྒོ་ནས་རང་འཁོས་དང་ བསྟུན་ཏེ་འབྲུ་རིགས་དང༌། གཡག་ལུག་སོགས་དམག་སའི་ལྟོ་ཆས་ཐོག་གང་ནུས་ཅི་ནུས་ཀྱིས་རོགས་རམ་གནང་ཞིང༌། གནས་སྐབས་ཆ་རྐྱེན་ཞན་པའི་སྒྲ་གཞིས་མི་དམངས་དགོན་སྡེ་དང་བཅས་པས་ཀྱང་གནས་ ལུགས་གསལ་བཤད་ཀྱི་སྙན་ཞུ་འབུལ་བ་སོགས། མདོར་ན། སྐབས་དེར་བསྟན་སྲུང་དང་བླངས་དམག་དང་ལྷོ་ཁའི་ས་ཁུལ་གྱི་མི་དམངས་གཉིས་པོ་བསམ་ པ་གཅིག་མཐུན་གྱིས་དགྲ་ཕྱོགས་ལ་སྡང་ཟུག་དངནང་ཁུལ་ལ་མཐུན་འབྲེལ་ཇི་ལྟར་ཡོད་པ་ དེ་གསལ་པོར་མཚོན་ཡོད་པ་རེད།
དེ་ ལྟར་རེ་ཞིག་དམག་རྒྱགས་འབྲུ་ཕོགས་ཀྱི་འཆར་འགོད་ལེགས་གྲུབ་བྱུང་བ་དང༌། གོང་གསལ་ལས་ཁུངས་ཁག་དང་འགན་འཛིན་ལྷན་ཚོགས་ཀྱིས་གལ་ཆེའི་ཚོགས་འདུ་ཞིག་སྐོང་ པ་དེའི་ནང༌།
༡ རྒྱ་རྒོལ་དམག་དོན་དང༌། ཇི་ལྟར་བྱེད་ནས་ལྷོ་ལམ་གཙང་སེལ་དགོས་པའི་གྲོས་འཆར་ལྷུག་ པོར་གནང་བས་མཐའ་མའི་ཐག་གཅོད་དུ། རྒྱ་རྒོལ་གཏན་ལྷིང་ཡོང་བ་དང་དམག་འཐབ་ནང་རང་ཕྱོགས་བཙན་ས་བཟུང་ཆེད་དམག་སྒར་ཨ་མ་མཚོ་སྣ་སྤོ་རྒྱུ་དང༌།
༢ དེ་ནས་དུ་བ་རྫོང་དང༌། ལྷུན་རྩེ་རྫོང༌། དཔལ་སྡེ། གྲ་ནང༌། བསམ་ཡས། གོང་དཀར། རྩེད་ཐང༌། ཁྲ་འབྲུག གནམ་གང་རྩེ། ཆུ་ཤུལ། འོལ་ཁ། དྭགསཔོ་རྒྱ་ཚ། ཀླུ་གོང་གྲུ་ཁ། བན་རྩ་གྲུ་ཁ་སོགས་སུ་ཡོད་པའི་རྒྱ་དམག་གི་དམག་སྒར་མཐའ་བསྐྲད་དང༌། རྫོང་སྡོད་དཔོན་རིགས་ཁག་དང་ལས་བྱེད་ཁག་ལ་རྒྱུསལོན་འབྲེལ་བ་བྱེད་ཆེད་དམག་ སྒར་ཨ་མ་ནས་འགོ་དམག་རྣམས་ཁག་བགོས་ཀྱི་དཔུང་སྐྱོད་བྱེད་རྒྱུ།
༣ གོ་ལག་འཚོལ་སྒྲུབ་བྱེད་རྒྱུ།
༤ རྒྱ་མིས་མངགས་པའི་སོ་པ་དང་ཉུལ་མ་སོགས་ལ་དྭོགས་ཟོན་ཉུལ་ཞིབ་བྱེད་རྒྱུ།
༥ ཡུལ་མི་ལ་དམག་མིས་འཁྲུག་རྩོད་རྡབ་སིག་མི་འབྱུང་བའི་ཆེད་རྐུ་ཇག་འཕྲོག་བཅོམ་སོགས་མི་ ཆོག་པར་ཆུ་སྒང་དམག་ཁྲིམས་དོན་ཚན་ཉེར་བདུན་ཅན་ལ་མུ་མཐུད་ནས་གཅེས་སྲུང་བྱ་རྒྱུ་བཅས་གཏན་འབེབས་བྱས།
འདིའི་ སྐོར་ལྷོ་ཁའི་ཁུལ་དུ་བསྟན་སྲུང་དང་བླང་དམག་གིས་བོད་སྐྱོབ་རྒྱ་རྒོལ་གྱི་དམག་ འཐབ་ལོ་རྒྱུས་ཕྱོགས་སྡོམ་ཙམ་བཀོད་པ། ལྷོ་ཁ་རྩོ་སྒྲིག་པུའུ་ཡིས་བསྒྲིགས་པའི་རྩེད་ཐང་སྲུང་སྐྱོབ་དམག་འཐབ་ཉིན་ བདུན་ཅུ་དོན་བཞི་ཞེས་པའི་ཆེད་རྩོམ་དེའི་ནང༌། ༡༩༥༩ ལོའི་ཟླ་ ༣ ཚེས་ ༡༠ ཉིན་བོད་ས་གནས་སྲིད་གཞུང་དང་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་མངོན་གསལ་དོད་ པོས་བོད་ཞི་བས་བཅིངས་འགྲོལ་འབྱུང་ཐབས་སྐོར་གྱི་གྲོས་མཐུན་དོན་ཚན་བཅུ་བདུན་ བརྩིས་མེད་དུ་བཏང་ཞིང༌། ལྷ་སར་ཕྱོགས་ཡོངས་ནས་དྲག་པོའི་ངོ་ལོག་ཟིང་འཁྲུག་མ་བསླང་གོང་ཨ་འབྲུག་ཚང་ མགོན་པོ་བཀྲ་ཤིས་དང༌། ལི་ཐང་རྒྱ་མ་ཚང་བསམ་འཕེལ། སྡེ་དགེ་བྱ་རྒོད་ཚང་རྣམ་རྒྱལ་རྡོ་རྗེས་གཙོ་བྱས་པའི་ངོ་ལོག་ཟིང་འཁྲུག་པ་ཁ་ ཅིག་ལྷོ་ཁར་བྱང་ངོས་ཀྱི་ཡར་ཀླུང་གཙང་པོས་རང་བྱུང་སྲུང་ཡོལ་དང༌། ལྷོ་ངོས་ཕྱི་རྒྱལ་ས་མཚམས་འབྲེལ་བས་རོགས་སྐྱོར་ཐོབ་བདེ་བ། དེ་བཞིན་ས་རྒྱ་ལེགས་ཤིང་ཐོན་རྫས་ཕུན་སུམ་ཚོགས་པ་སོགས་ཆ་རྐྱེན་ལེགས་པོར་ བརྟེན་ཏེ་མངོན་གསལ་དོད་པོས་ལྷོ་ཁ་འདི་བཞིན་བོད་ཡོངས་ཀྱི་གསར་བརྗེར་ངོ་རྒོལ་ བྱེད་པའི་དྲག་པོའི་ངོ་ལོག་ཟིང་འཁྲུག་གི་ཇུས་འགོད་དང༌། ངན་སྐུལ། བཀོད་འདོམས་བཅས་ཀྱི་རྟེན་གཞིར་བཟུང་ཞིང༌། ཁོ་ཚོ་གང་དུ་སླེབས་ཀྱང་དེ་གར་འཕྲོག་བཅོམ་བྱེད་པ་དང༌། བཙན་གཡེམ་བྱེད་པ། གསོད་བསྲེགས་བྱེད་པ་བཅས་ངལ་རྩོལ་མི་དམངས་ལ་གནོད་འཚེ་ཚབས་ཆེན་བཏང་ཡོད།
༡༩༥༨ ལོའི་ཟླ་ ༦ པར་ངོ་ལོག་ཟིང་འཁྲུག་པས་ད་ལྟའི་ལྷོ་ཁ་མཚོ་སྨད་རྫོང་གྲི་གུ་ཤང་དུ་ཆུ་བཞི་ སྒང་དྲུག་སྒྲིག་འཛུགས་ཀྱི་མིང་ཐོག་ནས་ངོ་ལོག་ཟིང་འཁྲུག་གི་བྱེད་གཏེའི་ཚོགས་ འདུ་སྐོང་འཚོགས་བྱས་ཏེ་བསྟན་སྲུང་དམག་དངོས་སུ་བཙུགས་པའི་ཁྱབ་བསྒྲགས་བྱས་པ་ དང༌། བཙན་རྒྱལ་རིང་ལུགས་དང་ངན་པ་ལག་འབྲེལ་བྱས་ནས་ཕྱི་རྒྱལ་བས་ནང་སྐྱེལ་བྱས་པའི་ མཚོན་ཆ་དང༌། གནམ་གྲུ་ལས་འཕངས་པའི་དངོས་རྫས་མུ་མཐུད་བསྡུ་ལེན་བྱས་ཐོག་འཆར་གཞི་ཡོད་པ་དང༌། རྩ་འཛུགས་ཡོད་པའི་སྒོ་ནས་བོད་ཀྱི་མཐོ་རིམ་ལོག་སྤྱོད་ཤོག་ཁག་གིས་ཕྱོགས་ཡོངས་ ནས་ངོ་ལོག་ཟིང་འཁྲུག་སློང་རྒྱུའི་ནང་གྲོས་དང་བཀོད་སྒྲིག་བྱས་པ་རེད། ཅེས་བྲིས་འདུག
གོང་ གསལ་གྲོས་ཚོགས་དེའི་ནང་ཐག་གཅོད་ཇི་ལྟར་བྱུང་དོན་ལྟར། དམག་སྒར་ལྟེ་བ་ལྕགས་ཚ་གྲུ་གུ་ཐང་ནས་མཚོ་སྣར་སྤོས། མཚོ་སྣ་ནི་རྒྱལ་ས་ལྷ་སའི་ལྷོ་བརྒྱུད་དུ་ཡོད་ཅིང། རྫོང་སྲིད་གཞུང་ནི་ཞོལ་ཤར་དུ་ཡོད། རྫོང་སྲིད་གཞུང་ལས་མ་ལེ་གཉིས་ཙམ་ཆད་པའི་ས་གནས་དེར་དམག་སྒྲ་ཨ་མའི་རྟེན་གཞིར་བྱས།
དེ་ ནས་དུ་བ་རྫོང་དང༌། ལྷུན་རྩེ་རྫོང༌། དཔལ་སྡེ། གྲ་ནང༌། བསམ་ཡས། གོང་དཀར། རྩེད་ཐང༌། ཁྲ་འབྲུག གནམ་གང་རྩེ། ཆུ་ཤུལ། འོལ་ཁ། དྭགས་པོ་རྒྱ་ཚ། ཀླུ་གོང་གྲུ་ཁ། བན་རྩ་གྲུ་ཁ་སོགས་འགོ་དམག་ཁག་བགོས་ཀྱིས་དཔུང་འཇུག་བྱས།
དེ་ ཡང་རྩེ་ཐང་དུ། བྲག་གཡབ་གཙོ་འཛིན་ཨ་ཕྲུུག་བླ་མ་དང༌། ལི་ཐང་ཇ་མ་བསམ་འཕེལ། ལི་ཐང་ཨ་ལོ་ཟླ་བ། སྡེ་དགེ་འབའ་ཆུང་དཔོན། དར་དགོན་གསེ་གསེ། ཆབ་མདོ་བློ་ཉི་སོགས་ཀྱིས་སྣེ་འཁྲིད་པའི་བྲག་གཡབ་རུ་ཤོག་དང༌། དེ་བཞིན་ལི་ཐང། སྡེ་དགེ། དར་དགོན། ཆབ་མདོ། སྨར་ཁམས་སོགས་ཀྱིས་དཔུང་འཇུག་བྱས་ཤིང། འདི་ནི་ལྷོ་ཁའི་དམག་སྒར་ལྟེ་བ་ལྷ་རྒྱལ་རིར་མ་སྤོས་བའི་གོང་དུ་ཡིན་ལ། དམག་སྒར་ལྟེ་བ་ལྷ་རྒྱལ་རིར་སྤོས་ཟིན་པའི་རྗེས་སུ་སླར་ཡང་རྩེད་ཐང་དུ་མུ་ མཐུད་ནས་དམག་སྣོན་དཔུང་འཇུག་སྔ་ཕྱི་རིམ་མཐུད་བྱས་པའི་ལོ་རྒྱུས་ནི་འོག་ནས་ རིམ་པར་བཞིན་ཤེས་པར་འགྱུར་རོ།།
གྲ་ ནང་དུ། སྒ་པ་དམག་སྤྱི་བུ་བཀྲ་ཡག་དང་ཆ་ཕྲེང་ཀོ་བ་བསྟན་པ་རྒྱལ་མཚན་གྱིས་སྣེ་འཁྲིད་ པའི་འགོ་དམག་ཁག་གཅིག་དཔུང་འཇུག་བྱས། གྲ་ནང་ནི་ལྷ་སའི་ལྷོ་རྒྱུད་དང་ཡར་ཀླུང་གཙང་པོའི་སྐེད་རྒྱུད་ན་ཡོད་ཅིང༌། སྐབས་དེར་རྫོང་སྲིད་གཞུང་ལྟེ་བ་དེ་གྲ་ཐང་དུ་ཡོད་པ་རེད།
གོང་ དཀར་རྫོང་དུ། ཆབ་མདོ་དམག་སྤྱི་བྱང་རི་ལྷ་རྒྱལ་དང༌། སྡེ་དགེ་ཆུ་རྡོ་བུ་དབང་ཕྱུག་ཚེ་རིང༌། ལི་ཐང་ཀུན་དགའ་བསམ་གཏན། ས་འདུ་བརྒྱ་དཔོན་བསྟན་པ་དར་རྒྱས་སོགས་ཀྱིས་སྣེ་འཁྲིད་པའི་རང་དམག་ཁག་གིས་ དཔུང་འཇུག་བྱས། གོང་དཀར་རྫོང་ནི་ཡར་ཀྱུང་གཙང་པོའི་སྐེད་རྒྱུད་དང་ཡར་འབྲོག་གཡུ་མཚོའི་བྱང་ ངོས་ཡོད་ཅིང༌། སྐབས་དེར་རྫོང་སྲིད་གཞུང་ལྟེ་བ་རྭ་སྨད་དུ་ཡོད་པ་རེད།
དུ་ བ་རྫོང་དུ། ཨ་མདོ་དམག་སྤྱི་ལེགས་བཤད་དང༌། མི་ཉག་གཙོ་འཛིན་ཨ་ཕོ་ཡོན་ཏན་གཉིས་ཀྱིས་སྣེ་འཁྲིད་པའི་དམག་དཔུང་ཁག་གཅིག་གིས་ དཔུང་འཇུག་བྱས།
བསམ་ ཡས་ཕྱོགས་སུ། ཨ་མདོ་གཙོ་འཛིན་སྦྱིན་པ་རྒྱ་མཚོ་དང༌། ལི་ཐང་ཨ་ལོ་ཟླ་བ་༼རྩེད་ཐང་ནས་ཕྱིར་འོང་རྗེས་༽སོགས་ཀྱིས་སྣེ་འཁྲིད་པའི་རང་ དམག་ཁག་གཅིག་གི་དཔུང་འཇུག་བྱས། བསམ་ཡས་ནི་ལྷོ་ཁ་ས་ཁུལ་གྲ་ནང་རྫོང་གི་ཁོངས་སུ་གཏོགས་པའི་ས་གནས་གལ་ཆེ་ཞིག་ ཡིན།
དྭགས་པོ་རྒྱ་ཚར་སྡེ་དགེ་བརྒྱ་དཔོན་སྦ་ལུག་གིས་སྣེ་འཁྲིད་པའི་རང་ཕྱོགས་དམག་ཤོག་ཁག་གཅིག་དཔུང་འཇུག་བྱས།
འོལ་ཁ། གོ་འཇོ་ཆུ་རུལ་དོན་འགྲུབ་ཕུན་ཚོགས་སོགས་ཀྱིས་སྣེ་འཁྲིད་པའི་རང་དམག་ཁག་གཅིག་གིས་དཔུང་འཇུག་བྱས།
ལྕེ་ལྡན་དུ། དཀར་མཛེས་བརྒྱ་དཔོན་བློ་འཕྲིན་ལས་སོགས་རང་དམག་ཁག་གིས་དཔུང་འཇུག་བྱས།
ལྷུན་ རྩེ་རྫོང་ནི། ལྷོ་ཁུལ་རྫོང་ཁག་རྣམས་ཀྱི་དབུས་སུ་ཡོད་པ་དང་རྫོང་གཞིས་ཁག་གཞན་དག་རྣམས་སུ་ བསྟན་སྲུང་དྭངས་བླང་དམག་དཔུང་གིས་བཙན་ས་དང་འཐབ་ར་བཟུང་ཡོད་པས། རེ་ཞིག་ལྷིང་འཇགས་ཡིན་སྟབས། ཨ་རིའི་གསང་བའི་ལས་བྱེད་པ་ལི་ཐང་ཨ་ཐར་དང་ལི་ཐང་བློ་ཚེ་གཉིས་ཀྱིས་གསང་བའི་ ཏར་འཕྲིན་གྱི་ལས་ཁུངས་བཙུགས་ཏེ་ཨ་རི་དང་གསང་བའི་འབྲེལ་ལམ་མུ་མཐུད་ནས་སྤེལ།
ཁྲ་ འབྲུག་ཀྱང་ལྷོ་ཁུལ་གྱི་དབུས་སུ་འཁེལ་སྟབས་དགྲ་ཕྱོགས་ཀྱི་ཉེས་འགག་དེ་ཙམ་མེད་ པས་དབུས་ཆུ་སྒང་དམག་སྒར་གྱི་ཕོགས་ཁང་བྱས་ཤིང༌། རྗེས་སུ་བྲག་གཡབ་ཨ་ཕྲུག་བླ་མ་རྩེད་ཐང་དམག་སྒར་ནས་ཕྱིར་བསྐྱོད་པ་དང༌། ཨ་མདོ་སྐལ་བཟང་གཉིས་ཀྱིས་ཕོགས་ཁང་འགན་འཛིན་བྱས། ལྷོ་ཁུལ་གཙོ་དྲག་གྲས་སྒེར་ཟུར་ཁང་པའི་དབང་འདུས་རྡོ་རྗེ་ལས་ཁུངས་བྱས།
ཀླུ་ ཁང་གྲུ་ཁར། དར་དགོན་གཙོ་འཛིན་སྐལ་བཟང་དབང་ལྡན་དང་ཆ་ཕྲེང་བརྒྱ་དཔོན་ཤེས་རབ། སྨར་ཁམས་གཙོ་འཛིན་འགུ་གྲགས་སོགས་ཀྱིས་སྣེ་འཁྲིད་པའི་རང་དམག་ཁག་གིས་དཔུང་ འཇུག་བྱས།
སྤེལ་ སྡེར། སྒ་བ་དམག་སྤྱི་བུ་བཀྲ་ཡག་སྨར་ཁམས་བརྒྱ་དཔོན་དགེ་འདུན་བྱང་ཆུབ་དང་འདན་མ་རྟག་ རྟག སྨར་ཁམས་ཆོས་མཛད་སྒ་པ་གཡང་ཚོ་རིང༌། སོགས་ཀྱིས་སྣེ་འཁྲིད་པའི་བརྒྱ་ཤོག་བཞིའི་རང་དམག་གིས་དཔུང་འཇུག་བྱས།
འཕྱོངས་ རྒྱས་སུ་དར་དགོན་དམག་སྤྱི་གསེ་གསེ་དང༌། རྟའུ་གཙོ་འཛིན་ནོར་བུ། གླིང་ཚང་ཡར་གླིང་དབང་རྒྱལ་བཅས་ཀྱིས་སྣེ་འཁྲིད་པའི་རྟ་དམག་གོ་ཧྲག་དཔུང་ཁག་ གཅིག་དཔུང་འཇུག་བྱས།
ཡར་ཀླུང་དུ་སྨར་ཁམས་བསྟན་འཕེལ་སོགས་ཀྱིས་སྣེ་འཁྲིད་པའི་རྟ་དམག་གོ་ཧྲག་ཁག་གཅིག་དཔུང་འཇུག་བྱས།
དེ་ ལྟར་ཁག་བགོས་ཏེ་སྔ་ཕྱིར་དཔུང་འཇུག་བྱས་པ་ལས་ས་གནས་འགའ་ཞིག་དུ་གཡུལ་འཐབ་དྲག་ པོས་རྒྱ་དམག་ཤི་གསོད་གྲངས་མེད་བཏང་བ་དང་ལས་ཁུངས་རྩ་གཏོར་བྱས་ཏེ་མཐའ་བསྐྲོད་ བཏང་བས། ས་གནས་འགའ་ཞིག་ནི་ཆུང་སྒང་དམག་དཔུང་གི་ཟིལ་ཤུགས་ཙམ་གྱིས་ར་བཤའ་ས་ལུག་འདར་ བའི་དཔེ་ལྟར། ལས་ཁུངས་དང་དམག་སྒར་བཞག་ནས་རང་བཞིན་གྱིས་བྲོས་བྱོལ་དང་ཕྱིར་འཐེན་བྱེད་དགོས་ བཟོས་པ་སོགས་ཀྱི་ལོ་རྒྱུས་དངོས་བྱུང་ཤིན་ཏུ་མང་བ་རྣམས་འོག་ནས་རིམ་བཞིན་ དགོད་པར་བྱའོ།།
ཆུ་ སྒང་དམག་སྒར་ལྟེ་བ་མཚོ་སྣར་སྤོ་དགོས་པའི་རྒྱུ་མཚན་དང་དེའི་བྱུང་རིམ་རྣམས་ ཆུ་སྒང་ཡིག་ཆའི་ནང༌།དུས་སྐབས་དེ་དག་གི་ཚེ་ལྷོ་ཁ་གྲི་གུ་ཐང་དུ་ཡོད་པའི་ཆུ་ སྒང་གི་དམག་སྒར་ལྟེ་བར་དམག་འབོར་ཉུང་ཞིང་གོ་ལག་འདང་ངེས་ཤིག་མེད་པས། རྒྱ་དམག་ཁྱོན་ཆེ་ཞིག་གིས་གློ་བུར་ཚུར་རྒོལ་བྱུང་ཚེ་ཁ་གཏད་ཆོག་པ་ཁག་པོ་ཡོང་ བར་སེམས་ཏེ་དམག་སྒར་རེ་ཞིག་མཚོ་སྣར་སྤོ་རྒྱུའི་གྲོས་མཐུན་བྱུང་དོན་ལྟར། དམག་སྒར་ཨ་མ་མཚོ་སྣ་རྫོང་རྒྱབ་མལ་ལེ་གཉིས་ཙམ་རྒྱང་བསྲིངས་ཏེ་སྤང་གཤོངས་སུ་ སྤོས་རྗེས་ལས་ཁུངས་ལྟེ་བའི་ནང་གི་དམག་སྤྱི་ཕལ་ཆེ་བ་ཨ་འབྲུག་སྦྱིན་བདག་དང་ ལྷན་དུ་དཔུང་སྐྱོད་བྱས་ཟིན་པ་དང༌། ཕྱོགས་མཚུངས་གཙོ་འཛིན་རྣམས་ཀྱང་མང་ཆེ་བ་ཁག་བགོས་ཀྱིས་ལྷོ་ཁུལ་རྫོང་གཞིས་ཁག་ ལ་དམག་ཕོགས་བཟའ་བཅའི་མཐུན་རྐྱེན་རྒྱབ་སྐྱོར་རོགས་རམ་འབོད་སྐུལ་ཞུ་བར་ཕྱིན་ ཟིན་སྟབས། མཚོ་སྣའི་ལས་ཁུངས་ཨ་མའི་ཞི་དྲག་ལས་དོན་འཛིན་སྐྱོང་བྱེད་པོ་དམག་སྤྱི་དང་གཙོ་ འཛིན་རེ་ཟུང་ལས་མེད་པས་གང་ཅིའི་ལས་དོན་འཐུས་ཤོར་འབྱུང་ཉེན་ལ་བརྟེན་བྱེས་ ཕེབས་འགོ་དམག་རྣམས་ཕྱིར་འཁོར་མ་བྱུང་རིང༌། ཡིག་ཚང་ལས་ཁུངས་ཟུར་ཚུགས་མ་དགོས་པར་དེ་ཁོངས་ལི་ཐང་འཇང་ཚ་ཆོས་མཛད་དང༌། ཆབ་མདོ་རྡོ་ཚེ་གཉིས་ཀྱིས་དམག་སྤྱི་དང་གཙོ་འཛིན་གྱི་ལས་རོགས་འགན་ཁུར་མི་བྱ་ ཀ་མེད་གྱུར་ཅིང༌། ཡིག་ཚང་གི་རྒྱུན་ལས་པ་ཆབ་མདོ་དཀོན་མཆོག་རྡོ་རྗེས་རྐང་འགན་ཁྱེར་ནས་ཡིག་ འབྲིའི་བྱེད་སྒོ་ཆེ་ཕྲ་མཐའ་དག་འཐུས་ཚང་རྒྱུན་འཁྱོངས་བྱས། དེའི་ཚེ་ཆུ་སྒང་དམག་མིར་ཞུགས་མི་རིམ་འབྱོར་བྱུང་བ་རྣམས་ཁུངས་སོ་སོར་ཞུགས་ སུ་འཇུག་པ་སོགས་དམག་གྲབས་ཀྱི་དུས་འདའ་བའི་མུར། སྙེ་མོ་ནས་ཨ་འབྲུག་མགོན་པོ་བཀྲིས་མཆོག་གིས་སྡེ་དགེ་འབར་ཆུང་བླ་མ་དང་ལྷོ་བ་ བློ་བཟང་གཉིས་བང་མི་བཏང་སྟེ། ང་ཚོ་འགོ་དམག་ཤངས་དགའ་ཆོས་སུ་བསྐྱོད་པའི་ལམ་འཁེལ་རྡོ་དཀར་སུམ་མདོར་རྒྱ་དམག་ དང་གདོང་ཐུག་གིས་རྒོལ་འཛིངས་རིམ་པ་བྱས་པས། འཐབ་འཛིང་སྐབས་རྒྱ་དམག་ཁྱོན་ཆེ་བསད་རྨས་བཏང་ཡང༌། རང་དམག་མང་པོ་ཞིག་ཀྱང་རྐྱེན་འདས་ཤོར་སོང་ཞིང༌། དེ་གའི་འགོ་དམག་རྣམས་ནས་ཕྱོགས་སོ་སོར་ས་སྲུང་དང་སོ་པ་བཙུགས་ཏེ་དམག་སྒར་ བརྟན་སྲུང་ཐུབ་པ་དགོས་གལ་ཆེ་ཞིང༌། དེ་གའི་དམག་སྒར་ལྟེ་བ་འཐོར་ཞིག་གྱུར་ཚེ་སླར་བསྐྱར་འཛུགས་བྱེད་རྒྱུར་དཀའ་ངལ་ ཡོང་གནས་ལ་བརྟེན། དེ་ལུགས་འགོ་དམག་ཚང་མས་གཟབ་ནན་དགོས་པའི་བཀའ་ཡིག་དང་གསུང་འཕྲིན་ནན་པོ་གནང་ འདུག་པས་ཚང་མས་དེ་བཞིན་ཞུ་རྒྱུ་བྱས། ཞེས་བཀོད་ཡོད་པ་རེད།
གནམ་འོག་ཕོ་རྒོད་དཔའ་བོའི་འདུ་འཛོམས་ཀྱིས།།
གངས་རིའི་ཕ་ནོར་སྲུང་སྐྱོབ་བྱེད་པའི་སླད།།
དྲག་པའི་དམག་གི་བཀོད་སྒྲིག་བརྟན་པོའི་འོག།
རྫོང་ཁག་བཅོ་བརྒྱད་བཟུང་བའི་གཏམ་བརྒྱུད་རིང༌།།
གོང་མ་ཁྲིམས་བདག་རིན་པོ་ཆེ་ཟེར་བ་འདི་སུ་རེད།
སྔོན་མ་མདོ་སྟོད་སྨད་རྩིས་ཚུལ་མ་འདྲ་བ་ཞིག་ཡོད་བཟོ་འདུག དབུས་གཙང་དང་བར་ཐག་ཉེ་བའི་ཁམས་དང་ཨ་མདོའི་ས་ཆ་ལ་མདོ་སྟོད་དང་རྒྱ་ནག་དང་བར་ཐག་ཉེ་བའི་ཁམས་དང་ཨ་མདོའི་ས་ཆ་རྣམས་མདོ་སྨད་ཟེར་ཚུལ་ཞིག་ཡོད་རབས་འདུག
དཔེར་ན་ཏྲེ་ཧོར་ནས་དབུས་གཙང་ལ་ཡོང་དུས་ “མདོ་སྨད་ནས་ཡོང་བ་ཡིན།” ཟེར་གྱི་རེད་ཟེར་བ་ཞིག་གོ་མྱོང་། དེར་དགོངས་ཚུལ་གསུངས་རོགས་གྱིས། གོང་གི་དེ་ངས་རྒན་པོ་ཞིག་གིས་བཤད་པ་གོ་སོང་མ་གཏོགས་གཞན་ཁུངས་ལུང་མེད་དོ།