བཅར་འདྲི་བྱེད་མཁན། སྤྲོ་ཚིགས་ཆོས་གྲགས།
རྫ་ཚེ་རིང་བཀྲ་ཤིས་ལགས། སྐུ་ཉིད་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་སུ་འདེམས་ཐོན་བྱུང་བར་རྟེན་འབྲེལ་ཞུ་བ་དང་ཆབས་ཅིག་ཁྱེད་ལ་དྲི་བ་ཁ་ཤས་འདྲི་འདོད་བྱུང་།
དྲི་བ། ཁྱེད་ཉིད་ཐའེ་ཝན་དུ་ཕེབས་པའི་དམིགས་ཡུལ་གང་ཡིན་དང་དེའི་ཕྱོགས་སུ་ཕྱག་ལས་གཙོ་བོ་ག་རེ་གནང་གིན་ཡོད་པའི་སྐོར་ཙམ་གསུང་རོགས།
ལན། ང་ཐོག་མར་༢༠༠༦ལོར་རྒྱ་གར་དུ་འབྱོར་ནས་༸སྐྱབས་མགོན་རིན་པོ་ཆེའི་ཞལ་མཇལ་གྱི་གོ་སྐབས་ཐོབ་སྐབས་ཀྱི་བཀའ་དགོངས་ལམ་སྟོན་ལྟར་ཆེད་མངགས་༢༠༡༠ལོར་དགོས་ངེས་ཀྱི་ཡིག་ཆ་སོགས་ཚང་མཚམས་སྐུ་སྒེར་ཡིག་ཚང་གི་མཐུན་འགྱུར་གནང་བའི་ཐོག་ནས་ཐའེ་ཝན་དུ་རྒྱ་ཡིག་སློབ་སྦྱོང་བྱེད་དུ་ཕྱིན་པ་ཡིན། རྒྱ་ཡིག་སློབ་སྦྱོང་གི་དམིགས་ཡུལ་ནི་༸སྐུ་མདུན་གྱི་བཀའ་ཕེབས་དགོངས་གཞི་དངོས་དེ་རྒྱ་མི་རིགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་དང་དོན་སྙིང་ཡང་དག་པར་རྟོགས་པར་བྱ་རྒྱུ་དང་། དེ་ལྟར་བྱུང་ན་རྒྱ་མི་རིགས་ཀྱིས་ཀྱང་བོད་ཀྱི་ཆོས་དང་རིག་གཞུང་ལ་ཡང་དག་པའི་ངོས་འཛིན་ཡོང་ངེས་ཡིན་པ་དང་། ང་ཚོར་ཕྱོགས་མང་པོ་ནས་ཕུགས་རྒྱང་རིང་བའི་ཕན་ཐོགས་ཡོད་པ་སྟེ། དེ་ནི་རྒྱ་མི་རིགས་ཀྱིས་རྒྱུན་བསྲིངས་རང་བཞིན་རྒྱབ་སྐྱོར་ཡོང་བའི་རྨང་གཞིའི་ཐབས་ལམ་གལ་ཆེན་ཞིག་ཡིན་པ་དེ་རེད། ང་རང་༢༠༡༠ཟླ་༩པར་རྒྱ་གར་ནས་ཐོན་པ་ནས་ད་བར་གུང་གསེང་གི་དུས་ཚོད་ཐུང་ངུ་རེ་མ་གཏོགས་སློབ་གྲྭ་རང་ལ་འགྲོ་གིན་ཡོད། འོན་ཀྱང་། ཆེད་ལས་ཀྱི་སྦྱོང་བརྡར་དམིགས་བསལ་བ་ཞིག་ཀྱང་བྱེད་ཀྱིན་ཡོད་པ་མ་རེད་ལ། དཔང་ཡིག་རྫིག་པོ་ཞིག་གི་ཆེད་དེ་བས་ཀྱང་མ་རེད། རྒྱ་སྐད་རྒྱ་ཡིག་ལ་བརྟེན་ནས་གང་ཞིག་གོ་བརྡ་སྤྲོད་འདོད་པའི་བསམ་བློ་དང་ལྟ་གྲུབ། ཉམས་མྱོང་བཅས་ཕ་རོལ་པོར་གོ་བརྡ་ལེགས་པོ་ཞིག་སྤྲོད་ཐུབ་པ་བྱ་རྒྱུ་ཙམ་སྟེ། དེ་ངའི་ད་ལྟའི་བསྒྲུབ་བྱའམ་ལས་འགན་འདྲ་པོ་རེད།
དྲི་བ། ཁྱེད་ཀྱིས་ཐའེ་ཝན་ནས་རྒྱ་ཡིག་སློབ་སྦྱོང་ལས་གཞན་པའི་ཕྱག་ལས་ག་རེ་གནང་གིན་ཡོད།
ལན། ང་རང་ལོ་བཞི་བཅུར་ཉེ་བའི་དར་མ་ཞིག་གི་ངོས་ནས་མི་ཚེའི་དམིགས་ཡུལ་དེ་སློབ་སྦྱོང་གཅིག་པུའི་སྟེང་ལ་བཞག་ན་མི་འགྲིག་པ་དེ་ཧ་ཅང་གསལ་པོར་ཤེས་ཀྱིི་འདུག ཡིན་ཡང་། ངའི་ནུས་འཇོན་ནི་ཚད་གཞི་ཡོད་པ་ཞིག་རེད། འདིའི་ཕྱོགས་ལ་བསམ་བློ་ཞིབ་ཏུ་བཏང་མྱོང་། མི་སུ་ཡིན་ན་ཡང་གཏིང་རིམ་དུ་གབ་པའི་ནུས་པ་ཚད་མེད་པ་ཞིག་ཡོད་པ་འདྲ་འདྲ་རེད་མོད། ནུས་པ་དེ་ཁོར་ཡུག་དང་འབད་བརྩོན་གྱི་ཚད་བཀག་ཆེན་པོའི་འོག་ནས་མི་ཚེའི་ནང་མངོན་འགྱུར་ཐུབ་པ་ནི་ཉུང་ཉུང་ཞིག་ལས་མེད། ཡིན་ན་ཡང། རང་རང་ལ་འོས་འཚམས་ཡིན་པའི་གདམ་ཀ་རེ་ངེས་པར་ཡོད་ཆོག དེས་ན་ང་ལ་མཚོན་ན་རང་ཉིད་ལ་འཚམས་ཤོས་ཀྱི་ལམ་ཀ་གཙོ་བོ་དེ་རྩོམ་འབྲིའི་ལམ་ལ་མུ་མཐུད་ཤུགས་རྒྱག་རྒྱུ་དེ་མིན་འགྲོ་སྙམ་གྱིན་འདུག ཕྱོགས་གཞན་ཞིག་ནས་རྒྱ་ཡིག་གི་ནང་དོན་ལ་ཚད་ལྡན་གྱི་གོ་བ་ཞིག་ཆགས་དགོས་ན་ཕ་སྐད་ཀྱི་བརྡ་སྤྲོད་ཀྱི་ཚད་གཞི་སྔར་ལས་མཐོ་རུ་གཏོང་རྒྱུ་དེ་མེད་ན་མི་འབྱུང་བའི་འབྲེལ་བ་ཞིག་ཏུ་མཐོང་། དེའི་ཕྱིར་བོད་ཡིག་ལམ་ནས་རྩོམ་ཡིག་འབྲི་རྒྱུ་དང་ཡིག་སྒྱུར་ཐར་ཐོར་གྱི་མགོ་འཛུགས་བྱ་རྒྱུ་དེ་གལ་ཆེན་ཏུ་འཇོག་གིན་ཡོད། དེའི་ནང་ནས་གཙོ་ཆེ་ཤོས་ནི་༢༠༡༡ལོའི་ལོ་མཇུག་ལ་ཕབ་སྒྲིག་ཟིན་པའི་ォདུས་ཐོག་ཆར་པ་サདང་། ཐེངས་འདིའི་བྱིས་སྒྲུང་ォབུ་བཀྲ་ཤིས་ལྷ་ཡུལ་དུ་བསྐྱོད་པ་サགཉིས་ནི་ང་ཐའེ་ཝན་དུ་སོང་རྗེས་ཀྱི་ལས་ཀའི་ནང་ནས་ཅུང་གལ་ཆེ་ཤོས་གཉིས་ཡིན། དེ་མིན་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་དང་། ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ཚོགས་པ་བཅས་ཀྱི་རྒྱུན་ལས་ཀྱི་ལས་ཀ་ཡང་བྱེད་བཞིན་ཡོད།
དྲི་བ། ཕྱོགས་དེའི་བོད་བརྒྱུད་ནང་བསྟན་གྱི་ད་ལྟའི་གནས་བབ་གང་འདྲ་འདུག
ལན། མ་གཞི་ཐའེ་ཝན་ནི་རྒྱ་བརྒྱུད་ནང་བསྟན་གྱིས་སྲོག་བཟུང་བའི་ནང་པ་མང་ཤོས་ཡིན་པའི་ས་ཆ་ཞིག་རེད། བོད་བརྒྱུད་ནང་བསྟན་ཀྱང་། སྔར་ཀྲུང་ཧྭ་མི་སེར་རྒྱལ་ཁབ་ཀྱི་རྒྱལ་འབངས་དག་དང་མཉམ་དུ་ཐའེ་ཝན་དུ་ཕེབས་པའི་ལྕང་སྐྱ་ཧོ་ཐོག་ཐུ་དང། དེ་བཞིན་འབོ་གངས་དཀར་རིན་པོ་ཆེའི་སློབ་བརྒྱུད། ད་དུང་ནོ་ནཱ་སྤྲུལ་སྐུ་ཟེར་བ་ཞིག་གི་ཆོས་བརྒྱུད་སོགས་ཡོད་འདུག་ཅིང། ཐའེ་ཝན་གྱི་རྒྱའི་མཁན་པོ་རི་ཁྲང་ཞུ་བས་གཙོ་བོར་སྤེལ་བའི་ལམ་རིམ་ཚོགས་པའམ་ཚོགས་གཉིས་ཆོས་ཚོགས་ཀྱང་བོད་བརྒྱུད་ནང་བསྟན་དང་འབྲེལ་བ་ཞིག་ཡིན། འོན་ཀྱང། ཚོགས་པ་འདིས་དམིགས་བསལ་གསང་སྔགས་ཉམས་ལེན་གཙོར་འདོན་བྱ་མཁན་མ་རེད། བརྒྱད་ཅུ་གྱ་གྲངས་ནས་གཙོ་བོར་རྒྱ་བལ་སོགས་ནས་བོད་ཀྱི་བླ་མ་གྲྭ་བ་དག་ཐའེ་ཝན་དུ་སླེབས་མགོ་ཚུགས་ཤིང་། ཆོས་ཚོགས་ཀྱང་ཆེ་ཆུང་བརྒྱ་ཕྲག་དུ་མ་ཚུགས་འདུག དེའི་རྗེས་༸སྐྱབས་མགོན་རིན་པོ་ཆེ་ཐེངས་མང་ཆིབས་བསྒྱུར་གནང་བ་དང་། སྐུ་ཚབ་དོན་གཅོད་ཁང་ཚུགས་པ། བོད་སོགས་ལས་ཁུངས་ཀྱི་གནས་བབ་ལ་འགྱུར་བ་ཕྱིན་པ་སོགས་ཀྱིས་ཐའེ་བོད་འབྲེལ་བའི་གནས་སྟངས་ལ་འགྱུར་ལྡོག་ཆེན་པོ་སོང་འདུག དེ་དང་ཆབས་ཅིག་ཐའེ་ཝན་གྱི་མིས་སྔར་ལས་ལྷག་པའི་སྒོ་ནས་བོད་བརྒྱུད་ཀྱི་ནང་ཆོས་ལ་ཤེས་རྟོགས་ཡོང་མགོ་བརྩམས་པར་མ་ཟད། ཡག་ས་ནས་བཤད་ན། དུས་ཡུན་འདིའི་རིང་། ཐའེ་ཝན་རང་ནས་ཡིན་པའི་སྐད་གཉིས་སྨྲ་བའི་མཁན་པོ་དང་དགེ་བཤེས་སོགས་ཐོན་ཐུབ་ཡོད་པར་མ་ཟད། ཆོས་ཚོགས་ཙམ་མིན་པར་བཤད་གྲྭ་དང་སྒྲུབ་གྲྭ་དགོན་པ་སོགས་ཀྱང་རྒྱག་ཐུབ་འདུགའོན་ཀྱང། ཕྱོགས་གཞན་ཞིག་ནས་བོད་ཀྱི་བླ་ཆེན་དག་ཐའེ་ཝན་དུ་འཁྱུག་ཙམ་རེ་ཕེབས་སྐབས་ཡང། དབང་ཆེན་གནང་རྒྱུ་དང། མཛད་སྒོ་ཆེན་པོ་བསྡུ་རྒྱུ་ཙམ་བྱས་ཏེེ་ཐའེ་ཝན་མི་མང་གི་ས་ནས་ལྷ་ཁང་དང་བཤད་སྒྲུབ་རྟེན་བཞེངས་སོགས་ཀྱི་ཞལ་འདེབས་གང་འཚམས་རག་རྗེས་ཕྱིར་ཕེབས་པ་དང། ཆོས་ཚོགས་ཁག་ཀྱང་། གནས་སྐབས་དགོན་པ་ཁག་གི་རྙེད་པ་འཚོལ་སའི་ཞབས་བརྟན་ཚོགས་པ་ལྟ་བུར་ཆགས། དེའི་ཁར་བར་ལམ་ནས་བལ་ཡུལ་ལག་ཁྱེར་འཛིན་མཁན་མང་པོ་ཞིག་གིས་ཆོས་ཚོགས་སོགས་དོར་ནས་ཐའེ་ཝན་དང་ཁ་འབྲལ་དགོས་བྱུང་འདུག་པ་སོགས་ཀྱིས་བཤད་སྒྲུབ་རྨང་གཞིར་བྱས་པའི་བསྟན་པའི་རྩ་བ་བརྟན་པོ་ཞིག་ཚུགས་ཐུབ་མི་འདུག་བསམ་པ་འདུག དད་ལྡན་པའི་སེམས་ཁམས་ལ་ཆོས་ཀྱི་གོ་རྟོགས་ཚད་ལྡན་ཞིག་མ་སླེབས་པ་དང་ ས་གནས་སྤྱི་ཚོགས་དང་མཐུན་པའི་ལས་ཀའི་བྱེད་ཕྱོགས་ལ་སྣང་ཆུང་ཤོར་བ། ཐའེ་ཝན་གྱི་བོད་བརྒྱུད་དགེ་འདུན་པའི་ཁྲོད་ནས་ཀྱང་ཞབས་འདྲེན་གྱི་གསར་འགྱུར་བདེན་རྫུན་ཅི་རིགས་བྱུང་བ་སོགས་ཀྱིས་བོད་བརྒྱུད་ནང་བསྟན་གྱི་མཐོང་སྣང་ལ་ཤུགས་རྐྱེན་ངན་པ་ཡང་གང་འཚམས་ཞིག་བཞག་འདུག ཁྱད་པར་དུ། དམིགས་བསལ་བོད་བརྒྱུད་ནང་བསྟན་ལ་སྡང་ཟུག་ཧ་ཅང་ཆེན་པོ་བྱེད་མཁན་གྱི་ཀྲིན་ཅུའེ་ཞེས་པའི་ཚོགས་པ་ཞིག་གིས་བོད་ཀྱི་གསང་སྔགས་ཀྱི་སྦྱོར་ལམ་སོགས་ལ་ལོག་འགྲེལ་གྱི་ཁྱབ་བསྒྲགས་ཤུགས་ཆེན་བྱས་པ་དེས་ཐའེ་ཝན་གྱི་མི་མང་དཀྱུས་མའི་ཁྲོད་བོད་བརྒྱུད་གསང་སྔགས་ལ་མཐོང་ཚུལ་ངན་པ་སྐྲུན་གྱིན་འདུག་མོད། ཕྱོགས་གཞན་ཞིག་ནས་རྐྱེན་ངན་གྲོགས་ཤར་གྱི་ཚུལ་དུ་ད་ལྟའི་ཆར་ཐའེ་ཝན་གྱི་ཆོས་བརྒྱུད་ཁག་གི་མཁན་སྤྲུལ་དགེ་བཤེས་རྣམ་པའི་མཐུན་ལམ་མཉམ་ལས་ལ་བཟང་ཕྱོགས་ཀྱི་འགྱུར་བ་ཆེན་པོ་འགྲོ་གིན་ཡོད་པ་དང་། གྲྭ་བ་དག་གི་རྒྱུན་ལྡན་གྱི་སྤྱོད་ལམ་སོགས་ལ་ཡང་རང་བཞིན་གྱིས་གཟབ་གཟབ་བྱེད་པའི་གོམས་གཤིས་སྔར་ལས་བཟང་དུ་འགྲོ་གིན་འདུག་ཅེས་ཀྱང་གླེང་མཁན་བྱུང། མ་གཞི་ཚོགས་པ་འདིའི་བྱེད་སྟངས་སོགས་ལ་ང་ཚོ་བོད་བརྒྱུད་ཀྱི་བླ་ཆེན་དབུ་འཛིན་རྣམ་པས་ཀྱང་དོ་སྣང་ངེས་པར་གནང་དགོས་པ་ཞིག་འདུག གང་རེད་ཟེར་ན། ད་ལྟ་ཁོང་ཚོས་བོད་བརྒྱུད་ནང་བསྟན་ལ་དམའ་འབེབས་དང་ལོག་འགྲེལ་བྱེད་པའི་ཁྱབ་ཁོངས་དེ་ཐའེ་ཝན་ལས་བརྒལ་ནས་རྒྱ་མི་རིགས་ཀྱིས་ཁྱབ་པའི་ས་ཁུལ་མ་ལེ་ཤི་ཡ་དང་སངྒ་པུར་སོགས་མང་པོར་ཁྱབ་བཞིན་ཡོད་འདུག
དྲི་བ། ཁྱེད་ཀྱིས་ཉེ་ཆར་པར་སྐྲུན་བྱས་པའི་བྱིས་སྒྲུང་ォབུ་བཀྲ་ཤིས་ལྷ་ཡུལ་དུ་བསྐྱོད་པ་サཞེས་པ་དེའི་སྐོར་ལ་ཏོག་ཙམ་ངོ་སྤྲོད་གནང་ན་འགྲིག་གམ།
ལན། བྱིས་སྒྲུང་དེའི་བྱུང་སྟངས་ནི། དང་ཐོག་ཐའེ་ཝན་གྱི་བུད་མེད་བོད་དུ་འགྲོ་མྱོང་མཁན་ཞིག་གིས་མོ་རང་གི་ལས་འཆར་ཞིག་ལ་ཐའེ་ཝན་གྱི་ཐེབས་རྩ་ཚོགས་པ་ཞིག་གིས་རོགས་སྐྱོར་ཐོབ་རྗེས་བོད་ཀྱི་ཕྲུ་གུ་ཞིག་རྒྱབ་ལྗོངས་སུ་བྱས་པའི་བྱིས་སྒྲུང་ཞིག་གི་ཟིན་བྲིས་ཁུར་ནས་ངའི་སར་ཡོང་སྟེ་དེ་བོད་ཡིག་ཏུ་བསྒྱུར་རོགས་ཟེར་ནས་ཡོང་བ་རེད། མཐར་བོད་ཀྱི་རིག་གནས་ཀྱི་རྒྱབ་ལྗོངས་དང་སེམས་ཁམས་དངོས་ཡོད་སོགས་ཀྱི་ཐད་བཟོ་བཅོས་དགོས་པའི་རིགས་ཁག་ཅིག་མོ་རང་གི་རེ་བ་ལྟར་བསྐྱར་བཅོས་བྱ་མགོ་བརྩམས་པ་ཡིན། རྗེས་ནས་མོས་ཡང་བསྐྱར་ང་ལ་སྒྲུང་དེ་མགོ་ནས་ང་རང་གི་བསམ་ཚུལ་ལྟར་བསྐྱར་འབྲི་བྱ་རྒྱུའི་སྐུལ་མ་བྱས་པ་ལྟར་མཐར་ངའི་རྩོམ་ཡིག་ཆགས་ཤིང་། དེ་ནས་མོས་ཀྱང་ངའི་བོད་ཡིག་གི་ནང་དོན་གཞིར་བཟུང་རྒྱ་ཡིག་གི་ནང་དོན་ཧྲིལ་པོར་བཟོ་བཅོས་བརྒྱབ་རྗེས་རྒྱ་བོད་ཡིག་རིགས་གཉིས་ཀྱི་ཐོག་ནས་པར་སྐྲུན་བྱ་ཐུབ་པ་བྱུང་བར་མ་ཟད། མུ་འབྲེལ་གྱི་རི་མོ་དེ་ཐའེ་ཝན་གྱི་སྒྱུ་རྩལ་བའི་ཁྲོད་དུ་མིང་ཡོད་པའི་རི་མོ་བ་ཞིག་གིས་བྲིས་པ་དེས་དེབ་དེ་ལེགས་འགྲུབ་ཡོང་བར་དམིགས་བསལ་གྱི་ནུས་པ་ཡག་པོ་ཐོན་སོང། དེའི་རྗེས་ཉེ་དུས་སྤྱི་ཟླ་༡༢ཚེས་༨ཉིན་དངོས་སུ་དེབ་གསར་འགྲེམས་བསྒྲགས་ཀྱི་བྱེད་སྒོ་སྤེལ་ཐུབ་པ་བྱུང་ཞིང། ཚོགས་ཐོག་ཏུ་ཡང་། ཆོས་ལུགས་དང་དད་མོས། རྒྱལ་ཁོངས། ལོ་ན་སོགས་མི་འདྲ་བའི་མི་གྲངས་བརྒྱ་ལས་བརྒལ་ཙམ་ཞིག་ཕེབས་འདུག ཅུང་མ་འདྲ་ས་ཞིག་ནི། དབང་ལུང་བཀའ་ཆོས་ཀྱི་ཁོར་ཡུག་གི་སྣ་གཅིག་ཅན་གྱི་བྱེད་སྟངས་ལས་ཐོན་ཏེ། སྤྱིར་བཏང་རྩོམ་རིག་གི་རྣམ་པའི་ཐོག་ནས་གུ་ཡངས་པོའི་ལུགས་སུ་བོད་ཀྱི་ཆོས་དང་རིག་གཞུང་སྣོད་བཅུད་ཁོར་ཡུག་བཅས་ངོ་སྤྲོད་བྱ་རྒྱུའི་གོ་སྐབས་བྱུང་ཞིང། བྱེད་སྟངས་འདིས་སྐབས་རེར་མི་དེ་ལས་མང་བ་ཞིག་གིས་བོད་ཀྱི་ཆོས་དང་རིག་གཞུང་རྟོགས་པར་གོ་སྐབས་ཤིག་སྤྲོད་ཐུབ་པའི་ཚོར་སྣང་བྱུང་། ཉིན་དེར་ཡང་ངས་སྒྲུང་ཧྲིིལ་པོའི་རྒྱབ་ལྗོངས་སུ་གྱུར་པའི་བོད་ཀྱི་སྣོད་བཅུད་སྤྱི་དང་བོད་ཀྱི་ཕྲུ་གུ་དག་ཞིབ་ཚགས་པོས་འགྲེལ་བརྗོད་དང་འབྲེལ། བོད་ཀྱི་ཕྲུ་གུ་དག་གི་སློབ་སྦྱོང་དང་མདུན་ལམ་ལ་ཚང་མས་དོ་ཁུར་གནང་དགོས་པའི་འབོད་སྐུལ་ཡང་ནན་ཏན་དུ་བྱས་པ་ཡིན། སྐབས་དེར་རྒྱལ་སྤྱིའི་བོད་ཀྱི་ཆ་འཕྲིན་ལྟེ་གནས་ཀྱི་གསར་འགོད་པ་ཡང་སླེབས་འདུག
དེ་བཞིན། འབྱུང་འགྱུར་༢༠༡༣གྱི་ཟླ་མགོར་ཡང་སྒེར་གཉེར་དཔེ་སྐྲུན་ཁང་ཁག་བཞི་ལྔ་ཞིག་ལ་བྱིས་སྒྲུང་སྐོར་གྱི་སྐད་ཆ་བཤད་རྒྱུའི་མགྲོན་འབོད་དང་ལེན་བྱས་ཟིན་པ་ཡིན། ཁྱད་པར་དུ། ཡིག་ངག་གཉིས་ཐོག་ནས་ཕྲུ་གུའི་ཨ་མ་ཚོས་ངའི་སྒྲུང་དེ་ལ་ཕྲུ་གུ་དག་གིས་དགའ་མོས་བྱེད་གིན་འདུག་ཅེས་ལབ་བྱུང་ལ། མདང་ནུབ་རང་ཡང་། ཐའེ་ཝན་གྱི་བྱིས་སློབ་ཁང་ཞིག་གི་དགེ་རྒན་གྱིས་ォབུ་བཀྲ་ཤིས་ལྷ་ཡུལ་དུ་བསྐྱོད་པའིサ་སྒྲུང་ཕྲུ་གུ་ཆུང་ཆུང་ཚོར་བཤད་པའི་སྐབས་ཀྱི་པར་རིས་དང་སྐབས་དེའི་ཕྲུ་གུ་དག་གི་སེམས་ཚོར་གྱི་བརྡ་ལན་སོགས་ཞིབ་ཏུ་བྲིས་པའི་འཕྲིན་ཡིག་སེམས་འགུལ་ཐེབས་པ་ཞིག་ཀྱང་འབྱོར་སོང་། དེ་བཞིན། ཨ་རིའི་བུད་མེད་ཐའེ་ཝན་ན་ཡོད་པ་ཞིག་གིས་ངའི་ཕྲུ་གུས་ཁྱོད་ཀྱི་སྒྲུང་ལ་མཚར་སྣང་དང་དགའ་མོས་ཧ་ཅང་ཆེན་པོ་བྱེད་ཀྱིན་འདུག་ཅེས་ཀྱང་ལབ་བྱུང་། ལུང་པ་དང་རྒྱལ་ཁབ་མི་འདྲ་བའི་ཕྲུ་གུ་ལོ་ན་ཆུང་ཆུང་དེ་ཚོས་བོད་ཀྱི་སྣོད་བཅུད་དང་དད་མོས་མ་བུའི་འདུ་ཤེས། ཕྲུ་གུའི་སྤྱིར་བཏང་གི་འཚོ་བ་བཅས་ལ་བག་ཆགས་ཤིིག་འཇོག་ཐུབ་པ་བྱུང་བ་དེར་ང་རང་ཡང་དགའ་ཚོར་སྐྱེ་བཞིན་ཡོད། དབྱིན་ལན་ནས་ཡིན་པའི་སློབ་གྲོགས་ཤིག་གིས་ཀྱང་བྱིས་སྒྲུང་དབྱིན་ཡིག་ཏུ་སྒྱུར་རྒྱུ་རང་འདུན་གྱིས་ཁས་ལེན་བྱས་སོང་སྟབས་འགྲིག་ན་དབྱིན་ཡིག་ཏུ་ཡང་སྒྱུར་རྩིས་ཡོད། འོན་ཀྱང་། བོད་ཡིག་གི་དེབ་དག་བོད་ཕྱི་ནང་གི་རང་རིགས་ཀྱི་ཕྲུ་གུ་ཆུང་ཆུང་དག་གི་ཟུར་ལྟའི་ཀློག་དེབ་ཅིག་ཏུ་ཞལ་འདེབས་སུ་འབུལ་རྒྱུའི་སེམས་ཐག་བཅད་ཡོད། གང་ལྟར་ངས་རང་ཉིད་ཀྱིས་རྒྱ་ཡིག་རྒྱ་སྐད་ཕྲན་བུ་སྦྱང་བ་འདིས་ཐབས་བརྒྱ་ཇུས་སྟོང་གིས་བོད་ཀྱི་ཆོས་དང་རིག་གཞུང་འདི་གཞན་ལ་ཁྱབ་བསྒྲགས་དང། ངོ་སྤྲོད་དར་སྤེལ་བཅས་གང་ཐུབ་ཅི་ཐུབ་བྱ་རྒྱུ་དེ་༸སྐྱབས་མགོན་རིན་པོ་ཆེའི་རྒྱ་ཡིག་སློབ་སྦྱོང་དགོས་པའི་བཀའ་གནང་གི་དགོངས་གཞི་དང་ལས་འགན་གྱི་དངོས་གཞི་དེ་ཡིན་པར་སྙམ་གྱི་ཡོད།
དྲི་བ། ォབུ་བཀྲ་ཤིས་ལྷ་ཡུལ་དུ་བསྐྱོད་པའིサ་ནང་དོན་རགས་སྡུས་ཤིག་གསུང་ན་འགྲིག་གམ།
ལན། སྒྲུང་དེ་དང་པོ་བོད་ལྷ་སའི་ཕྱོགས་ཀྱི་ས་ཆ་བྱེ་བྲག་པ་ཞིག་བདམས་ནས་དེ་ནི་ལྷ་ཡུལ་དང་ཁ་ཐག་ཉེ་ཤོས་ཀྱི་ས་ཆ་ཡིན་པ་དང་། ས་ཆ་དེ་ནམ་མཁའི་ལྷ་མོ་རྣམས་མི་ཡུལ་དུ་འབབ་སའི་རྐང་སྟེགས་ཡིན་པ་བཅས་བཤད་ནས། བུ་བཀྲ་ཤིས་ཀྱི་སེམས་ངོགས་སུ་ནམ་མཁའི་ལྷ་མོ་ཞེས་པ་ཞིག་གི་སྣང་བརྙན་བཞེངས་སྐྲུན་བྱས་ཡོད། དེ་ནས་མ་རྒན་དང་མཉམ་དུ་ཞིང་ཁ་འདེབས་ལས་དང་བ་ཕྱུགས་འཚོ་སྐྱོང་། ལྷ་སར་གནས་མཇལ། དགོན་པར་ཕྱག་སྐོར། ནང་ལས་དང་ཞོར་ལས་བཅས་བྱེད་པའི་བུ་རྒན་རབས་ཀྱི་ཁ་ལ་ཉན་པའི་བུ་བཀྲ་ཤིས་ཀྱིས་རི་སུལ་ཞིག་ནས་ཕྱུགས་འཚོ་སར་འགྲོ་ས་ནས་སྦས་ཡུལ་ཞིག་ཏུ་སླེབས་ཏེ། ནམ་མཁའི་ལྷ་མོ་དངོས་སུ་མཇལ་བའི་བར་བཀོད་ཡོད་ཅིང་། གལ་ཆེ་ཤོས་ཤིག་ནི། མཐར་བུ་བཀྲ་ཤིས་ཀྱིས་རང་གི་ཨ་མ་ནམ་མཁའི་ལྷ་མོ་དངོས་ཡིན་པ་རྟོགས་ཤིང་། རང་བྱུང་དང་ཁོར་ཡུག་ཡོད་ཚད་ནམ་མཁའི་ལྷ་མོའི་སྤྲུལ་པ་ཡིན་པར་ངོས་ཟིན་རྗེས། མའི་ངག་ལ་ཉན་ཞིང་། ཁོར་ཡུག་དང་རང་བྱུང་ལ་གཅེས་པའི་བུ་ཡ་རབས་ཤིག་ཏུ་གྱུར་པས་མཇུག་བསྡུས་ཡོད། མདོར་ན། བྱིས་སྒྲུང་གི་བརྗོད་དོན་ཧྲིལ་པོ། སྤྱོད་བཟང་། རང་བྱུང། ཕུགས་བསམ། འཆར་ཡན། དྲིན་བཟོ་བཅས་ལས་གྲུབ་པར་བརྗོད་ན་ཆོག་པ་འདྲ།
དྲི་བ། ཐའེ་ཝན་གྱི་མིས་བོད་དོན་ཐད་ལྟ་ཚུལ་ག་འདྲ་འདུག
ལན། ཐའེ་ཝན་གྱིས་བོད་དོན་ཐད་ཀྱི་ལྟ་ཚུལ་དེ་རྙོག་འཛིང་ཅན་ཞིག་རེད། མ་གཞི་ཐའེ་ཝན་ནི་རང་དབང་ཆེན་པོ་ཡོད་པའི་རྒྱལ་ཁབ་ཅིག་རེད་དེ། རྒྱ་ནག་གི་ཁྲོམ་རའི་བཙན་འཛུལ་ལས་གཡོལ་ཐུབ་ཀྱི་མེད་པ་གསལ་པོ་རེད། མ་ཡིང་ཅའོ་སྲིད་གཞུང་གིས་རྒྱ་ནག་གི་ལངས་ཕྱོགས་ལྟར་རྔ་རྡུང་བཞིན་འཆམ་རྒྱག་གིན་ཡོད་པའི་ཁར། རང་དབང་གི་གསར་ལམ་ཁག་ཀྱང་མང་པོ་ཞིག་རྒྱ་ནག་གི་ཕྱུག་བདག་དག་གིས་ཉོས་ཟིན་པའམ། རྒྱ་ནག་གི་ཁྲོམ་རར་བརྟེན་ནས་འཚོ་དགོས་པའི་རྐང་པ་ཉིས་འཛུགས་བྱེད་དགོས་མཁན་དུ་གྱུར་ཟིན་སྟབས་བོད་དོན་སོགས་ཀྱི་སྐད་ཆ་འདི་རིགས་བཤད་རྒྱུར་ཧ་ཅང་དོགས་ཟོན་དང་མ་གོ་མ་རིག་ཁུལ་བྱེད་ཀྱིན་འདུག་ལ། ཐ་ན་མངོན་གསལ་དོད་པོས་འདི་རིགས་འགོད་རྒྱུར་དགག་བྱ་བྱེད་ཀྱིན་འདུག དགག་བྱ་བྱེད་མཁན་ནི་གསར་ལམ་དང་བརྒྱུད་ལམ་དག་གི་སྤྱི་ཁྱབ་དང་མགོ་གཙོར་གྲགས་པ་དེ་དག་རེད། འོན་ཀྱང་། མང་གཙོ་ཡར་ཐོན་ཚོགས་པ་ལྟ་བུ་དང་གཞན་རང་བཙན་ལ་ཕྱོགས་པའི་ཚོགས་པ་དེ་དག་གིས་ཚད་ངེས་ཅན་གྱི་རྒྱབ་སྐྱོར་ཡོད་པ་རེད་ལ། མ་གཞི་ཐའེ་ཝན་གྱི་ལོ་གཞོན་དག་གིས་རྒྱ་ནག་ལ་ཡིད་ཆེས་བྱེད་པ་དང། རང་ཉིད་ཀྲུང་གོ་ཡིན་སྙམ་པའི་ཚོར་བ་དང་བསམ་བློ་དེ་ཧ་ཅང་མངོན་གསལ་དོད་པོས་ཆུང་དུ་འགྲོ་གིན་ཡོད་པ་དེས་མ་མཐའ་ཡང། བོད་པ་ཀྲུང་གོ་རེད་ཟེར་བའི་སྐད་ཆ་དེ་རིགས་ཉུང་དུ་འགྲོ་གིན་ཡོད། ཁོང་ཚོས་ད་ལྟའི་ཐའེ་ཝན་ནི་ཐའེ་ཝན་རེད་ཅེས་ཤོད་རྒྱུར་དགའ་བ་ཞིག་ཆགས་ཀྱིན་འདུག གོ་ཐོས་ལྟར་ན། བདུན་ཅུ་དོན་གྲངས་སྔོན་ལ་ཐའེ་ཝན་མི་མང་ཁྲོད་ཐའེ་ཝན་རྒྱ་ནག་གི་ཆ་ཤས་ཡིན་པའི་ལངས་ཕྱོགས་ལ་འདོད་མོས་ཡོད་མཁན་བརྒྱ་ཆ་བདུན་ཅུ་ཡོད་པ་ནས་ད་ལྟ་བརྒྱ་ཆ་བཅུ་དྲུག་ལ་ཆགས་ཟིན་པ་རེད་ཟེར། འོན་ཀྱང་རྒན་གཞོན་སུ་ཡིན་ཡང་། འདོད་པ་ཡོད་མིན་ལ་མ་ལྟོས་པར་རྒྱ་ནག་གི་ཁྲོམ་ར་བློས་མི་ཐོངས་པའི་གནས་སྟངས་ཀྱིས་ཐའེ་ཝན་གྱི་རང་དབང་ལ་ཉེན་ཁ་ཆེན་པོ་བཟོ་བཞིན་ཡོད་པ་ནི་དངོས་ཡོད་ཆགས་འདུག མ་ཡིང་ཅའོ་ལ་ཡང་བསྐྱར་སྲིད་འཛིན་གྱི་རྒྱལ་ཁ་ཐོབ་པ་ཡང་རྒྱ་ནག་གི་ཁྲོམ་རའི་སྟོབས་ཤུགས་དང་ཐད་ཀར་འབྲེལ་བ་ཡོད།
དྲི་བ། ཐའེ་ཝན་དུ་ཡོད་པའི་བོད་པ་ནང་ཁུལ་གྱི་མཐུན་ལམ་ག་འདྲ་འདུག
ལན། སྤྱིར་ཐའེ་ཝན་ལ་བོད་པ་ཉུང་ཉུང་རེད་ལ། མང་པོ་ཞིག་ཐའེ་ཝན་མི་སེར་ཆགས་རྗེས་ཁཱན་ན་ཊ་སོགས་སུ་གནས་སྤོ་བྱས་ཟིན་པ་རེད་འདུག ད་ལྟའི་ཆར་ཐའེ་ཝན་བོད་མིའི་ཚོགས་པ་ཟེར་བ་ཞིག་འདུག དེ་ནི་ས་གནས་ཀྱི་བོད་དོན་ལས་འགུལ་རིགས་གཙོ་བོ་དེའི་མིང་ཐོག་ནས་སྤེལ་གྱིན་ཡོད་ཅིང་། ཁོང་ཚོར་ཐའེ་ཝན་སྤྱི་དམངས་ཀྱི་ཐོབ་དཔང་ཡོད་པ་རེད། དུས་རྒྱུན་ལས་འགུལ་སྤེལ་མཁན་དང་མཉམ་ཞུགས་བྱེད་མཁན་ཁག་ཅིག་རྒྱུན་དུ་ཞུགས་བཞིན་ཡོད་པ་རེད་ལ་མི་ཞུགས་མཁན་དེ་ཚོ་ནི་ནམ་ཡང་མཐོང་རྒྱུ་མེད་པ་དེ་ཆོས་ཉིད་འདྲ་ཞིག་རེད། འོན་ཀྱང་། སྤྱིའི་ཆ་ནས་ཧུར་ཐག་བྱེད་ཀྱིན་འདུག ཉེ་ཆར་ཡང་རླངས་འཁོར་ཞིག་ཉོས་ནས་ཐོག་ལ་བོད་དོན་དང་བོད་ནང་གི་མེར་བསྲེགས་སྐོར་སོགས་དུས་ཐོག་བོད་ཀྱི་གནས་བབ་ཀྱི་གསར་འགྱུར་སྦྱར་ནས་རྒྱུན་དུ་རེས་མོས་ཀྱིས་ཐའེ་པེ་གྲོང་ཁྱེར་ལ་སྐོར་བ་བྱེད་བཞིན་འདུག ཉོ་མཁན་བོད་རིགས་ཚོགས་པ་རེད། དམིགས་ཡུལ་ཐའེ་ཝན་གྱི་བརྒྱུད་ལམ་ཁག་གིས་ང་ཚོའི་གནས་སྟངས་དྲིལ་བསྒྲགས་ཡག་པོ་བྱེད་རོགས་བྱེད་གི་མི་འདུག་པས་ང་ཚོས་ཐབས་ཤེས་འཚོལ་གྱི་ཡིན་ཟེར་ནས་ལས་ཀ་འདི་མགོ་བཙུགས་འདུག མདོར་ན། མང་ཆེ་ཤོས་ཧ་ཅང་ཡག་པོ་འདུག དེ་མིན། ཆོས་ཕྱོགས་ནས་ཐའེ་ཝན་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་མཐུན་ཚོགས་དང་རྒྱལ་སྤྱིའི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པ་སོགས་ཀྱང་རང་གཞུང་དོན་གཅོད་ཀྱི་རྒྱབ་གཉེར་དང་འབྲེལ་བའི་བོད་ཀྱི་ཆོས་དང་རིག་གཞུང་དང་འབྲེལ་བའི་ཚོགས་པ་ཁག་ཅིག་རེད། ད་ལྟ་ང་ཚོས་༸ས་སྐྱ་བདག་ཆེན་རིན་པོ་ཆེ་སོགས་ཆོས་བརྒྱུད་རིས་མེད་ཀྱི་བླ་ཆེན་རྣམ་པས་རྒྱབ་གཉེར་ཚད་ལྡན་གནང་བའི་ཐོག་ནས་ཐའེ་ཝན་བོད་བརྒྱུད་ནང་བསྟན་དྲ་རྒྱའི་བརྙན་འཕྲིན་ཟེར་བ་ཞིག་ཀྱང་ལས་མགོ་བཙུགས་ཟིན་པས། འཆར་ལོའི་སྤྱི་ཟླ་གསུམ་པ་ལ་གཏོང་ཐུབ་པའི་རེ་བ་བྱེད་ཀྱིན་ཡོད། འདི་ཡང་ཆོས་བརྒྱུད་རིས་མེད་ཀྱི་ཡང་དག་པའི་ལྟ་སྒོམ་སྤྱོད་གསུམ་ཅི་བཞིན་ཤེས་རྟོགས་ཐུབ་པའི་ཚད་ལྡན་གྱི་ལམ་ཁ་ཞིག་ཆགས་པའི་རེ་བ་བྱེད་ཀྱིན་ཡོད་ལ། ཆོས་བརྒྱུད་རིས་མེད་ཀྱི་མཁན་སྤྲུལ་དགེ་བཤེས་བཅུ་བཞི་ཙམ་གྱིས་གཙོ་འགན་བཞེས་བཞིན་ཡོད།
ཐའེ་ཝན་དུ་དགེ་འདུན་པ་ལས་གཞན་པའི་བོད་པ་མང་པོ་མེད་པའི་ཁར། བླ་མ་གྲྭ་བ་དག་ནི་ཐའེ་ཝན་དུ་གཏན་སྡོད་ཡིན་པའི་ངེས་པ་མེད་པས་རྒྱལ་ཁབ་གཞན་གྱི་བོད་པ་དང་ཐའེ་ཝན་གྱི་གནས་སྟངས་རྩ་བའི་ཆ་ནས་མི་འདྲ། ཁྱད་པར་བལ་ཡུལ་དང་འབྲུག་པའི་བླ་མ་གྲྭ་བ་མང་པོ་ཡོད་པ་དག་ནི་བོད་པའི་ཆབ་སྲིད་ཀྱི་འདུ་འཛོམས་སོགས་ལ་མི་ཞུགས་པ་ཨ་ཅང་ཅང་། སྤྱིར་བཏང་རིག་གཞུང་དང་ཆོས་ཕྱོགས་ཀྱི་ལས་འགུལ་དང་བགྲོ་གླེང་སོགས་ལ་ཡང་མཉམ་ཞུགས་དང་མཉམ་ལས་གནང་མཁན་ཧ་ཅང་ཉུང་། ཡིན་ན་ཡང་། ཐའེ་ཝན་གྱི་མིག་ནང་ཟེར་ན་འདྲ། ཕྱིའི་མཐོང་ཚུལ་ལ་དགེ་སྐྱོན་དང། ལས་དབང་གཅིག་གི་འོག་ཏུ་ཡོད་པས་ང་སྒེར་ལ་མཚོན་ན། བོད་བརྒྱུད་ནང་བསྟན་བརྒྱུད་འཛིན་གྱི་ལས་དོན་དང་མིག་ལྟོས་ཀྱི་ཐད་ནས་ཧི་མ་ལ་ཡའི་ངོགས་གཡས་གཡོན་གྱི་མཆེད་གྲོགས་ཚང་མ་ས་ཆ་གང་ན་ཡོད་ཀྱང་། ཆོས་དང་དམ་ཚིག་གཅིག་པའི་ལ་རྒྱ་ལ་དགོངས་ནས་མཉམ་ལས་དང་འབྲེལ་འདྲེས་ཆེ་ཙམ་གནང་ན་སྙམ་པའི་བསམ་ཚུལ་ཤུགས་ཆེན་པོ་ཡོད། ད་ལྟའི་སྐབས་སུ་དེ་བས་ཀྱང་གནད་འགག་ཅིག་རེད། འོན་ཀྱང་བསམ་ཚུལ་ནི་བསམ་ཚུལ་རང་རེད།
གཞན་དོལ་རྒྱལ་དང་འབྲེལ་ཡོད་པ་དང་བོད་སོག་ལས་ཁུངས་དང་འབྲེལ་བ་ཡོད་པ་ཟེར་ལྟ་བུའི་རྙིང་པ་དེ་རིགས་དེང་སང་ནི་མངོན་གསལ་དོད་པོ་གང་ཡང་མི་འདུག མ་གཞི་བོད་སོག་ལས་ཁུངས་ནི་ད་ལྟ་ཕྱི་འབྲེལ་སོགས་ཀྱི་སྔར་གྱི་དམིགས་ཡུལ་དང་ལས་ཀ་ཕྱིར་བསྡུ་བྱས་ནས་རིག་གཞུང་རྐྱང་པའི་ཚོགས་པ་ཞིག་ཆགས་ཟིན་པ་རེད་ཟེར།
དྲི་བ། ཁྱེད་ད་ཐེངས་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་རྒྱུན་ལས་སུ་འདེམས་ཐོན་བྱུང་རེད། དེའི་ཐད་དགོངས་ཚུལ་གང་ཡོད་དང་། སྤྱིར་བཏང་པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་ཀྱི་འདས་མ་ད་གསུམ་ཀྱི་ཐད་དགོངས་ཚུལ་འདྲ་ཡོད་དམ།
ལན། ང་སྤྱིར་བཏང་ལོ་པེན་གྱི་ཚོགས་མི་ཞིག་རེད། འདི་ལོ་དངོས་སུ་རྒྱུན་ལས་བརྗེ་སྤོར་གྱི་ཚོགས་འདུར་གཅར་མ་ཐུབ་ཀྱང་། སྐབས་དེར་ང་རྒྱུན་ལས་ཀྱི་འོས་གཞིར་ཡོད་པ་གོ་བྱུང་། དམིགས་བསལ་ཕྱིར་འཐེན་ཡང་བྱས་མེད། རྒྱུ་མཚན་རང་ཉིད་ལ་འཇོན་ཐང་ཆེན་པོ་ཞིག་ཡོད་པས་མིན་ན་ཡང་། ང་ཚོས་ཁ་ནས་རྒྱུན་དུ་མཐུན་སྒྲིལ་མཐུན་སྒྲིལ་ཞེས་ལབ་ཀྱིན་ཡོད་པ་ནང་བཞིན་དོན་གྱི་ཐོག་ནས་ཀྱང་། ཆོལ་ཁ་ཆོས་ལུགས་དབྱེར་མེད་ཀྱི་ཐོག་ནས་ལས་དོན་གང་ཡང་མཉམ་ལས་བྱ་རྒྱུ་གལ་ཆེན་རེད་བསམ་སོང་། འདི་ཁ་ཞེ་གཉིས་མེད་ཡིན། མིག་སྔར་ཁམས་དང་དབུས་ཀྱི་ཕྱོགས་ཀྱི་རྩོམ་པ་པོ་པེན་མཐུན་ཚོགས་ཀྱི་ཁོངས་སུ་ཞུགས་པ་ཅུང་ཉུང་ཉུང་རེད། འདི་མ་འགྲིགས་པ་རེད་བསམ་གི གལ་ཏེ་པེན་གྱི་ཚོགས་གཙོ་དང་རྒྱུན་ལས་ཀྱིས་མ་འགྲིག་པ་ཡོད་ན་རང་ཉིད་ཀྱིས་ཆ་ཤས་བླངས་ནས་འོས་ཤོག་སོགས་ཀྱི་ཐོབ་ཐང་ལོངས་སུ་སྤྱད་དེ་སྡིངས་ཆ་དེ་བརྩོན་ལེན་བྱེད་པ་ལས་ཕྱིར་འགྱེད་བྱས་ནས་རྒྱབ་ནས་སྐད་ཆ་ལབ་པ་དེ་གནས་ལུགས་དང་མཐུན་པ་ཞིག་མ་རེད།
སྤྱིར་འདས་པའི་ལོ་འགའི་ནང་པེན་རྩོམ་པ་པོའི་མཐུན་ཚོགས་ཀྱི་ལས་དོན་ལ་འཐུས་ཤོར་དང་། སྤྱི་ཚོགས་ཀྱི་ཆེ་མཐོང་མ་ཐོབ་པ་སོགས་བྱུང་ཡོད་པ་དངོས་ཡོད་རེད། འོན་ཀྱང་། རྟག་ཏུ་དེ་ལྟར་རྒྱུན་འབྱམས་སུ་འགྲོ་མིན་དེ་ཚོགས་ཞུགས་ཀྱི་མི་སྣ་དག་དང་འབྲེལ་བ་ཡོད་པ་ལས་ཚོགས་པའི་མིང་དེ་དང་འབྲེལ་བ་མེད། དེས་ན་ཚོགས་པ་འདི་ནི་ཁང་པ་ཞིག་ཡིན་པའི་དབང་དུ་བཏང་ན་ཚགས་དང་བདག་གཉེར་ཡག་པོ་ཞིག་བྱེད་མིན་དེ་ཁང་བདག་ལ་རག་ལས་པ་རེད་བསམ་གྱི་མདུག མདོར་ན། པེན་ཕྱི་སྡོད་བོད་ཀྱི་རྩོམ་པ་པོའི་མཐུན་ཚོགས་འདི་ནི་ལུང་ཚན་བྱེ་བྲག་པ་ཞིག་དང་མི་སྣ་བྱེ་བྲག་པ་ཞིག་ལ་བདག་པ་ཞིག་མ་རེད་ལ། འདི་ནི་བོད་ཀྱི་རྩོམ་པ་པོ་སྤྱིའི་དགོས་མཁོ་ཡོད་པའི་ཚོགས་པ་ཞིག་རེད། ཚོགས་པ་འདི་ལ་བདག་པོ་རྒྱག་རྒྱུ་དེ་བོད་ཀྱི་རྩོམ་པ་པོའི་སྤྱིའི་ལས་འགན་རེད། གལ་ཏེ་མ་འགྲིག་པ་ཡོད་ན་རང་ཉིད་དེའི་ཚབ་ཏུ་འགྲེངས་ནས་ལས་ཀ་བྱ་རྒྱུའི་ཆོད་སེམས་དང་བློ་ཁོག་ཡོད་དགོས། ཁྱེད་རང་གཏན་ནས་དེར་མ་ཞུགས་པར་རྒྱང་ནས་འགྲིག་མི་འདུག་ལབ་པ་ཡིན་ན་དེ་ནི་མི་འགྲིག་པ་བྱེད་མཁན་དེ་ཚོ་ལ་གོ་སྐབས་སྤྲད་པ་ཙམ་ཞིག་རེད། འབྱུང་འགྱུར་གྱི་ཆ་ལ་ངས་ཀྱང་རང་ནུས་གང་ཡོད་ཀྱི་རྒྱུན་ལས་ཞིག་གི་འགན་འཁྲི་དེ་གང་ནུས་ཀྱིས་སྒྲུབ་འདུན་ཡོད་ལ། ལེགས་བཅོས་སོགས་ཀྱི་ཕྱོགས་ལ་དགོས་ངེས་ཀྱི་བསམ་ཚུལ་ཡང་འཛེམ་ཟོན་མེད་པར་འདོན་འདོད་ཡོད། དེ་ཡང་ངའི་ལས་དོན་གྱི་ཆ་ཤས་ཤིག་རེད་བསམ་གྱི་ཡོད།
མཇུག་མཐར། ངའི་རེ་བ་ལ་རྩོམ་པ་པོ་དེ་ལས་མང་བ་ཞིག་ཚོགས་པ་འདིར་ཚོགས་ཞུགས་གནང་རྒྱུའི་རེ་བ་དང་འབོད་སྐུལ་ཡང་ཞུ་རྒྱུ་དང་། རྒྱུན་ལས་ལས་རོགས་གསར་པ་ཚོ་དང་ཚོགས་མི་གསར་རྙིང་ཡོངས་ལ་འཚམས་འདྲི། དམིགས་བསལ་བཅར་འདྲི་འདིའི་གོ་སྐབས་གནང་མཁན་སྤྱི་ཚོགས་མེ་ལོང་ཚགས་པར་གྱི་རྩོམ་སྒྲིག་པར་ཐུགས་རྗེ་ཆེ་ཞུ་གིན་ཡོད། བཀྲ་ཤིས་བདེ་ལེགས།
༼ ང་ཚོས་ཁ་ནས་རྒྱུན་དུ་མཐུན་སྒྲིལ་མཐུན་སྒྲིལ་ཞེས་ལབ་ཀྱིན་ཡོད་པ་ནང་བཞིན་དོན་གྱི་ཐོག་ནས་ཀྱང་། ཆོལ་ཁ་ཆོས་ལུགས་དབྱེར་མེད་ཀྱི་ཐོག་ནས་ལས་དོན་གང་ཡང་མཉམ་ལས་བྱ་རྒྱུ་གལ་ཆེན་རེད་བསམ་སོང་།༽
རྫ་ཚེ་ལགས་ལ་བཀྲ་ཤིས་བདེ་ལེགས་ཞུ་གི་ཡོད། གོང་གི་ཚིག་དེ་ཁྱེད་ཀྱིས་གསུངས་སོང་དེ་ཁ་ནས་བཤད་པ་ཙམ་མིན་པར་ལག་ལེན་དུ་བསྟར་གནང་རོགས། གང་ཡིན་ཟེར་ན་ནམ་ང་ཚོས་དེ་འདྲ་རང་བཤད་པ་ལས་ལག་ལེན་དུ་བྱེད་མཁན་དཀོན་པས་སོ།
དྲི་བ་དྲིས་ལན་ཕན་ཐོགས་ཅན་ཞིག་རེད། རྫ་ཚེ་ལགས་རང་དང་ཐའེ་ཝན་གྱི་གནས་སྟངས་སྐོར་བཅས་ལ་མ་ཤེས་པ་མང་པོ་ཞིག་ཤེས་སོང་།
མཁན་པོ་ཚང་གི་དྲིས་ལན་ཚང་མ་བཀླགས་ཟིན། བསམ་ཚུལ་ཅང་མེད། བྱིས་སྒྲུང་བྲིན་པོ་བྱུང་བར་རྟེན་འབྲེལ་ཞུ། མཁན་པོའི་གོ་གནས་ནས་བྱིས་སྒྲུང་འཆད་པ་ནི་རྒྱལ་བུ་དོན་གྲུབ་སངས་རྒྱས་རྗེས་མདོ་མཛངས་བླུན་ལྟ་བུའི་གནའ་སྒྲུང་བཤད་པ་དང་གཅིག་པ་རེད། མང་པོ་ཞིག་ལ་ཕན་ཐོགས་ཀི་རེད།
སྤྲོ་ཚིགས་ཆོས་གྲགས་ལགས
ཁྱེད་ཀྱིས་་་་ཕྱི་སྡོད་བོད་་་་ཞེས་བཙན་བྱོལ་བོད་མི་ལ་བེད་སྤྱོད་མ་གནང་རོགས མིང་ཚིག་འདི་རྒྱ་གཞུང་གིས་བོད་པ་བཙན་བྱོལ་ཁས་ལེན་འདོད་མེད་པའི་མིང་ཚིག་ཞིག་རེད་།
བཅར་འདྲི་ཡག་པོ་ཞིག་བྱས་འདུག
རྫ་ཚེ་རིང་བཀྲ་ཤིས་ལགས། ཁྱེད་རང་གྲྭ་བ་ཞིག་ཡིན་ནམ། གྲྭ་ལོག་ཡིན། ཡང་ན་མི་སྐྱ་ཞིག་ཡིན་གསལ་བཤད་ཞིག་གནང་ན་ལེགས།
ཁོང་ནི་མིང་གྲགས་ལ་ཤིན་ཏུ་དགའ་བའི་གྲྭ་གཟུགས་ཞིག་རེད། སྟོད་སྟོད་དང་ཞུ་ཞུ་ཡི་བྲི་རྒྱུ་དང་ལས་རྒྱུ་ཡང་མང་ནི་རེད། རང་གཤིས་ངོ་མ་དེ་རྗེས་ནས་ཤེས་ཡོང་།
ང་ནི་མང་གྲགས་ལ་ཤིན་ཏུ་དགའ་བའི་གྲྭ་གཟུགས་ཤིག་ཡིན། དེ་བདེན་པ་རང་རེད། ངས་དངོས་གནས་ང་རང་ཉིད་སྙན་གྲགས་ལ་ཤིན་ཏུ་དགའ་བ་ཞིག་ཡིན་པ་དེ་ཁ་ཞེ་གཉིས་མེད་ཀྱིས་ཚོར་གྱིན་འདུག་ལ་དེ་ལ་ལེ་བདའ་ཡང་བྱེད་ཀྱི་མེད། འོན་ཀྱང་ཚུལ་མཐུན་ལུགས་མཐུན་དང་རང་ཉིད་ཀྱི་ནུས་པ་དངོས་ཀྱི་སྒྲུབ་པའི་སྙན་གྲགས་ཅིག་བྱུང་ན་དེ་ནི་ངས་ང་ལ་ལྷས་གནང་བའི་དངོས་གྲུབ་ལྟར་གཅེས་སྤྲས་ཀྱིས་དང་ལེན་བྱ་ངེས། དེ་ནི་ངའི་ས་མཚམས་ཡིན།
གཞན་གྲོགས་པོ་ཚང་མ་ཕེབས་ནས་གཟིགས་པར་འཚམས་འདྲི་ཡོད། ནང་དོན་དང་འབྲེལ་བའི་སྐད་ཆ་དང་བཀའ་མོལ་བསམ་ཚུལ་ཡོད་ན་དེ་བས་ལེགས་པར་མངོན།
འོ་འཇིག་རྟེན་ཆོས་བརྒྱད་དེ་ཆོས་པས་སྤང་བྱ་རུ་དགོངས་དགོས། དེ་དང་དུ་ལེན་བྱ་ཞིག་མ་རེད་ཡ།
ངས་གོང་དུ་རྫ་་ཚེ་རིང་བཀྲ་ཤིས་གྲྭ་བ་ཡིན་མིན་དྲི་བ་དྲིས་པའི་རྒྱུ་མཚན་ནི། གོང་གི་འདྲ་པར་ལ་ལྟོས་ན་ཁོ་གྲྭ་ལོག་ཞིག་ཡིན་ཤ་སྟག་རེ་སྙམ་པ་དང་། ཡང་དྲིས་ལན་ལ་ལྟོས་ན་གྲྭ་བ་ཞིག་རེད་སྙམ་པ་བྱུང་བ་རེད། ཁྱོད་གྲྭ་མིན་ན་ང་ལ་བསམ་ཚུལ་མེད་མོད། ད་ཁྱེད་གྲྭ་བ་ཡིན་པ་དང་། ལར་ཁྱེད་ཀྱིས་བཤད་ལྟར་༧གོང་ས་མཆོག་གི་བཀའ་དགོངས་དང་ལམ་སྟོན་ལྟར་ཐེ་ཝན་ལ་སློབ་སྦྱོང་ཕྱིན་པ་དངོས་་ཡིན་ན། ཐོག་མར་ཁྱེད་རང་ཆོས་འདུལ་བ་དང་མཐུན་པའི་གཟན་ཤམ་གཙང་མ་ཞིག་གོན་ནས་ཁྱེད་རང་གོང་དུ་བཤད་པའི་དྲི་ལན་འདེབས་འོས་ལ། ཁྱེད་རང་གཟན་ཤམ་གཙང་མ་ཞིག་ཀྱང་མ་གོན་པར་རྒྱ་ཡིག་སློབ་སྦྱོང་གི་དམིགས་ཡུལ་ནི་༸སྐུ་མདུན་གྱི་བཀའ་ཕེབས་དགོངས་གཞི་དངོས་དེ་རྒྱ་མི་རིགས་ཀྱིས་བོད་ཀྱི་ཆོས་དང་རིག་གཞུང་གི་གལ་གནད་དང་དོན་སྙིང་ཡང་དག་པར་རྟོགས་པར་བྱ་རྒྱུ་དེ་ཡིན་ཚུལ་སོགས་ཀྱི་སྐད་ཆ་རྫིག་པོ་བཤད་ནས་ཉིན་མོ་དད་ལྡན་མི་མང་ལ་ཆོས་བཤད། དགོང་དྲོ་kala ok ནང་འགྲོ་ཆོག་ཆོག་གི་དམིགས་ཡུལ་བཅིངས་ན་ཧ་ཅང་ཡིད་ཆེས་པའི་གནས་ཞིག་མ་རེད། དེ་རྒྱུ་མཚན་གང་ཡིན་ཞེ་ན། རང་གིས་ཁས་བླངས་པའི་དམ་ཚིག་དང་སྡོམ་པ་རགས་པ་ཙམ་ཡང་སྲུང་མ་ཐུབ་པར་དད་ལྡན་མང་ཚོགས་འདུན་དུ་སྐྱ་མིན་སེར་མིན་གྱི་ཆས་གོན་པ་ནི། བོད་མི་རིགས་ཞབས་འདྲེན་དང་། སངས་རྒྱས་ཀྱི་བསྟན་པ་གནོད་སྐྱོན་ལས་ཕན་པ་ཞིག་བསྒྲུབ་རྒྱུ་རེ་བ་མི་མཐོང་ངོ།། མཁས་གྲུབ་རྗེས། དམ་ཚིག་སྡོམ་པ་སྤངས་པའི་སློབ་མ་ནི།། བརྒྱ་ཕྲག་དབང་གིས་སྡུད་པའི་བརྗེ་ཚོང་མཁན།། ལྟོ་ཕྱིར་ཆོས་འཚོང་དེ་དག་བསྟན་པ་ལ།། རེ་ཤིག་ངལ་གསོ་བྱས་ན་གནོད་པ་ཆུང་།། ཞེས་གསུངས་པ་ལྟ་བུ་ཆགས་ན་ཡིད་རེ་སྐྱོའང་།། རྣམ་དཔྱོད་ཀྱི་དུས་རབས་འདིའི་ནང་སངས་རྒྱས་ཀྱི་བསྟན་པ་དང་རང་མི་རིགས་ལ་ཤ་ཚ་ཡོད་ན། གྲྭ་བ་ཡིན་ན། མ་མཐའི་ས་མཚམས་ལ་གྲྭ་བའི་སྡོམ་ཁྲིམས་རགས་པ་རྣམས་ངེས་པར་དུ་བསྲུང་དགོས་པ་གལ་ཆེ་བར་མངོན། སྔར་མཁས་པའི་དབང་པོར་གྲགས་པའི་འབྲས་ཀླུ་འབུམ་པ་རྡིས་སྦིས་ཤེས་རབ་རྒྱ་མཚོ་མཆོག་ཁ་སྤུ་རིང་པོ་ཞིག་ཡོད་འདུག ཁོང་ཐེ་ལན་དྲི་ཕེབས་ནས་དེར་བཞུགས་དགེ་སློང་རྣམས་ལ་ཐ་མག་འཐེན་མི་རུང་བའི་སྒྲུབ་བྱེད་མང་ཙམ་གསུངས་སྐད། ཐེ་ལན་དྲི་དགེ་སློང་ཞིག་གིས་དེའི་ལན་ལ་ཐ་མག་འཐེན་མི་རུང་བ་སངས་རྒྱས་ཀྱི་གསུངས་མེད་ལ། སངས་རྒྱས་ཀྱིས་སྐྲ་དང་ཁ་སྤུ་བྲེག་པར་བྱ་གསུངས་པ་མ་ཡིན་ནམ་ཞེས་དྲི་སྐབས་ཁོང་ཧ་ཅང་གི་ངོ་ཚ་བོ་བཟོས་པའི་ལོ་རྒྱུས་ཀྱང་ཡོད།
མཁན་པོ་རྫ་ཚེ་ལགས་ནི། དོན་དངོས་དང་མཐུན་པའི་བཀའ་མོལ་གནང་མཁན་ཞིག་ལ་ངོས་འཛིན་གྱིས་དགའ་བསུ་ཞུ་བཞིན་ཡོད། དྲིས་ལན་མང་ཆེ་བ་སྣང་བར་འགྲོ་སོང། ནམ་རྒྱུན་གྲྭ་ཆས་གཙང་མ་མནབ་རྒྱུ་སྟབས་མི་བདེ་ནའང་དྲ་རྒྱའི་བརྒྱུད་ལམ་ཁག་ཏུ་པར་རིས་སོགས་བཀྲམ་སྐབས་ཡིན་ལུགས་ཚུལ་མཐུན་ཞིག་གནང་རྒྱུ་ནི་དམིགས་ཡུལ་གཅིག་པའི་ནང་བསྟན་རྗེས་འཇུག་པ་ཞིག་ཡིན་པས་སེམས་ངོ་བསྟན་དེ་སྐུལ་མ་གཏོང་བཞིན་ཡོད། བཀྲ་ཤིས་བདེ་ལེགས།