རེབ་ཐོག་མདའ།
སྤང་ལ་བཞད་པའི་མེ་ཏོག་མཛེས་ཡང་།།
མིག་གི་དགའ་སྟོན་ཁོ་ན་རེད་འདུག།
སེམས་ལ་འཐིམ་པའི་མེ་ཏོག་ཁྱོད་རང་།།
ཉིན་མཚན་གཉིས་ཀྱི་དྲན་ཤིང་ཡིན་སོང་།།
ལས་ཀྱིས་བསྐོས་པའི་མཛའ་མོ་མིན་ཡང་།།
བདག་རང་ཁྱོད་ལ་ཧ་ཅང་དུང་གི།།
སྦྲང་དཀར་རྩམ་པས་གསོས་པ་མིན་ཡང་།།
རྩྭ་ཐང་བུ་མོའི་གཤིས་ཀ་ལྡན་པ།།
ཕྱུག་བདག་ཚང་གི་ཁྱིམ་དུ་འཁྲུངས་ཡང་།།
ཀྲོག་ཀྲོག་མགོ་གཡུག་ཁྱོད་ཀྱིས་མི་ཤེས།།
མི་རྐྱང་བདག་ལ་བློ་སེམས་གཏོད་པའི།།
ཁྱོད་ཀྱི་བརྕེ་བ་བདག་གི་རྟོགས་ཡོད།།
དྲ་རྒྱའི་ནང་གི་བུ་མོ་དེ་ཚོ།།
བློ་སེམས་གཏོད་རྒྱུ་མེད་པར་འཆད་ཀྱང་།།
ཁྱོད་རང་འཕྲད་པའི་ས་སྲོད་དེ་ནས།།
བདག་གི་སེམས་པ་ཧ་ཅང་དྲོ་གི།
རིགས་གཞུང་ངོ་བོ་ཐ་དད་ཡིན་ཡང་།།
ཁྱོད་ལས་བདག་ལ་ཅི་ཡང་མི་མཁོ།།
སྐད་དང་ཡི་གེ་ཁ་ཁ་ཡིན་ཡང་།།
ཁྱོད་ཀྱི་སེམས་པ་བདག་གིས་མཐོང་ཡོད།།
སེམས་པ་ཤོར་བའི་བུ་མོ་མང་ཡང་།།
བརྕེ་བའི་ཚིག་གསུམ་ཁྱོད་ལ་ཤོར་ཐལ།།
ཟུར་མིག་འཕེན་སའི་མཛེས་མ་མང་ཡང་།།
སྙིང་གཏམ་གླེང་ས་ལྷ་མོ་ཁྱོད་རང་།།
ཉིན་མཚན་ལས་ལ་བྲེལ་དགོས་བྱུང་ཡང་།།
ཁྱོད་རང་སེམས་པའི་གཏིང་དུ་སྒོམ་ཡོད།།
ཁ་ཐག་ཅུང་ཙམ་རིང་བོར་གནས་ཡང་།།
སེམས་ཀྱི་རེ་སྒུག་སྙིང་ལ་བརྐོས་ཡོད།།
ལྷ་དང་བླ་མར་སེམས་ཤིག་ཡོད་ན།།
བུ་ཆུང་བདག་ལ་བསྡོང་གྲོགས་མཛོད་ཅིག།
སྐྱེ་སྔོན་ལས་འཕྲོའི་ལྷག་མ་ཡོད་ན།།
སྨོན་ལམ་གྲངས་མེད་སེམས་ནས་བཏབས་ཡོད།།
༢༠༡༣ ཟླ ༡ ཚེས ༧ དགོང་མོ་རང་ཤག་ནས་བྲིས
རེབ་མདའ་ཤོར་བའི་རོགས་མོ་དེ། ད་ལྟ་མྱུར་དུ་ཁུག་ཤིག།
ཁུག་ཤིག། མོ་ཁ་ཚིག་གིས་སླུ་དུས། སུ་ཡིས་མ་ཁུག་རེབ་མདས་ཁུག།
ཁུག་ཤིག། སེམས་ཁ་ཆགས་པས་སླུ་དུས། སུ་ཡིས་མ་ཁུག་རེབ་མདས་ཁུག།
ཁུག་ཤིག། མྱིག་ཁ་འཕྲུལ་གྱིས་སླུ་དུས། སུ་ཡིས་མ་ཁུག་རེབ་མདས་ཁུག།
ཁུག་ཤིག། རྒྱུ་དང་འབྱོར་བས་སླུ་དུས། སུ་ཡིས་མ་ཁུག་རེབ་མདས་ཁུག།
ཁུག་ཤིག། གཡོ་དང་ཁྲམ་མས་སླུ་དུས། སུ་ཡིས་མ་ཁུག་རེབ་མདས་ཁུག།
ཁུག་ཤིག། མཐུ་དང་ནུས་པས་སླུ་དུས། སུ་ཡིས་མ་ཁུག་རེབ་མདས་ཁུག།
ཁུག་གཏོ་སྣ་དྲུག་འཕང་བའི་མཐུ་སྟོབས་ཀྱིས།
རེབ་མདའི་རེ་འདོད་ཆར་དུ་འབབ་པར་ཤོག།
བསམ་ཐོག་རླུངས་རྟའི་རྟ་རྒོད་རྒྱུག་པར་ཤོག།
ཀུ་རེ་ཡིན་པས་ཀུ་རེ་བཤད་ས་ཡོད་པར་ཤོག། ཧ་ཧ།
སེམས་པ་ཤོར་ན་ཤོར་ཚོད་མ་ཐུག་གློ་སྙིང་ཕྱི་ལ་སྟོན་བཟོ་བྱས། །
ཤོད་ཀྱིན་ཤོད་ཀྱིནཤོད་སྟངས་ནོར་བསམ་བཤད་པའི་སྐད་ཆ་རྫུས་མར་གྱུར། །
སྟོད་པ་འཐེན་སའི་བྱི་མོ་དེ་ཡིས་བོད་ཤེས་པ་ཆ་བཞག་ན། །
ཤོར་བའི་ཚིག་གི་འགལ་འདུ་བསམ་ན་གད་མོ་ཁོང་ནས་ཤོར་ས་རེད ། །