གཅན་འོད་འབར།
ཉི་འོད་དྲོ་བའི་དཔྱིད་གཞུང་ཞིག་ལ་སློབ་གྲྭའི་འདབས་ཀྱི་ལྡུམ་རའི་ནང།།
སེམས་པ་ཆུང་བའི་ལྷ་མོ་སྒྲོལ་མར་རང་སྦྱོང་བྱེད་པའི་བར་གསེང་ནས།།
ཆགས་པའི་ཟུར་མིག་ལན་མང་འཕངས་བས་ལུས་སེམས་འདོད་པ་གཅིག་ཏུ་མཐུན།།
ཞག་གསུམ་མ་སོང་ས་གནས་དེ་གར་ཁོ་མོའི་མིག་ལ་མཆི་མ་བསྐྱིས།།
ལོ་གསུམ་སོང་ཡང་སེམས་ནས་མ་བརྗེད་ད་དུང་ཡིད་ལ་ནོངས་འགྱོད་ལྷག།།
འབྲིང་རིམ་གསུམ་པའི་འཛིན་གྲྭའི་ནང་ན་མེ་ཏོག་མིང་ཅན་མཛེས་མ་ཞིག།།
ཡོད་པ་དེ་ཡང་མཚན་གཅིག་མལ་དུ་ལེགས་པར་སྤྱད་བའི་སྔ་གཞུག་ཏུ།།
གྲོགས་པོ་ཞིག་ལ་འཚམས་སྦྱོར་བྱས་པའི་བྱ་སྤྱོད་ཁོ་མོས་ཤེས་པ་ན།།
ཁོང་ཁྲོའི་མེ་ལྕེ་ཁོག་ནས་འབར་བཞིན་སྡང་སྡུག་སེར་བ་ཕབས་ཞོར་དུ།།
གདོང་ལ་ངོ་ཚའི་མཆིལ་ཞགས་ཕངས་བའི་ཉེས་ཆད་དེ་ཡང་ང་ལ་མཛའ།།
ཁྲ་ཆིལ་གློག་ཞགས་ཚོམས་བུར་བཀྲ་བའི་ཁོམ་མེད་གྲོང་གི་གྲུ་ཟུར་རུ།།
གྲོགས་པོ་ཞིག་གི་སྐྱེས་སྐར་རོལ་དུས་མིང་ངོ་ཤེས་པའི་སློབ་ཆེན་མ།།
སྐུད་མེད་ཁ་པར་ཁ་བརྡའི་ཀློང་ནས་རུམ་ལ་བཀུག་པའི་མཛངས་མ་དེ།།
ཟླ་གཅིག་མ་སོང་ངོ་ཡང་མ་བསྟན་རྒྱབ་ཏུ་བསྐྱུར་བའི་རྗེས་སུ་ཡང་།།
དྲན་པའི་འཕྲིན་དང་དུངས་བའི་ཁ་པར་ད་དུང་གཏོང་བ་ང་རང་ལན།།
ཐེངས་གཅིག་དབྱར་གའི་གུང་སེང་སྐབས་སུ་ངོ་ཤེས་ཤིག་གི་ཁྱིམ་དུ་སོང།།
ལས་ཀྱིས་འདུས་པའི་ཉམ་ཆུང་མཚོ་མོ་བདག་གི་གམ་ལ་ཡང་ཡང་བཏུད།།
རྒོད་པའི་ཆགས་སེམས་རང་གིས་མ་ཁོགས་ཁོ་མོའི་རུམ་ལ་ཐེངས་གསུམ་འཛུལ།།
བརྩེ་དུང་ཡིད་ཆེས་ཁ་ལ་འཁྱེར་ནས་ངོ་ཚ་ཁྲེལ་གཞུང་རྡོག་པས་བརྫིས།།
དྲི་མེད་དྭངས་གཙང་སེམས་པའི་ངོགས་ལ་སྡུག་གི་རྨ་ཁ་ང་ཡིས་བཞག།།
འཁྲུག་ཆ་དོད་པའི་མཚན་ཚོགས་ཤིག་ཏུ་རྒྱུས་མེད་དབྱངས་དགར་སྦི་རག་བླུད།།
བཟི་མ་བཟི་ཡི་གོམ་འགྲོས་འཁྱར་འཁྱོར་དམར་སེར་གཟིམ་ཁང་ཕྱོགས་སུ་བསྒྱུར།།
མགོ་ནས་མཐིལ་བར་ལོངས་སུ་སྤྱད་པའི་བདེ་བ་ད་དུང་ཁྲག་རྩར་འཁྱིལ།།
མཚན་གཅིག་ཉལ་བས་ཚེ་གཅིག་འདུག་རོགས་ཅིས་ཀྱང་བྱེད་དགོས་ཞུས་ཞུས་ནས།།
ཡུལ་ཕྱོགས་གཞན་ལ་བྲོས་བྱོལ་སོང་བ་ཀླད་མེད་ང་ཡི་རྣམ་ཐར་ཡིན།།
ཡུན་རིང་འདྲིས་པའི་གྲོགས་པོ་ཞིག་གི་སེམས་པ་དགའ་སའི་གྲོགས་མོ་ཡང།།
གུ་རེ་རྩེད་མཚར་ལས་ཀྱིས་འཕྲོག་མཐར་རྩོད་རྙོག་ཁྲོད་ནས་ཁ་གྱེས་བ།།
ཐོག་མར་གྲོགས་པོའི་འབྲེལ་ཟམ་བཙུགས་ནས་མཐའ་མར་ང་ལ་ཞེ་ཐོགས་གཅིག།
འདྲིས་པའི་གྲོགས་དང་དགའ་བའི་མི་ལ་ཁ་ཡ་ཆ་འཇོག་མ་བྱས་གཉིས།།
ཁེར་རྐྱང་བདག་གི་ཁང་ཆུང་ནང་ན་ཉལ་ཁྲི་གཅིག་ལས་མེད་པས་གསུམ།།
ཁ་བ་ལྷབ་ལྷུབ་འབབ་པའི་དགོང་ཁར་ཇ་ཁང་དྲོན་མོའི་ཟུར་ཞིག་ནས།།
མིག་བརྡའི་སྐད་ཆ་སྟོན་རེས་བྱས་རྗེས་སེམས་ཀྱི་སྙིང་གཏམ་ཡིན་མདོག་གིས།།
ཐོལ་གྱིས་བསླུ་བའི་ཁྱོ་བྲལ་ཆོས་སྒྲོན་གྲོགས་སུ་བཀུག་པའི་སྔ་གཞུག་ཏུ།།
ལུས་དང་རྒྱུ་ནོར་ཚིམ་པར་སྤྱད་པ་ཐེངས་གཅིག་ཐེངས་གཉིས་ག་ལ་ཡིན།།
བརྩེ་བ་བྲལ་བའི་གཏམ་རྒྱུད་འདི་འདྲར་གོམས་ཤིང་བྱང་པ་ང་ཡི་སྐྱོན།།
མཛའ་མོ་བཙལ་ནས་ཡུན་རིང་མ་སོང་ཁོ་མོའི་ཁྱིམ་དུ་ཐེངས་གཅིག་སོང།།
ཡིད་དུ་འོང་ལ་བློ་ངོར་འབབ་པའི་བུ་མོ་ཞིག་གི་ཞལ་རས་མཇལ།།
སེམས་ལ་ཟུག་པའི་ཟུར་མིག་ཅིག་གིས་ང་ཡི་རྣམ་ཤེས་དམ་ལ་བཏགས།།
ཁུ་སིམ་སིམ་གྱི་གསང་བརྡ་ཞིག་གིས་མཛའ་མོའི་གྲོགས་མོ་རྙི་རུ་བཅུག།།
སྟབས་མ་ལེགས་པའི་འཕྲིན་ཐུང་ཞིག་གིས་མཛའ་མོའི་ཡིད་ཆེས་རླུང་ལ་བསྐུར།།
མི་ཚོགས་འདུས་པའི་ཆོས་ར་དེ་ནས་མཁུར་ཚོས་དམར་བའི་དགེ་མ་ཞིག།།
ངོ་ཚའི་མགོ་བོ་བྲང་ཁར་སྨད་ཞོར་མཛེས་པའི་མིག་ཟུང་གཡོ་བའི་དུས།།
ཟླུམ་ཞིང་སྒོར་བའི་མྱོས་བུམ་དེ་ལ་མིག་འབྲས་ཐོགས་པས་འཕྲིན་ཞིག་བསྐུར།།
འཕྲིན་ལན་མེད་ཀྱང་ཤག་ལ་འཛུལ་ནས་སྨད་གཡོག་ཁྲག་གིས་བརྫིས་བ་དེ།།
མི་དགེ་སྡིག་པའི་ལས་ཤིག་ཡིན་ན་རྣམ་སྨིན་ང་ལ་འཁོར་བ་ཡོད།།
སྟོན་ལོ་སེར་པོ་རླུང་གིས་སྐྱོམས་ཤིང་མཚམས་སྤྲིན་དམར་པོ་ལྷོ་རུ་ཕྱོགས།།
ལམ་འགྲམ་དེ་ལ་དུས་ཆད་བཏབ་པའི་སྒྲོལ་མར་བཅོས་མའི་འཛུམ་ཞིག་བསྟན།།
ཉི་ཟེར་འོག་ནས་བརྗེད་ཐབས་བྲལ་བའི་མི་འདོད་འོ་ཞིག་མཆུ་ལ་སྦྱར།།
གློ་སྙིང་མཆིན་གསུམ་ཏུམ་བུར་གཏོང་བའི་གློ་བུར་བདེ་མོ་འཇོག་པའི་དུས།།
ཁོ་མོ་དྲན་པ་ལན་མང་བརྒྱལ་ཞིང་ང་ཡི་མགོ་ཡང་འཐོམས་པར་བྱས།།
བདག་གི་ཉེ་འགྲམ་གཡས་སུ་བཞུགས་པའི་ཁྱིམ་མཚེས་ཚང་གི་གཅེས་ཕྲུག་མ།།
ཁ་ཡག་ཚིག་སྙན་ཁ་ལ་རྒྱན་ཞིང་ཡིད་འོང་འཛུམ་མདངས་ངོར་བཏེགས་ནས།།
གཞས་དང་བྲོ་ཡིས་ཡིད་སེམས་བསླུས་ཤིང་རོགས་དང་བྱམས་པས་མིག་དབང་བརྐུས།།
ཐོག་མའི་མེ་ཏོག་ང་ཡིས་བླངས་ཤིང་མཐའ་མའི་ན་ཟུག་ང་ཡིས་བཏབས།།
ད་རུང་ང་ལ་གཡོལ་ཞིང་གཟུར་བ་ཁྲེལ་མེད་ང་ཡི་ནག་ཉེས་ཡིན།།
ཡུན་རིང་འགྲོགས་པའི་ཆུང་འདྲིས་བྱམས་པ་གནས་ཡུལ་བསྙེགས་པའི་རྗེས་ཤུལ་དུ།།
རང་ལ་མཛའ་བའི་རོགས་ཤིག་མ་འདོད་སེམས་ཐག་བཅད་ནས་གནས་མོད་ཀྱང།།
དྲོ་འཇམ་བུ་མོའི་བརླ་ཤ་མཐོང་དུས་བློས་གཏོང་འདོད་པའི་སེམས་ཤིག་ཅི།།
ཆགས་པའི་མིག་ལ་གློག་ཞགས་འཁྱུག་ཅིང་སྲེད་པའི་རྩ་ལས་ཁྲག་དྲོན་འཕྱུར།།
བརྩེ་བ་རྫུན་མ་ཁ་རུ་འཁྱེར་ནས་གཡོ་སྒྱུའི་འཁྲབ་སྟོན་ང་ཡིས་འཁྲབ།།
ལོ་ཟླ་མང་པོའི་ཁུག་སོ་རེ་ལ་འདོད་པའི་གཏམ་རྒྱུད་གྲངས་མེད་བྲིས།།
ཉིན་མོ་དུས་ཀྱི་བཞུད་རྒྱུན་རེ་ལ་སེམས་པ་རྨས་པའི་ལེའུ་བསྣན།།
མཚན་མོའི་ཟླ་སྐར་འཚེར་བའི་འོག་ནས་མེ་ཏོག་བླངས་བ་རྒྱན་དུ་བརྩིས།།
རྒྱང་བཞུད་ཁྱོ་གའི་ཆུང་མ་འཕྲོག་ནས་ཁྱིམ་ཁ་གཏོར་བའི་སྐྱོ་གར་འཁྲབ།།
མཛའ་མོའི་གྲོགས་མོ་གྲོགས་པོའི་མཛའ་མོ་སྤྱད་པས་གྱོད་ཀྱི་བརྩིགས་གྱང་བསླངས།།
དགེ་མ་ཞིག་གི་ཚུལ་ཁྲིམས་བརྫད་པའི་འཆལ་སྤྱོད་འགན་སོགས་ང་ལ་ཡོད།།
འདོད་པའི་གཏམ་རྒྱུད་ཐུང་ཙམ་བྲིས་ན་ཐུང་ཐག་ཆོད་པའི་སྐྱོན་ཞིག་ཡོད།།
ཆགས་པའི་རི་མོ་རིང་ཙམ་བཞེངས་ན་རིང་ཐག་ཆོད་པས་ཉོབ་བའི་རྒྱུ།།
རིང་ཐུང་སྙོམས་པའི་རྩོམ་ཞིག་བྲིས་ན་ཀློག་པ་པོ་ཡང་ཨེ་དགའ་སྙམ།།
མ་གསང་སྙིང་གི་སྐད་ཆ་འདི་ཚོ་སུ་ལ་ཕོགས་ན་དགོངས་པ་དྭངས།།
ངོ་ཚ་བྲལ་བའི་སྡིག་སྤྱོད་འདི་དག་གང་ལ་བྱས་ན་འཐོལ་ལོ་བཤགས།།
གློ་བུར་འཕྲད་པའི་ལྷ་མོ་སྒྲོལ་མ་སྙན་པའི་གཞས་དང་བྲོ་ལ་དགའ།།
ཐོལ་གྱི་ཐུག་པའི་མེ་ཏོག་ལྷ་མོ་དགོད་བྲོའི་གཏམ་དང་གུ་རེར་དགའ།།
ངང་གིས་འདྲིས་པའི་མེ་ཏོག་ལྷ་མཛེས་མཛེས་པའི་གོས་དང་རྒྱན་ཆར་དགའ།།
ལྷོད་ཀྱིས་འདྲེས་པའི་རིག་འཛིན་ཆོས་སྒྲོན་ཞིམ་པའི་ཟས་དང་རྩེད་མོར་དགའ།།
སྐྱ་སར་ཕབས་པའི་ཆོས་འཛིན་དབྱངས་སྐྱིད་ཆགས་པའི་གཏམ་དང་འོ་ལ་དགའ།།
མཚན་གཅིག་འགྲོགས་པའི་སེམས་སྐྱིད་སྒྲོལ་མ་སྐྱིད་རུང་སྡུག་རུང་ངུ་རྒྱུར་དགའ།།
དགའ་ཕྱོགས་མ་དྲིས་མིང་ཡོངས་མི་ཤེས་བུད་མེད་སྤྱོད་པ་ང་ཡི་གཤིས།།
མི་ལོ་ཉི་ཤུའི་ལོ་ཟླ་རིང་མོར་ཕྱིར་འདང་ལན་གསུམ་རྒྱག་པའི་དུས།།
རྗུན་མའི་ཚིག་གིས་གཞན་མགོ་གཡོག་པའི་ངང་ཚུལ་དེ་ལ་དགོད་རེ་བྲོ།།
བསླུ་བྲིད་སྤྱོད་པས་གཞན་སེམས་བཅག་པའི་གོ་རིམ་དེ་ལ་ངུ་རེ་སྐྱེན།།
བཅོས་མའི་བརྩེ་བས་ལང་ཚོའི་མེ་ཏོག་འཕྲོག་པའི་ལས་ལ་ཡིད་རེ་སྐྱོ།།
འདོད་སྲེད་གཡོ་སྒྱུས་མཛའ་བརྩེའི་འབྲེལ་ཐག་ཆུ་ལ་བསྐྱུར་བ་ཞེ་རེ་སྨྲེང།།
འཕྲལ་གྱི་བདེ་བ་ཁོ་ན་བསམ་སྟེ་མདུན་ལམ་བརླགས་པར་སེམས་རེ་སྡུག།།
ང་ཡིས་བྱས་བསགས་སྡིག་ལས་དག་ལ་བུ་མོ་ཁྱོད་ཚོས་བཟོད་སྒོམ་གནོངས།།
རྩོམ་རྩལ་ཡག་པས་ཐེངས་གཅིག་བཟོད་པ་སྒོམ་ཡོད། རྗེས་མ་བག་མེད་མ་བྱེད།
མྱི་བློ་མེད།
མཇེ་བདག་མེད།
ཁ་ཚིག་མེད།
རྐྱལ་སྟོང་ཁྱོད་འདྲ་མ་ཞིག་ལ། ཡིག་རྩ་་འདི་མོ་ཞིག་ཡོད་ནོ་སོ་ངར་གི།
སྡེབ་སྦྱོར་སྙན་པོ་འདྲ་རིག་རྒྱུ་མང་གི། ཡིན་ན་ཡང་། དགེ་མ་ཆུང་ཆུང་དེ་ལ་ལུས་སྦྱོར་ཞིག་མ་བྱུང་ན་ཁུལ་ཅིག་བསམ་སོང་།
ཚེ་ཐང་རིང་རྒྱ་བོ། བཙན་བྱོལ་དུ་སྙན་དེབ་དང་སྙན་ངག་འབྲི་མཁན་ཧ་ཅང་མང་ཡང་། འདི་ལྟ་བུའི་ཚིག་དོན་གང་ཐད་ནས་ལེགས་པོ་འཁྱོང་མཁན་རེ་ཟུང་ཙམ། ལྷག་པར་ཁྱེད་རང་རྩོམ་རིག་གི་ལམ་ལ་གསར་དུ་ཞུགས་པ་ཞིག་གི་ངོས་ནས་འདི་འདྲ་ཞིག་འཁྱོངས་ན། མ་འོངས་པར་ཁྱེད་རང་འདས་པོ་ཀླུ་ཚང་བུ་མོ་ལྷ་རིལ་གྱི་རྗེས་སུ་བསྙེགས་ངེས་སྙམ་སྟེ་དགའ་ཡོད། དག་ཆ་ཡང་བཟང་གི ཡིན་ནའང་། ༼ག༽་འདིའི་རྗེས་སུ་ཚིགས་བཅད་སྐབས་ཀྱང་ཉིས་ཤད་མི་ཐོབ་པ་དགོངས་འཇགས་འཚལ། གསུང་ཆོས་ཀྱི་བྲེལ་འཚུབ་བར་ནས་མཆན་བུ་འདི་ཙམ་བཏགས་པ་ནི་རྩོམ་རིག་འདི་རང་གི་བློར་བབས་པས་སོ། །
གནམ་དང་ངོ་ལུགས། ཨ་རིག་དགེ་མཐོང་ཚང་སོགས་མགྲོན་དུ་ཕེབས་ནས་སེམས་ཚོར་གྱི་ཞབས་མཆན་བཏབས་པར་དགའ་ཡོད། ཐུགས་རྗེ་ཆེ། རྗེས་སུ་མཉམ་འཇོག་བྱ་ངེས།
རྒན་ཨ་རིག་དགེ་མཐོང་ལགས། སྤྱིར་ངས་བསྐུར་བའི་མ་རྩོམ་གྱི་ནང་༼ག༽་ཡི་རྗེས་སུ་ཉིས་ཤད་དེ་བཞག་མེད། ཕལ་ཆེར། ཁ་བརྡའི་རྩོམ་སྒྲིག་པས་དོ་སྣང་མ་བྱས་པར་ཁ་སྣོན་བྱས་པ་ཨེ་ཡིན་ནམ་སྙམ། ཁྱེད་ཀྱི་དགོངས་ཚུལ་ལ་སྙིང་ནས་དགའ་བསུ་ཞུ།
ཚིག་འགྲོས་དང་བརྗོད་དོན་ཤིནད་ཏུ་སྙན་པོ་འདུག བོད་སྐད་ཡར་འོངའ་ཕྱིར་མུ་མཐུད་ནས་འབྲི་རོགས་གནོངས། དྲི་བ་གཅིག་ཡོད་པ་འདི་ནི། རྗུན་མ་དང་རྫུན་པ། བསྐྱུར་བ་དང་བསྐྱུར་པ། སྤྱད་བ་དང་སྤྱད་པ། བརྫིས་བ་དང་བརྫིས་པ་སོགས་སྦྱོར་སྟངས་སམ་འཐོབ་ཁུངས་སོ་སོར་ཡོད་དམ་མེད། ལགས།
རྩོམ་ཡིག་འདི་དྲ་བ་གང་ཞིག་ཏུ་ཟླ་ཤས་སྔོན་ལ་མཐོང་སོང་། དེ་རིང་འདེར་སླར་ཡང་དམིགས་བསལ་བསམ་ཚུལ་མེད། ཚིག་སྦྱོར་ཧ་ཅང་བཟང་གི་འདོད།
ཡར་འོངའ་ཕྱིར་་་་་་ འདི། ་་་་་ཡར་རྒྱས་འོངས་ཕྱིར་་་ ལ་བཅོས་ནས་ཀློགས་རོགས།
ཉིན་རེ་བསྡད་གི་ཇེ་བཟང་དང་། མཚན་རེ་བསྡད་གི་ཇེ་ཆེར་སོང་ཕྱིན་ང་ཚོང་དཔོན་རྒད་པོ་དེ་ལ་མི་དགའ་ཅི་ལ་དགའ། །
སྙན་ངག་འདི་སྔོན་ཆད་ཞིག་ལ་ཆང་ས་ཚང་རོལ་མྱོང་བྱེད་རྒྱུ་བྱུང་། སྙན་མོ་འདུག།
བརྩེ་དུང་གིས་ཕོངས་པའི་མི་ཞིག་མིན་ན་རྩོམ་ལ་སྐད་ཆ་བཤད་དགོས་མི་འདུག།