ནམ་མཁའ།
རྒྱུན་དུ་གཟའ་སྤེན་པའི་ཞོགས་ཟས་རོལ་རྗེས། རང་གིས་ཀློག་འདོད་ཡོད་པའི་དེབ་ཞིག་ཁྱེར་ཏེ་ཇ་ཁང་ཞིག་གི་ནང་དུ་ཁཱ་ཕཱེ་འཐུང་གི་འགྲོ་གི་ཡོད། འདི་ནི་ངའི་གོམས་གཤིས་ལྟ་བུ་ཞིག་གྱུར་འདུག་པ་མ་ཟད། ང་རང་ལ་མཚོན་ན་གཟའ་མཇུག་གི་ངལ་གསོ་ལྟ་བུ་ཞིག་ཀྱང་རེད། དེ་རིང་ཡང་ངས་དེབ་ཞིག་ཁྱེར་ནས་ཇ་ཁང་ཞིག་ཏུ་འགྲོ་འདོད་ཤིན་ཏུ་བྱུང་མོད། ཡིན་ཡང་གནམ་གཤིས་འདི་ནི་ཁ་སང་དེ་རིང་གི་བོད་མི་རྣམས་ཀྱི་སེམས་ཁོང་དུ་བཞུར་བཞིན་པའི་མིག་ཆུ་བཞིན་ཆར་ཤུགས་ཆེན་པོ་ཞིག་འབབ་ཀྱི་འདུག འོན་ཀྱང་ངན་གོམས་སུ་སོང་བའི་ཁཱ་ཕཱེ་འཐུང་འདོད་ཀྱི་སེམས་ཟློག་ཐུབ་ཀྱི་མི་འདུག་པས། ཆར་ཤུགས་ཆེན་པོའི་ནང་ཇ་ཁང་ཞིག་ཏུ་ཕྱིན་པ་ཡིན། ཕལ་ཆེར་ཞོགས་པའི་དུས་ཚོད་༡༡ཡས་མས་ཙམ་ཡིན་སྲིད།
ཇ་ཁང་དེའི་ནང་ལུང་པ་འདིའི་ཁྲིམས་ལུགས་ལྟར་ཐ་མག་འཐེན་མི་ཆོག གལ་སྲིད་ཐ་མག་འཐེན་མཁན་ཞིག་ཡིན་ཚེ་ཕྱི་ལོགས་སུ་སོང་ནས་འཐེན་གི་ཡོད། ང་རང་ཡང་ཐ་མག་འཐེན་མཁན་གྱི་གྲལ་ཡིན་པས་ཇ་ཁང་གི་ཕྱི་ལོགས་སུ་སོང་སྟེ། ཐ་མག་འཐེན་ཞོར་ཕྱི་རྒྱལ་མགོ་སེར་འགའ་དང་མཉམ་དུ་གླེང་མོལ་བྱེད་བཞིན་ཡོད། ང་ཚོའི་མདུན་ནས་ཤར་ཕྱོགས་ཀྱི་བུ་མོ་གཉིས་ང་ཚོ་འདུག་སའི་ཇ་ཁང་དེའི་ནང་ལ་ཕྱིན་སོང་། ཇ་ཁང་དེའི་ནང་ཅུང་ཟད་རྒྱ་ཆེན་པོ་ཞིག་ཡོད་པས་ཕྱི་རྒྱལ་ཁོང་ཚོའི་མི་རིགས་མང་པོ་དེར་ཁཱ་ཕཱེ་དང་ཟ་མ་ཟ་རུ་ཡོང་མཁན་མང་པོ་ཡོད། དེའི་ནང་གི་ལས་བྱེད་ཚོ་ཡང་ལོ་གཞོན་རྐྱང་ཡིན་ལ། ཁོང་ཚོའི་རྣམ་འགྱུར་ཡང་སྣང་པ་སྐྱིད་པའི་འཛུམ་མདངས་ཀྱིས་ཁེངས་ཡོད། ཤར་ཕྱོགས་ཀྱི་བུ་མོ་དེ་གཉིས་ང་རང་འདུག་སའི་མདུན་ཅོག་དེའི་ཐག་ཉེ་རུ་བསྡད་སོང་།
ངའི་མདུན་ཅོག་ཐོག་ན་ངས་ཀློག་བཞིན་པའི་རྡུལ་ཕྲན་གཅིག་ཁོ་ནའི་སྟེང་གི་འཇིག་རྟེན་ཟེར་བའི་དེབ་དེའི་ཀློག་མཚམས་སུ་རྟགས་ཞིག་བརྒྱབ་སྟེ་བཞག་ཡོད། དེབ་དེའི་མདུན་ཤོག་ངོས་སུ་སྐུ་མདུན་གྱི་པར་ཞིག་ཡོད་པ་དེར་བུ་མོ་ཞིག་གིས་ཡག་པོ་ལྟ་གི་འདུག་པ་ངས་མཐོང་སོང་། མ་ཟད་མོ་རང་གི་ལག་ཏུ་བཟུང་ཡོད་པའི་དེབ་དེ་དང་བསྡུར་ནས་བལྟ་གི་འདུག་པས་ངའི་སེམས་ནང་ཁོ་རང་གཉིས་བོད་པའི་བུ་མོ་གཉིས་མིན་ནམ་སྙམ། ངས་ཀྱང་ཐ་མག་འཐེན་ཚར་ནས་ཡང་བསྐྱར་ཇ་ཁང་ནང་འཛུལ་ཏེ། ང་འདུག་སའི་རྐུབ་རྐྱག་དེར་བསྡད་པ་ཡིན། ངས་ཁོ་གཉིས་ལ་ལྟ་ཙམ་ཞིག་ལས་གང་ནས་ཡིན་མིན་འདྲི་འདོད་བྱུང་མ་སོང་། རྒྱུ་མཚན་ནི་ཁོང་གཉིས་ཀྱིས་རྒྱ་སྐད་བཤད་ཀྱི་འདུག་པས་ཕར་སྐད་ཆ་བཤད་འདོད་ཀྱི་འདུན་པ་དེ་ཡལ་སོང་། ངས་མུ་མཐུད་ནས་ཀློག་བཞིན་པའི་དེབ་དེ་བཀླགས་པ་ཡིན། ཡིན་ཡང་ངའི་སེམས་སུ་ཁོ་གཉིས་ཀྱིས་ག་རེ་གླེང་གི་ཡོད་པ་ཉན་འདོད་བྱུང་།
ཁོ་རང་གཉིས་ཀྱིས་ཀྱང་རྒྱ་སྐད་ཀྱིས་ས་འདིའི་གནམ་གཤིས་སྐོར་གླེང་གི་འདུག རྒྱུ་མཚན་ཕལ་ཆེར་བུ་མོ་གཅིག་ཉིན་འགའི་རྗེས་ས་གནས་གཞན་ཞིག་ལ་འགྲོ་དགོས་བ་འདྲ་བས་གནམ་གཤིས་ཡག་པོ་ཞིག་བྱུང་ཚེ། ས་འདིའི་ཡུལ་ལྗོངས་ལ་ལྟ་སྐོར་སྐྱིད་པོ་ཞིག་བྱེད་འདོད་པ་ཤེས་སོང་། གང་མཚམས་ཞིག་ནས་བུ་མོ་གཅིག་གིས་ཕྲན་ལ་ཁྱེད་རང་ལུང་པ་གང་ནས་ཡིན་ཟེར་ནས་ང་རང་འདུག་སའི་ལུང་པ་འདིའི་སྐད་ཀྱིས་དྲིས་སོང་། ངས་ཀྱང་དྲང་མོ་ང་རང་བོད་ནས་ཡོང་པ་ཡིན་ཞེས་ལན་བཏབ་པ་ཡིན། བུ་མོ་དེས་མུ་མཐུད་ནས་ལུང་པ་འདིར་སླེབས་ནས་དུས་ཡུན་ག་ཚོད་ཞིག་ཕྱིན་སོང་ཟེར་ནས་དྲི་བ་གཉིས་པ་དེ་བཀོད་སོང་། ངས་དྲང་མོ་ལོ་ག་ཚོད་ཞིག་འགོར་མིན་གསལ་བོ་བཤད།
དེ་ནས་མོ་རང་གི་གྲོགས་མོ་དེས་ཁྱེད་རང་གིས་རྒྱ་སྐད་ཤེས་ཀྱི་ཡོད་དམ་ཟེར། ངས་ཀྱང་རྒྱ་སྐད་ཀྱིས་ཐེབས་ཆགས་ཞིག་ཤེས་ཀྱི་ཡོད་ལབ་དུས་མོ་རང་གི་གདོང་ལ་འཛུམ་མདངས་ཀྱིས་ཁེངས་སོང་། དེ་ནས་མོས་ཁྱེད་རང་བོད་ལུང་པ་གང་ནས་ཡིན་ཟེར། ང་རང་ཕ་ཡུལ་གང་ནས་ཡིན་མིན་གསལ་བོ་བཤད་རྗེས། བུ་མོ་དེས་ཁྱེད་རང་གི་ལུང་པ་ལ་ད་ལོ་དབྱར་ཁ་ང་རང་ཕྱིན་པ་ཡིན་ཟེར། དེ་ནས་ད་གཟོད་ང་རང་རྒྱ་མིའི་བུ་མོ་དེ་གཉིས་ལ་སྐད་ཆ་བཤད་འདོད་ཀྱི་འདུན་པ་ཞིག་སྐྱེས་སོང་། ང་རང་གིས་རྒྱ་སྐད་ཁུངས་འཁྱོལ་བ་ཞིག་བཤད་ཤེས་ཀྱི་མེད་དུས། ངའི་ལག་པའི་རྣམ་འགྱུར་དང་ཁ་གཉིས་ཀ་ཟུང་འབྲེལ་གྱིས་བཤད་དུས་མོ་རང་ཅུང་ཟད་གད་མོ་ཤོར་གྱི་འདུག མོས་ང་ལ་ཁྱེད་ཀྱི་རྒྱ་སྐད་ཀྱི་གདངས་དེ་ཕྱི་རྒྱལ་མགོ་སེར་ཞིག་གིས་རྒྱ་སྐད་བཤད་ཀྱི་ཡོད་པ་གཅིག་མཚུངས་རེད་ཟེར་བས་ང་རང་ཡང་ཅུང་ཟད་ངོ་ཚ་བོ་བྱུང་། བདེན་པ་རེད། ངས་སྐད་རིགས་གཞན་ཞིག་བཤད་དུས། ནམ་རྒྱུན་ལུས་ཀྱིས་རྣམ་འགྱུར་དང་ཁ་གཉིས་ཀས་བཤད་ཀྱི་ཡོད་པ་ང་རང་གིས་སྐབས་རེ་ཚོར་གྱི་འདུག དེ་ནི་སྐད་རིགས་གཉིས་པ་དེ་ངས་ཡག་པོ་ཞིག་བཤད་ཐུབ་ཀྱི་མེད་པའི་རྟགས་ཞིག་རེད།
གང་ལྟར་ཀྱང་དེ་རིང་ངས་རྒྱ་མིའི་བུ་མོ་འདིའི་མཉམ་དུ་ཕ་ཡུལ་གྱི་གནས་ཚུལ་ཞིག་གླེང་འདོད་བྱུང་ལ། མོ་རང་གི་བསམ་ཚུལ་དེ་ཡང་བོད་ཀྱི་སྐོར་ལ་ག་འདྲ་ཞིག་ཡོད་མེད་ཤེས་འདོད་བྱུང་། ངས་ཀྱང་གོ་སྐབས་དེ་བཟུང་ནས་ངའི་ཕ་ཡུལ་གྱི་གནས་ཚུལ་དང་འགྱུར་ལྡོག་སོགས་དྲིས་པ་ཡིན། ང་རང་གིས་རྒྱ་མོ་དེར་ང་རང་ཕ་ཡུལ་དུ་མ་ཕྱིན་པར་ལོ་ཅུང་ཟད་འགོར་ཡོད། དེས་རྐྱེན་ཕ་ཡུལ་གྱི་འགྱུར་ལྡོག་གསལ་བོ་ཞིག་ཤེས་ཀྱི་མེད་ལབ་དུས། རྗེས་ནས་མོ་རང་གི་ལག་ཏུ་བཟུང་ཡོད་པའི་དེབ་དེ་ཕྲན་ལ་བསྟན་སོང་། དེབ་དེ་ནི་༧གོང་ས༧མཆོག་གིས་ཕྱག་བྲིས་གནང་བའི་སྐུ་མདུན་རང་གི་མཛད་རྣམ་༼བཙན་བྱོལ་ནང་གི་རང་དབང་༽ཟེར་བ་དེ་རེད། དེབ་དེ་རྒྱ་ཡིག་ཐོག་ཐེ་ཝན་ནས་པར་སྐྲུན་བྱས་བ་ཞིག་རེད་འདུག མོས་ང་རང་ལ་མོའི་གྲོགས་མོ་དེར་མཛུབ་མོ་བསྟན་ནས་མོས་ང་ལ་ལག་རྟགས་སྤྲད་པ་རེད་ཟེར།
ངས་བུ་མོ་དེར་ཁྱེད་རང་ལུང་པ་གང་དུ་བསྡད་ཀྱི་ཡོད་ཅེས་དྲིས་པའི་ཚེ། མོ་རང་གིས་ང་རང་པེ་ཅིན་གྱི་སློབ་གྲྭ་ཞིག་གི་དགེ་རྒན་ཡིན་ཟེར། དེ་ཡིན་ན་ད་ཐེངས་ཁྱེད་འདིར་སྤྲོ་འཆམ་ལ་ཡོང་པ་ཡིན་ནམ་ཅེས་ངས་ཡང་བསྐྱར་དྲི་བ་ཞིག་བཏང་པ་ཡིན། པེ་ཅིན་གྱི་སློབ་དགེ་བུ་མོ་དེས་ང་རང་སྤྲོ་འཆམ་ལ་ཡོང་བ་མིན། ང་ཚོ་མི་སྐོར་ཞིག་ལུང་པ་འདི་དང་ཤེས་རིག་བརྗེ་ལེན་གྱི་ཉམས་མྱོང་ལེན་ཆེད་འདིར་ཡོང་པ་ཡིན། ད་ཐེངས་འདིའི་གོ་སྐབས་དང་བསྟུན་ཏེ། མོའི་མཉམ་དུ་ཡོད་པའི་བུ་མོ་དེ་བསྟན་ནས་མོ་རང་ལ་ཐུག་འཕྲད་ཞིག་བྱས་བ་ཡིན། མོ་རང་ངའི་ཚ་མོ་རེད། མོ་དེང་སང་རྒྱ་ནང་ལ་ལོག་ཐུབ་ཀྱི་ཡོད་པ་མ་རེད་ཟེར།མོ་དང་པོ་འདིར་སློབ་སྦྱོང་ལ་ཡོང་པ་རེད། ཡིན་ཡང་མོས་འདིར་སློབ་སྦྱོང་བྱེད་ཞོར་རྩོམ་ཡིག་ཁ་ཤས་ཞིག་སྤེལ་བས་དེ་དང་རྐྱེན་བྱས་ཏེ་ཕྱིར་རྒྱ་ནང་ལ་ཡོང་གི་མ་བཅུགས་པ་རེད་ཟེར།
སློབ་དགེ་བུ་མོ་དེས་མོའི་ཚ་མོ་ངོ་སྤྲོད་ཐུང་ངུ་བྱས་ཚར་དུས། ངས་བསམ་བཞིན་བུ་མོ་དེའི་གདོང་པ་ལ་གསལ་བོ་ཞིག་བལྟས་པ་ཡིན། ནུབ་ཕྱོགས་སུ་བསྡད་ཡོད་པའི་བུ་མོ་དེས་དབུགས་རིང་གཏོང་ཞོར་སྒེའུ་ཁུང་ཕྱི་ལོགས་སུ་བལྟས་སོང་། ད་རུང་ཡང་གནམ་གཤིས་ནི་སྔར་ལྟར་ཆར་བ་ཤག་ཤག་ཏུ་འབབ་ཀྱིན་འདུག བུ་མོ་དེའི་གདོང་པ་ན་ཅུང་ཟད་སྐྱོ་སྣང་ཞིག་ཡོད་པ་ཤེས་སོང་། མི་སུ་ཡིན་རུང་རང་གི་ཕ་ཡུལ་དུ་འགྲོ་འདོད་ཀྱང་འགྲོ་དབང་མེད་པར་གྱུར་དུས། སེམས་སུ་སྡུག་བསྔལ་ག་ཚོད་ཅིག་ཡོད་པ་ང་རང་གི་ཉམས་མྱོང་ལས་ཤེས་ཡོད། ལུང་པ་འདིར་ཡོད་པའི་བུ་མོ་དེའི་མིག་མཐར་མཆི་མ་ཅུང་ཟད་འཁྱིལ་འདུག་པ་མ་ཟད། བུ་མོ་དེའི་མགྲིན་པ་ཅུང་བརྣངས་ཞོར་ང་ལ་ང་རང་ངའི་ཨ་ཕ་ལ་ཐུག་འཕྲད་ཀྱི་སྐལ་བ་བྱུང་མ་སོང་། སྔོན་ལོ་ངའི་ཨ་ཕ་ཚེ་ལས་འདས་སོང་ཟེར། སྐད་ཆ་འདི་ཐོས་མ་ཐག་ངའི་སེམས་སུ་རྔམས་སྐྲག་ཞིག་རང་བཞིན་གྱིས་སླེབས་སོང་། ང་རང་ཡང་ད་རུང་ལོ་ཤས་རིང་ཕ་ཡུལ་དུ་འགྲོ་མ་ཐུབ་ཚེ་ངའི་ཕ་མ་གཉིས་ཀྱང་ལོ་རྒན་རྒོན་ཡིན་པས་ངའི་མགོ་ཐོག་ལ་ཡང་སྡུག་བསྔལ་འདི་ཡོང་རྒྱུ་ཡིན་པ་ཐེ་ཚོམ་ག་ལ་ཡོད་བསམ་ནས་སེམས་སུ་སྐྱོ་སྣང་ཞིག་བྱུང་།
ཡིན་ཡང་ངས་བུ་མོ་དེར་སེམས་གསོ་ལྟ་བུ་ཞིག་བྱེད་འདོད་ཀྱང་ཅི་ལྟར་སྐད་ཆའི་འགོ་གང་ནས་འཛུགས་དགོས་བ་ཤེས་ཀྱི་མི་འདུག གང་ལྟར་བུ་མོ་དེར་སེམས་གསོའི་ཚིག་ཞིག་བཤད་འདོད་བྱུང་། ངས་འདི་ལྟར་འགོ་བཙུགས་པ་ཡིན། རེད་རེད། གུང་ཁྲན་ཏང་གི་སྲིད་ཇུས་ལ་འགྱུར་བ་ཞིག་མ་སོང་ཚེ། ཁྱེད་རང་ལྟ་བུ་རྒྱ་མི་རིགས་ཀྱི་ནང་ན་ཡང་སྡུག་བསྔལ་འདི་འདྲ་མགོ་ཐོག་ལ་སླེབས་པ་ག་ཚོད་མང་པོ་ཞིག་ ཡོད་པ་རེད། ང་ཚོ་བོད་མི་རིགས་ནི་དེ་བས་ཀྱང་དཀའ་ལས་ཁག་པོ་རེད། གང་ལྟར་སེམས་ཁྲལ་མ་བྱེད་ཁྱེད་རང་ཨ་ཕ་ལ་ཐུག་འདོད་མེད་པར་གནས་ཚུལ་འདི་བྱུང་བ་ཞིག་མ་རེད། ཁྱེད་རང་ལ་རང་དབང་མེད་པས་རྐྱེན་བྱས་ཏེ་བྱུང་བ་ཞིག་རེད། ཁྱེད་ཀྱི་ཨ་ཕས་ཀྱང་དེའི་སྐོར་གསལ་བོ་ཤེས་ཡོད་ངེས་རེད་ལབ་པ་ཡིན། བུ་མོ་དེས་ཀྱང་རེད་བདེན་པ་རེད། ཨ་ཕས་ཤེས་ཡོད་པ་རེད་ཟེར།
ངོ་མ་ང་རང་ཆུང་ཆུང་སྐབས་བོད་ན་ཡོད་དུས་སྐད་ཆ་འདི་འདྲ་ཞིག་ཐོས་མྱོང་ཡོད། མི་ཚང་ཞིག་ལ་མྱ་ངན་ལ་འགྲོ་དུས་སེམས་གསོའི་སྐད་ཆ་བཤད་ཡ་ལྟ་བུའི་དཀའ་ལས་ཁག་པོ་ཞིག་མེད་ཟེར་བ་དེ་བདེན་པ་རེད་བསམ་སོང་། ད་ནི་གང་ལྟར་ཀྱང་རྒྱ་རིགས་བུ་མོ་འདི་གཉིས་ཀྱིས་བོད་ཐོག་ལ་འཛིན་པའི་བསམ་ཚུལ་ཞིག་ཤེས་འདོད་ཡོད་པས་པེ་ཅིན་སློབ་དགེ་བུ་མོ་དེར་དྲི་བ་འགའ་འདྲི་འདོད་བྱུང་སྟེ་དྲིས་པ་ཡིན།
པེ་ཅིན་གྱི་སློབ་དགེ་བུ་མོས་གང་ཞིག་བཤད་པ་དྲ་གྲོགས་ཡོངས་ཀྱིས་གསན་པའི་རེ་བ་ཡོད།
ངས་མོ་ལ་ཁྱེད་རང་བོད་ནང་གི་ས་ཆ་གང་དག་ལ་སོང་བ་ཡིན་ཅེས་དྲི་བའི་འགོ་བཙུགས་པ་ཡིན། པེ་ཅིན་གྱི་བུ་མོ་དེས་མོ་རང་གི་ལག་ཏུ་བཟུང་ཡོད་པའི་དེབ་༼བཙན་བྱོལ་ནང་གི་རང་དབང་༽ ཟེར་བའི་མདུན་ཤོག་གི་སྐུ་མདུན་གྱི་པར་དེ་ཡང་བསྐྱར་གསལ་བོ་ཞིག་ལྟ་ཞོར་འདི་ལྟར་འགོ་བརྩམས་སོང་། པེ་ཅིན་ན་ང་རང་ལ་བོད་པའི་བུ་གྲོགས་པོ་ཡག་པོ་ཞིག་ཡོད། ངས་དུས་རྒྱུན་ཏུ་བོད་པའི་གྲོགས་པོ་དེ་ལ།ང་རང་བོད་ལ་ལྟ་སྐོར་ཞིག་ཏུ་འགྲོ་འདོད་ཡོད་པས་ཁྱེད་ཀྱིས་གུས་མོར་བོད་ལུང་པ་ནས་ངོ་ཤེས་བུ་མོ་རྒྱ་སྐད་ཤེས་མཁན་ཞིག་ངོ་སྤྲོད་བྱེད་རོགས་ཅེས་རྒྱུན་ཏུ་བཤད་ཀྱི་ཡོད། ཉིན་གཅིག་ང་ལ་ཁ་པར་སླེབས་ནས་ད་ལོ་དབྱར་ཁ་བོད་ལ་འགྲོ་བའི་དུས་ཚོད་ཡོད་ན་ངོ་ཤེས་བུ་མོ་ཞིག་ལ་ངོ་སྤྲོད་བྱེད་ཆོག་ཟེར། ང་རང་གིས་ལོ་ཤས་ཞིག་ནས་རེ་སྒུག་བྱས་བའི་ཉིན་མོ་ད་ཐེངས་འགྲུབ་སོང་བསམ་ནས་དགའ་སོང་། ངས་ཀྱང་གྲོགས་པོ་དེར་ད་ལོ་དབྱར་ཁའི་སློབ་གྲྭའི་གུང་སེང་སྐབས་འགྲོ་གི་ཡིན་ལབ། སློབ་གྲྭའི་གུང་སེང་ཡང་ཐོན་ལ་ཉེ་བས་ངས་གྲ་སྒྲིག་ཅུང་ཟད་བྱེད་དགོས་ཀྱི་རེད།
བོད་དང་པེ་ཅིན་བར་གནམ་གཤིས་ཀྱི་ཁྱད་པར་ཆེན་པོ་ཡོད། ཉིན་འགའི་རྗེས་སུ་ངའི་གྲོགས་པོ་དེ་དང་མཉམ་དུ་ཐུག་འཕྲད་ཞིག་བྱས་བ་ཡིན། ཁོས་གུས་མོར་ངོ་སྤྲོད་བྱས་བའི་བུ་མོ་དེའི་འདྲ་པར་ཞིག་ཁྱེར་ནས་སླེབས་འདུག ཁོས་བུ་མོ་དེ་འདྲ་པར་ཐོག་ནས་ང་ལ་ངོ་སྤྲོད་ཐུང་ངུ་ཞིག་བྱས་སོང་། མོ་རང་བོད་ནང་གི་སློབ་ཆེན་གྱི་དགེ་རྒན་ཞིག་རེད། མོ་རང་ཡང་ངའི་ལས་རིགས་དང་གཅིག་པ་ཡིན་སྟབས་ལྷག་ཏུ་དགའ་སོང་། ངའི་གྲོགས་པོ་དེས་ང་ལ་ཁྱེད་རང་མེ་འཁོར་ནང་འགྲོ་གི་ཡིན་ནམ་གནམ་གྲུ་ནང་འགྲོ་གི་ཡིན་ཟེར། ངས་གནམ་གྲུ་ནང་འགྲོ་གི་ཡིན་ཁ་སྔོན་ཁ་པར་སླེབས་པ་ནས་ངས་གནམ་གྲུའི་འཛིན་བྱང་མངགས་ཚར་ལབ་པ་ཡིན། དེ་ཡིན་ན་ངས་མོ་ལ་ད་ལྟ་རང་་ཁ་པར་བཏང་ནས་ཁྱེད་རང་ལེན་གི་ཟི་ལིང་གནམ་ཐང་ལ་ཤོག་ལབ་ཆོག་ཟེར། དེ་མ་ཐག་ཁོས་ཁ་པར་བཏང་ནས་མོ་མངག་བཅོལ་བྱས་ཞོར་ངས་ཀྱང་མོའི་མཉམ་དུ་སྐད་ཆ་ཚིག་འགའ་བཤད་པ་ཡིན། མོ་རང་གི་རྒྱ་སྐད་ཀྱི་གདངས་དེ་ཅུང་ཟད་ཟི་ལིང་གི་རྒྱ་སྐད་གདངས་ཤུགས་ཆེན་པོ་ཞིག་རེད། ཡིན་ཡང་ངེད་གཉིས་ཀྱིས་གོ་བརྡ་འཕྲོད་མིན་ལ་ང་རང་སེམས་ཁྲལ་མི་དགོས་བ་ཤེས་སོང་།
པེ་ཅིན་གྱི་སློབ་དགེ་བུ་མོ་དེས་མུ་མཐུད་ནས་བཤད་རྒྱུར། ང་རང་པེ་ཅིན་ནས་གནམ་གྲུ་བསྡད་ནས་ཟི་ལིང་ལ་སོང་བ་ཡིན། གནམ་གྲུའི་ནང་ཞོགས་ཇ་ལྟ་བུ་ཕྲན་བུ་ཞིག་སྤྲད་ཀྱི་འདུག ཟ་མའི་འགྱིག་ཤོག་ཐོག་ན་༼ཆིན་ཁྲིན༽ཟེར་བའི་ཡི་གེ་དེ་གཉིས་བྲིས་འདུག་པས་ང་རང་ཧ་ལས་སོང་། ང་རང་བོད་ཀྱི་ས་ཐོག་ལ་འགྲོ་གི་ཡོད་པ་ལས་ཁ་ཆེ་ལུང་པ་ལ་འགྲོ་གི་མེད་བསམ། ཡིན་ཡང་ཡི་གེ་འདི་གཉིས་ཀྱིས་གུས་མོའི་སེམས་སུ་བཞག་པའི་ཚོར་བ་ནི། བོད་ཀྱི་གྲོང་ཁྱེར་ཟི་ལིང་མཁར་ན་བོད་པ་ལས་ཁ་ཆེ་དང་མི་རིགས་གཞན་མང་པོ་ཡོད་པ་གསལ་བོ་ཤེས་སོང་བ་དེ་རེད། འདི་འདྲའི་བསམ་གཞིགས་ཀྱི་ནང་ལྷུང་བའི་སྐབས་ཙམ་ཞིག་ལ་ཟི་ལིང་གི་གནམ་ཐང་ལ་ཡང་འབྱོར་འདུག ངས་རང་གི་ཅ་དངོས་དག་བླངས་ཏེ་ཕྱི་ལོགས་སུ་འགྲོ་བའི་སྐབས། སྣེ་ཤེན་པ་བོད་ཀྱི་བུ་མོ་དེས་ངའི་མིང་ཤོག་ངོས་སུ་བྲིས་ཏེ་བཟུང་ནས་གུས་མོར་སྒུག་བསྡད་འདུག ངས་མོ་རང་གི་པར་སྔོན་མཐོང་མྱོང་སྟབས། མོ་མཐོང་མ་ཐག་ངོ་ཤེས་སོང་།
ངས་མོའི་མིང་གིས་བོས་ཏེ་འཚམས་འདྲི་དང་མཉམ་དུ་ཁྱེད་ཀྱི་མགྲོན་པོ་དེ་ང་ཡིན་ལབ་དུས། བོད་པའི་བུ་མོ་དེའི་ལག་ནས་ཁ་བཏགས་དཀར་བོ་ཞིག་བཏོན་སྟེ། ངའི་སྐེ་ལ་སྐོན་ཞོར་བོད་ལུང་པ་ལ་ལྟ་སྐོར་དུ་ཕེབས་པར་དགའ་བསུ་ཡོད་ཅེས་ཡིད་དབང་འཕྲོག་པའི་འཛུམ་མདངས་ཀྱིས་བསུས་སོང་། ངས་སྔོན་མ་པེ་ཅིན་ནས་བོད་དང་སོག་པོའི་ཚོང་ཁང་སོགས་ནས་ཁ་བཏགས་མང་པོ་མཐོང་མྱོངས་ཀྱང་དོ་སྣང་རྩ་བ་ནས་བྱས་མེད། དེ་རིང་ང་རང་བོད་ལུང་པ་ལ་སླེབས་པ་ཡང་ཐོག་མ་ཡིན་ལ། བོད་པའི་བུ་མོ་ཞིག་གིས་ཁ་བཏགས་བཟུང་སྟེ་མགྲོན་བསུ་བྱས་བ་ཡང་ངའི་མི་ཚེ་ནང་གི་ཐོག་མ་ཡིན་པས། ངའི་སེམས་སུ་དགའ་སྣང་དང་སྐྱོ་སྣང་འདྲེས་མ་ཞིག་གིས་ཁེངས་སོང་ཟེར།
མཚམས་འདིར་ངས་ཀྱང་པེ་ཅིན་བུ་མོ་དེའི་གདོང་ལ་གསལ་བོ་ཞིག་ལྟ་འདོད་ཤུགས་ཆེན་བྱུང་། མོའི་གྱོན་ཡོད་པའི་མིག་ཤེལ་དཀར་བོ་དེའི་འོག་ཏུ་འོད་དང་འདྲེས་བའི་མཆི་མ་ཞིག་འཁྱིལ་འདུག ཕར་བལྟས་ཚོད་ཀྱིས་ཟླ་ཤས་སྔོན་གྱི་ཟི་ལིང་གནམ་ཐང་གི་ཚོར་སྣང་ཡང་། དེ་རིང་གསར་བ་སྐྱེས་བ་ལྟ་བུ་ལོས་ཡིན་སྙམ་པའི་ཚོར་བ་ཞིག་ཕྲན་ལ་སྤྲད་སོང་། པེ་ཅིན་བུ་མོ་འདི་མཛེས་མ་ཞིག་རེད་སྙམ་པའི་ཚོར་སྣང་ཕོ་གསར་མང་པོ་ཞིག་ལ་སྤྲད་དཀའ་ན་ཡང་། མོའི་སྐད་ཆའི་གདངས་དང་གཤིས་ཀ་འཇམ་པོ་དེས་བུ་མང་པོ་ཞིག་གི་ཡིད་དབང་འགུགས་ཐུབ།
སྤྱིར་རྒྱ་རིགས་ཚོས་སྐད་ཆ་བཤད་དུས་འོན་ལྐུགས་མང་པོས་ཁ་བརྡ་བྱེད་པ་བཞིན་སྐད་གསེང་མཐོན་པོ་ཡིན། ཡིན་ཡང་པེ་ཅིན་བུ་མོ་འདིའི་སྐད་གདངས་དམའ་ལ་ངག་འཇམ་པོས་གླེང་མོལ་བྱེད་ཀྱི་འདུག མོའི་སེམས་སུ་ད་རུང་ཡང་ཚོར་བ་གང་ཞིག་གིས་དགའ་སྐྱོ་གང་བསླངས་ཡོད་པ་ངས་མི་ཤེས་ཀྱང་། འོན་ཀྱང་མོའི་མགྲིན་པ་བརྣངས་ཞོར་བཤད་པའི་སྐད་ཆ་མཚམས་བཞག་སྟེ། མགོ་བོ་ཅུང་ཟད་ཡར་དགྱེས་ནས་ཇ་ཁང་ནང་གི་གཡས་གཡོན་གྱི་མགྲོན་པོ་ཚོར་ཅིག་བལྟས་སོང་། ཕལ་ཆེར་མོ་རང་གི་སེམས་ཀྱི་དགའ་སྐྱོ་འདྲེས་མའི་ཚོར་སྣང་དེ་གཞན་གྱིས་ཀྱང་ཚོར་ཨེ་ཡོད་སྙམ་པའི་དོགས་པ་བྱུང་ཡོད་ས་རེད་བསམ་སོང་། ངས་ཞོར་དུ་མོ་རང་གི་ཚ་མོ་དེར་ག་ལེར་བལྟས་པ་ཡིན། ཚ་མོ་དེས་མགོ་བོ་སྒུར་ནས་གཟའ་སྤེན་པའི་གསར་ཤོག་ཞིག་ཀློག་བཞིན་གྲགས་འགུལ་ཅི་ཡང་མེད་པར་འདུག
པེ་ཅིན་བུ་མོ་དེས་མུ་མཐུད་ནས་འདི་ལྟར་བཤད་སོང་། ང་རང་གནམ་ཐང་ཕྱི་ལོགས་སུ་ཐོན་ཚར་དུས། གུས་མོའི་སེམས་སུ་ངའི་མགོ་ནས་ཞྭ་མོ་ལྗིད་ཁོག་ཆེན་པོ་ཅན་ཞིག་གློ་བུར་དུ་ཕུད་པ་འདྲ་བའི་ཚོར་སྣང་ཞིག་བྱུང་། དེ་ནི་ནམ་མཁའ་སྔོ་ཞིང་དྭངས་ལ་སྤྲིན་དཀར་གྱི་ཕོན་པོ་དུམ་བུ་དུམ་བུས་ང་རང་བསུ་བ་བྱེད་ཀྱི་ཡོད་པ་ལྟ་བུའི་ཚོར་སྣང་ཞིག་སྐྱེས་སོང་། རྒྱུ་མཚན་ནི་པེ་ཅིན་ནས་དུས་གང་ཞིག་ཡིན་ན་ཡང་ནམ་མཁའ་དྭངས་བའི་སྤྲིན་དཀར་ཞིག་མཐོང་བར་ཧ་ཅང་དཀའ། ནམ་ཡིན་ཡང་དུད་སྨུག་ཞིག་གི་དཀྱིལ་དུ་མི་རྣམས་འགུལ་བསྐྱོད་ལ་ཞུགས་ཡོད། ངའི་སྣེ་ཤེན་བུ་མོ་དེས་གླ་འཁོར་ཞིག་ཁྲིད་འདུག་པས་ངེད་གཉིས་ཀྱིས་གླེང་མོལ་ཕྲན་བུ་རེ་བྱས་ཞོར་ཟི་ལིང་གི་གྲོང་ཁྱེར་ནང་དུ་སོང་། ཟི་ལིང་གྲོང་ཁྱེར་ནི་གཞི་རྒྱ་ཆེན་པོ་ཞིག་མེད་ན་ཡང་། རླུང་འཁོར་དང་མི་ཚོགས་ཀྱིས་ཁེངས་ནས་བྲེལ་བྲེལ་ཟིང་ཟིང་ཞིག་ཡིན་པ་མ་ཟད། རྒྱ་རིགས་དང་ཁ་ཆེ་མི་རིགས་ཀྱིས་ཁེབས་འདུག་པས་བོད་ཀྱི་གྲོང་ཁྱེར་ཞིག་རེད་ཟེར་ན་སུས་ཡིད་ཆེས་བྱེད་ཐུབ་བམ།
སྔོན་མ་གུས་མོས་སྐབས་རེ་དྲ་ཐོག་གི་རྩོམ་ཡིག་རེ་ཟུང་བཀླགས་དུས། བོད་ལུང་པ་ན་བོད་མི་རིགས་ལས་རྒྱ་མི་རིགས་མང་པོ་ཡོད་ཚུལ་ཕྱི་སྡོད་རྒྱ་རིགས་རྩོམ་པ་པོ་ཚོས་བཤད་པར་ཡིད་ཆེས་དེ་ཙམ་མེད།ཡིན་ཡང་དེ་རིང་ནི་རྩོམ་པ་པོ་ཚོས་བཤད་པའི་བདེན་དབང་ནི་མིག་མདུན་ན་གསལ་བས་ཐེ་ཚོམ་བྱེད་དགོས་དོན་མེད་ལ། སྔོན་མའི་བསམ་བློ་ལ་ཡང་གདུང་འགྱོད་ཆེན་པོ་ཞིག་བྱུང་། གང་ལྟར་ངེད་གཉིས་ཀྱིས་ཟི་ལིང་གི་གྲོང་ཁྱེར་ནང་ནས་མགྲོན་ཁང་ཞིག་གླས་ཏེ་བསྡད་པ་ཡིན། ངའི་སྣེ་ཤེན་པ་བུ་མོའི་དུས་ཚོད་ཀྱི་ཁོམ་ལོང་དང་། དེའི་རིང་ང་རང་ས་ཁུལ་གང་དག་ལ་འགྲོ་འདོད་སོགས་ངེད་གཉིས་ཀྱིས་འཆར་གཞི་ཞིག་བཏང་བ་ཡིན། མོ་རང་ལ་བདུན་ཕྲག་གཉིས་མ་ཟིན་ཙམ་ཞིག་རིང་ང་ལ་རོགས་པ་བྱེད་པའི་དུས་ཚོད་འདུག དེའི་རིང་ངས་བོད་ཡོངས་རྫོགས་སུ་ལྟ་སྐོར་བྱས་མི་ཚར་བ་གཏན་འཁེལ་རེད།
ཡིན་ཡང་མཚོ་སྔོན་ཕྱོགས་ཀྱི་ས་ཁུལ་འགའ་ལ་ལྟ་སྐོར་བྱེད་པའི་དུས་ཚོད་ཡོད་པས། ངས་ཐོག་མར་མཚོ་སྔོན་པོའི་འགྲམ་ལ་འགྲོ་འདོད་ཀྱི་འདུན་པ་ཐོག་མ་དེ་བཏོན་པ་ཡིན།
མུ་འགོད།
སྙན་པོ་ཞིག་བྲིས་བྱ། མུ་མཐུད་ནས་རྒྱ་མོ་དེ་གནས་ཚུལ་ངོ་མ་རེ་བཤད་ཐུབ་པའི་སྐུལ་མ་བཏང་ན་ཡག་ག མུ་མཐུད་དུ་ཀློག་འདོད་བྱུང་།
ཆ་ཚང་བཀླགས་ཡོད།ཡུལ་སྐོར་ཟིན་ཐོ་སྙན་མོ་འདུག ཡིན་ཡང་རྩོམ་བྱང་གི་བརྗོད་བྱ་དངོས་ད་རུང་བཀོད་མེད་པ་འདྲ།
ཐུགས་རྗེ་ཆེ། ཡག་པོ་བྲིས་འདུག
བརྗོད་བྱའི་ཕྱོགས་ནས་ད་རུང་རྩོམ་བྱང་གི་དངོས་གཞི་བཀོད་མི་འདུག་མོད།ཡིན་ཡང་ངོ་མ་སྙན་མོ་བྲིས་འདུག་པས་མུ་འགོད་བྱས་དང་ཀློག་གི་ཡིན།
ཡུལ་སྐོར་ཟིན་ཐོའི་གླེང་མོལ་སྙན་མོ་ཞིག་བྲིས་འདུག་པས་མུ་མཐུད་ནས་བཀོད་རོགས་ཞུ།ཀློག་འདོད་ཆ་ཚང་ཡོད།
གཞུག་གི་སྐད་ཆ་དག་ལ་ཧ་ཅང་གི་ཉན་འདོད་ཡོད། མུ་མཐུད་དུ།
རྩོམ་འདི་ཆ་ཚང་བཀླགས་ཟིན་པའི་རྗེས་མྱོང་ཚོར་ཅི་འདྲ་ཞིག་གིས་མདུན་དུ་སྒུག་ནས་བསྡད་ཡོད་ན་བསམ་བྱུང་།
དངོས་ནས་སྙན་པོ་ཞིག་བྲིས་འདུག རྒྱ་མོ་དེའི་དྲམ་གཏམ་བཤད་པར་སྒུག་ནས་ཡོད།
བཀླགས་ནས་སོང་ཡོད།
ནམ་རྒྱུན་ངས་ནམ་མཁའི་རྩོམ་མང་པོ་ཤར་རྒྱག་ཀློག་གི་ཡོད།ད་ཐེངས་ཅུང་རིང་པོ་ཡོད་སྟབས།ཀློག་འདོད་མེད་པར་ཐོག་མར་མཆན་ཚང་མ་བཀླགས་པ་ཡིན་པས་ཆ་ཚང་གིས་སྙན་མོ་འདུག་མཇུག་གི་སྐད་ཆ་ལ་ཉན་འདོད་ཡོད་ཟེར་བས་ངས་ཀྱང་ཆ་ཚང་མགོ་ནས་ཀློག་པ་ཡིན་པས་ངོ་མ་སྙན་མོ་འདུག་ལ་མཇུག་གི་སྐད་ཆ་ལ་ཡང་ཉན་འདོད་ཡང་བྱུང་སོང་བས་མུ་མཐུད་རོགས།
དྲ་གྲོགས་ཚོས་རྒྱབ་སྐྱོར་གནང་བ་ཐུགས་རྗེ་ཆེ།གང་མགྱོགས་ཀྱིས་མུ་འགོད་བྱེད་ངེས་ཡིན།
སྲལ་འི། གོ་རིམ་ལྡན་པ། ཚིག་སྦྱོར་བདེ་མོ། སྒྲུང་ལ་འདོགས་ར་མེད་པར། སེམས་ཚོར་རྣམས་གསོན་འབྲི་བྱས་འདུག་པའི་སྣང་བ་སྟེར་བའི་ཡིག་རྩ་ལ་གུས་ཞུ་ཡོད།
ངས་གསུམ་པ་དེ་སྔོན་ལ་ཀློག་རྗེས་འགོ་མ་འདི་བཙལ་བ་ཡིན། གོ་རིམ་བཞིན་ཡང་བསྐྱར་ཚར་གཅིག་ཀློག་དགོས་བྱུང་།
ང་རང་བོད་རིགས་ཤིག་མིན་རུང་རྩོམ་ཡིག་དེ་བཀླགས་ཏེ་མཇུག་སྡུད་སྐབས་ངའི་མིག་ཟུང་མཆི་མས་ལྟེམ་མེར་གང་འདུག་ལ་ང་རའི་བུ་མོ་ལོ་གསུམ་ཅན་གྱིས་མཐོང་སྟེ་ཨ་ཕ་ག་རེ་བྱས་སོང་ཟེར་དྲི་དུས་ང་རང་ཁ་སྐྱེངས་པ་ཞིག་བྱུང་སོང་། མུ་མཐུད་ནས་ཀློག་རྒྱུ་ཡིན།