Skip to content
  • མདུན་ངོས།
  • བསམ་ཚུལ།
  • འགྱུར་རྩོམ།
  • དཔྱད་རྩོམ།
  • གསར་འགྱུར།
  • བརྙན་ཐུང་།
  • རྩོམ་རིག
  • སྣ་ཚོགས།
  • ཁ་བརྡའི་དམིགས་ཡུལ།

གཡག་རྒན་གྱིས་ལྕི་བ་བཏང་འདྲའི་སྙན་ངག་ཐར་ཐོར།

Posted on 2013-01-112013-01-11 By ཡེ་ཤེས་ 33 Comments on གཡག་རྒན་གྱིས་ལྕི་བ་བཏང་འདྲའི་སྙན་ངག་ཐར་ཐོར།

ཀླུ་སྨྱོན།
ཆོས་སྐྱོང་ཞིག་ལ་རྩེད་མཚར་དུ།

གནའ་དུས་བླ་མ་ཆེ་གེ་མོ་ཡིས་མགོ་ལ་བཞག་པའི་རྡོ་རྗེ་དེ། །
དེ་རིང་ད་དུང་བཙའ་ཡིས་ཟིན་ཏེ་ལྗིད་ཁོག་དང་བཅས་ཁུར་ཡོད་ཚེ། །
ཚེ་འདིའི་འདོད་དོན་ཁྱོད་ཀྱིས་སྒྲུབས་དང་ང་ཡིས་རྟག་པར་ཁྱེད་ལ་མཆོད། །
མཆོད་གཏོར་རྩམ་པ་གསར་པ་ཡིན་ཏེ་བདག་གི་ཨ་མས་བསྐུར་པས་སོ། །

དེ་རིང་།
བྱེའུས་གནམ་ནས་མགོ་ཐོག་ཐད་ཀར་བྱེའུ་སྐྱག་བཏང་ཡང་ག་རེ་བྱེད། །
གྲོག་མས་ས་ནས་རྐང་མཛུབ་དག་ལ་སོ་རྒན་བཏབ་ཀྱང་ཡ་ང་མེད། །
གནམ་ངོ་སྐྱ་བོས་སེམས་པ་དྲུད་དེ་ན་ནིང་དབྱར་ཁའི་མཚོ་འགྲམ་བསླེབས། །
ད་ནི་ཉིན་ཐོ་འབྲི་བའི་ཤུགས་མེད་མགོ་བོ་བཏུམས་ནས་གཉིད་ན་ལེགས། །

གསང་བ།
ནམ་མཁའི་སྐར་མ་ངེད་གཉིས་མ་གཏོགས་སུ་དང་གང་གིས་མི་ཤེས་པས། །
སྐར་མས་བདག་ལ་ཁྲེལ་དགོད་བྱས་ཀྱང་འདི་ནི་གཞན་ལ་གསང་རོགས་མཛོད། །
ནམ་གུང་ཡིན་ཡང་ཉལ་སའི་ནང་ནས་ཧར་གྱིས་ལངས་ཏེ་མིག་འཕུར་ཞོར། །
ཁྱེད་ལ་སྙན་ངག་ཅི་ཙམ་དགོས་ཀྱང་བདག་གིས་གཉིད་ཞོར་འབྲི་ཆོག་གོ །

རྨི་ལམ་ནང་གི་མཛའ་མོ་དེར།
དྲན་པའི་ངོས་སུ་བག་ཆགས་རི་མོ་ག་ཚོད་བྲིས་མིན་གསལ་ཆ་མེད། །
མིག་གི་ངོས་སུ་ཆགས་སྲེད་མེ་ལྕེ་ག་ཚོད་འབར་བ་ཁྱེད་ལ་གསལ། །
ཁ་ཐག་རིང་པོས་མྱི་ང་གསོད་ཀྱང་བཅོས་མིན་སྙིང་གི་བརྩེ་བ་ཞིག །
ཁྱེད་ལ་མ་གཏོགས་མི་ལོ་དུ་མར་སུ་དང་གང་ལ་མ་སྤྲད་དོ། །
མགུར་བཞེངས་སྟངས།
མགུལ་བ་དཀྱོགས་ཏེ་མགུར་ཞིག་བཞེངས་པ་སུ་དང་གང་གིས་མ་ཐོས་པས། །
མིག་ཆུ་རྡོག་གཅིག་མཁའ་ལ་མཆོད་དེ་སྙིང་གི་ལྷ་མོར་གསོལ་བ་བཏབ། །
ལྷོ་ཕྱོགས་རྒྱ་མཚོའི་རྦ་རླབས་རེ་རེ་ཁྱེད་ཀྱི་པི་ཝང་རྒྱུད་སྐུད་རེ། །
ད་ནི་བདག་གི་ནམ་ཡང་ལངས་ཉེ་བྱ་ཕོས་སྐད་ཅོར་དྲག་ཏུ་རྒྱག །
བཟའ་ཟླ།
བཟའ་ཟླ་ཞེས་པ་བཟའ་རྒྱུ་ཡིན་པས་ཚ་སྒོག་གཡེར་གསུམ་མ་རྗེད་རོགས། །
བཟའ་ཟླ་ཞེས་པ་ཟླ་བ་ཡིན་པས་འོད་ཀྱི་མལ་སྟན་མ་རྙིང་རོགས། །
བཟའ་ཟླ་ཞེས་པ་སྙིང་ཤ་ཡིན་པས་དྲོད་ཀྱིས་ནམ་ཡང་མ་གཏོང་རོགས། །
བཟའ་ཟླར་ཕྲད་པའི་དགའ་བ་དེ་ཀོ་མཁའ་ཁྱབ་འགྲོ་བས་རྙེད་པར་ཤོག །

སྙན་ངག

Post navigation

Previous Post: སེམས་ཉམས་སུ་ལེན་པ།
Next Post: མིག་ཆུ། བློ་བཟང་ཡེ་ཤེས།

Comments (33) on “གཡག་རྒན་གྱིས་ལྕི་བ་བཏང་འདྲའི་སྙན་ངག་ཐར་ཐོར།”

  1. བསྟན་འཛིན་སྟོབས་ལྡན། says:
    2013-01-11 at 1:31 pm

    སྐྱོན་མི་འདུག

  2. སྤྲུལ་སྐུ་དབང་ཆེན། says:
    2013-01-11 at 1:44 pm

    མཛེས་སྒེག་ལང་ཚོའི་མཛེས་སྡུག་དཔལ་གྱི་དཔེ་གཞན་ས་སྟེང་རྙེད་མི་སྲིད།།
    སྲིད་གསུམ་འདིར་སྣང་སྲིད་ཞི་ལས་འདས་གངྒའི་བུ་མོའི་ཟོལ་ལ་ཆགས།།
    ཆགས་སྲེད་ཡིད་ཀྱང་ཆགས་མེད་སྐྱོན་བྲལ་སྨྲ་བ་ལེགས་བཤད་སྙན་པའི་ངག །
    ངག་དབང་ལྷ་མོས་ངག་འདི་སྩོལ་ཅིག་སྐྱེ་དགུའི་འཇིག་རྟེན་དཔལ་གྱིས་མཛེས།།

  3. རས་པ། says:
    2013-01-11 at 2:09 pm

    སྐུ་ཉིད་ནས་འདི་མགུར་དུ་བཞེངས་་པ་ཡིན་ནམ།

  4. ཁ་བ་འཚོ says:
    2013-01-11 at 2:50 pm

    གཡག་གི་ལྕི་བ་བཏང་བ་འདྲ་ཞིག་ཡིན་ན་ད་རུང་འགྲིག་གི ཁྱེད་ཀྱིས་ནམ་རྒྱུན་བོང་བུས་རྟི་ལུ་བཏང་བ་འདྲ་བ་དག་འབྲི་གི་ཡོད་།

  5. ངོ་ལུག says:
    2013-01-11 at 3:03 pm

    དམར་སེར་བཀླུབས་པའི་མཛེས་མའི་ལོ་ཟླ་ལ།
    སྙན་ངག་སྨྱུག་རྩེས་སྐྱོ་སངས་གླེང་བུ་འབུད།
    ནམ་གུང་སྐར་མའི་གསང་བ་སྙེགས་པའི་ཞོར།
    སྒེག་མོའི་ཞབས་རྗེས་ཡིད་ཀྱི་མཁའ་ནས་རྙེད།
    ཇི་ཚད་ཕྱི་ནས་བཙལ་ཀྱང་མ་རྙེད་མོད།
    དེ་ཚད་ནང་དུ་ལུད་པའི་ཚོར་བ་ཞིག
    ཡོད་ན་སྔར་བཞིན་མཛེས་མའི་ལག་ཆུང་ཟུང་།
    རྙིང་ལ་སྦྱོར་དང་རིག་པའི་ཆུ་མོ་རྡོལ།

  6. འཁྱམས་པོ says:
    2013-01-11 at 3:09 pm

    མཛེས་སྡུག་ཟེར་ནས་མཛེས་མ་འབའ་ཞིག་གླེང་བྱར་འཛིན་པ་དེང་རབས་སྤྲུལ་སྐུའི་རྟོགས་པར་སྲིད།།
    སྲིད་གསུམ་འཁོར་པ་སྲིད་པའི་སྡུག་བསྔལ་འཆད་ལ་མཁས་ཤིང་དོན་གྱིས་འདོད་པ་ཁོ་ནར་ཆགས།།
    ཆགས་པ་བྲལ་ཞེས་ཆགས་སྲེད་བུ་མོའི་སྟུ་དང་འདོད་པ་ལེགས་པར་བཤད་པ་སྙན་པའི་ངག།
    ངག་ནས་ཆུ་བཞིན་བཞུར་པ་གཞན་ལས་ཁྱད་དུ་འཕགས་པ་སྤྲུལ་སྐུ་ལས་ལ་ཇི་ལྟར་མཛེས།།

  7. འཁྱམས་པོ says:
    2013-01-11 at 3:14 pm

    སྤྲུལ་སྐུ—-ལ་འབྲེལ་སྒྲ་འི་སྦྱར་ནས་་་་་་སྤྲུལ་སྐུའི་ཞེས་ཀློག་རོགས།

  8. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2013-01-11 at 3:15 pm

    བཀླགས་ཟིན། ཆུ་བཞུར་བཞུར། མེ་འབར་འབར། སྙན་པོ་བྱུང་།

  9. ཀླུ་ཚང་། ཨ་འཕྲིན། says:
    2013-01-11 at 3:17 pm

    ཆོས་སྐྱོང་ཞིག་གིས་རྩེད་མཚར་གྱི་ལན་དུ།

    ཚེ་རབས་རྗེས་འཛིན་སྨོན་ལམ་དྲག་པོས་དྲོན་མོའི་ཕྱག་ཟུང་ཉེར་བསྐྱངས་ཏེ།
    གསང་མཚན་ལྷ་ཚོགས་རྡོ་རྗེའི་རྩེ་མོ་གཙུག་ཕུད་ཏོག་ཏུ་བཞག་ནས་ནི།
    འདུལ་འཛིན་དགེ་སྦྱོང་ཌོ་ལོར་མཛེས་མས་རང་སེམས་སླུ་བ་སྙིགས་མའི་དུས།
    རྩམ་སྐྱའི་སྡུག་ཡུས་འཕྲིན་དུ་བཅོལ་ཚེ་མ་འདུག་ལོག་ཤོག་ཡང་ཡང་གསུངས།

  10. བྱ་འཕུར་ལྷུན་གྲུབ་རྒྱ་མཚོ། says:
    2013-01-11 at 3:46 pm

    འདིར་ཡང་ཆོས་སྐྱོང་ཞིག་གི་སྐད་བསྐུར།

    མེ་སྒྱོགས་དམར་པོའི་དྲག་ཆར་ཀློང་ནས་འཇིགས་པའི་རང་སྒྲ་ཀློང་དུ་བསྡུས།།
    དད་པའི་མིག་འབུར་མཁའ་རུ་གཏད་རྣམས་རྗེས་སུ་བཞག་སྟེ་གཞན་དུ་བྲོས།།
    ད་ཆར་རང་མགོ་རང་གིས་མ་འཁྱོང་བསང་གསུར་བྲལ་བའི་ནམ་མཁའི་ངོཊ།།
    གསང་ཆེན་རྡོ་རྗེའི་དབང་ཆོག་ཙམ་ཡང་བསྐུར་ཡུལ་བྲལ་བའི་ཉལ་སར་ལྷུང་།།

  11. གནམ says:
    2013-01-11 at 8:22 pm

    འགྲོ་སྐྱག་དང་འདུག་སྐྱག། ཉལ་སྐྱག་དང་ལང་སྐྱག། སྐྱག་འཛར་དང་སྐྱག་བསྒྱིངས་། ཀུམ་སྐྱག་དང་རྙང་སྐྱག་སོགས་བཏང་བའི་རྣམ་པ་ཡོད་ཚད་པོ། ཐར་ཐོར་ཡིན་ནི་མ་རེད། ཨ་ཁུ་ཨེ།
    ཨ་ཁུ་སྔགས་ལམ་ཞིག་ན་རྒྱུག་གི་ཡོད་ས་རེད། དོན་དག་རྡོག་རྡོག་ཞིག་རུམ་རྒྱུ་མ་རྙེད་ཐལ།

  12. གནམ says:
    2013-01-11 at 8:29 pm

    ཨོ། མ་འགྲིག་ཟིག། གོ་རྒྱུ་ཞིག་ཡོད་ས་རེད། གོ་བ་དེ་ཡང་ཐར་ཐོར། དུམ་པུ་དུམ་པུ་བྱས་ནས་རྒྱག་དགོས་འི་ཡོད་ས་རེད།

  13. རྒད་པོ། says:
    2013-01-11 at 9:33 pm

    སྔ་དུས་བླ་མས་བཞག་པའི་སྲུང་མ་ཐང་ལ་བསྐྱུར།
    དེང་དུས་ངོ་མཚར་ཆེ་བའི་ཁ་པར་ལག་ལ་འཁུར།
    སྔ་དུས་འཕྲིན་བཅོལ་བླ་མར་ཡར་ཕུལ་ནས།
    གསང་བའི་འཕྲིན་བཅོལ་ཨེ་ཕོན་ (Iphone) ནང་ནས་བསྒྲགས།

  14. རེབ་སྐྱིད་མཚོ says:
    2013-01-11 at 10:52 pm

    ལེགས་བྱས་བཟོ་བོས་ངག་ནས་དྲང་པའི་ཀུན་འགའི་གཏམ་སྙན་མ་ཁྲོལ་ཡང།
    འཆད་པའི་ཟོལ་གྱི་གཡང་དུ་མཆོངས་པའི་ཟླ་བོའི་འོད་རླབས་ཟེགས་མ་ཞིག།
    ངམ་རོང་བྲག་ཆའི་སུལ་ལས་དྲང་པའི་བརྩོན་པ་དྲག་པོའི་འདོད་གསོལ་དེ།
    གཡག་རྒོད་ལྕི་བའི་དོད་དུ་བཤམ་པའི་དོག་མོའི་ས་རུ་འཛུམ་གྱིས་བཞུད།

  15. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-11 at 11:02 pm

    སྙན་དངགས་འབྲི་བའི་འབད་པ་ཆེས་ཆེ་ཡང་།
    གྲོགས་ཀྱི་མགོ་བོ་བཅད་དེ་རོགས་ལ་གྱུར།
    ཨེ་མ་ཁ་བ་ཅན་པའི་སྐད་དེ་ཉིད།
    རང་ཕྲུག་གྱོང་པོ་དག་གིས་མེད་པར་བྱེད།།

  16. གནམ says:
    2013-01-11 at 11:53 pm

    ཨེ་མ་ཁ་བ་ཅན་པའི་སྐད་དེ་ཉིད།
    བླ་རྒན་གྱོང་པོ་དག་ལ་ངོ་སོ་མེད།
    ཆོས་སྐད་བྲིས་བའི་པོ་ཏི་མང་ན་ཡང་།།
    སྐད་ན་མེད་པས་གོ་བ་ཕ་རིའི་ལ།།

  17. ཀརྡོ་གཉེར་ཕྱག་པ་ says:
    2013-01-12 at 12:18 am

    སྙན་དངགས་པ་ཀླུ་སྨྱོན་ལགས།
    གཡག་གིས་ཉིན་དགུང་རྩྭ་ཐང་སྒང་ལ་སྙན་དངགས་བཏང་། །
    ཀླུ་སྨྱོན་ངེས་མེད་གསང་སྤྱོད་ནང་ལ་སྙན་དངགས་ཤོར། །
    བཙུན་པ་ཀླུ་སྨྱོན་ལགས།
    རྩ་སྦྲིད་མ་འོངས་རྩ་སྨྱོན་མ་ཐེབས་སྔ་གཞུག་ལ། །
    བཟའ་ཟླ་ཚེ་རོགས་དགོས་ན་དུས་སུ་ཉར་ན་ལེགས། །
    ་

  18. རེབ་སྐྱིད་མཚོ says:
    2013-01-12 at 12:21 am

    བོད་ཀྱི་སྐད་འདི་རོང་པས་ཡར་མར་བསྒྱུར།
    བོད་སྐད་གཙང་མ་ཨ་ཡིག་ཨེ་རུ་བསྒྱུར།
    ཚིག་གྲོགས་ཚང་མ་གཡང་རོང་ནགས་ལ་ཕབ།
    ད་ནི་འཛམ་གླིང་དང་བསྲེ་དགོས་ཡོད།

  19. རེབ་སྐྱིད་མཚོ says:
    2013-01-12 at 12:23 am

    ༼སྐད་》བཅུག་རོགས

  20. ལེགས་བཤད། says:
    2013-01-12 at 2:45 am

    ཕོ་སྐད་བསྒྲུགས་ནས་མོ་ལ་འཐམས་པའི་ཕོ་མོའི་བརྩེ་མདངས་མཚོ་ལས་ཟབ།།
    སྐལ་བཟང་ཁྱོད་ནི་བདེ་བ་ལ་སྟེ་འདོད་ཡོན་ཆུ་སྲིན་གྲོང་ལས་ཐར།།
    སུ་དང་གང་གིས་འཇིགས་པ་མེད་པའི་རང་སྤྱིལ་ཁང་བུའི་ཉལ་ཁང་དུ།།
    ཉིན་མོ་ཟས་དང་མཚན་མོར་འཁྲིག་པས་བདེ་བའི་རྨི་ལམ་ཡང་ཡང་བཏང་།།

  21. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-12 at 9:28 am

    སྔོན་ཚེ་ལྷས་བྱིན་གཏུམ་པོས་ངང་པའི་གཤོག་པ་རྨས།
    གཞོན་ནུ་དོན་གྲུབ་སྙིང་རྗེས་ངང་པ་སྐྱབས་པ་ན།
    དེ་བཞིན་བོད་སྤྱིའི་སྐད་ཀྱི་ཡན་ལག་བཅག་པ་ན།
    ཁ་སྐད་ལྷས་བྱིན་གཅེས་དང་རྩོད་པ་ཤོར།།
    ་
    ངང་པ་རྨས་པོ་ལྷས་བྱིན་གཏུམ་པོ་དང་།
    ངང་པ་འཆི་ལས་སྐྱོབ་པ་དོན་ཀུན་གྲུབ།
    དེ་དག་གཉིས་ཀྱིས་ཁྲིམས་གཏུགས་བྱེད་པ་ན།
    གསོད་ལས་སྐྱོབ་པར་རྒྱལ་ཀ་ཐོབ་པར་ངེས།།
    ་
    བོད་སྐད་རིག་གཞུང་དག་ཆ་་སྐྱོབ་པ་དང་།
    ལུང་སྐད་བཅུག་པས་ཆོས་སྐད་མེད་པར་བྱེད།
    འདི་གཉིས་ཡ་རབས་ལུགས་ལ་གཏུགས་པ་ན།
    མེད་པར་བྱེད་ལས་སྐྱོབ་པ་རྒྱལ་བར་ངེས།།

  22. ཀརྡོ་གཉེར་ཕྱག་པ་ says:
    2013-01-12 at 10:53 am

    བོད་སྐད་རིག་གཞུང་དག་ཆ་་སྐྱོབ་པ་དང་།
    ལུང་སྐད་བཅུག་པས་ཆོས་སྐད་མེད་པར་བྱེད།
    འདི་གཉིས་ཡ་རབས་ལུགས་ལ་གཏུགས་པ་ན།
    མེད་པར་བྱེད་ལས་སྐྱོབ་པ་རྒྱལ་བར་ངེས།། ་་ཟེར།

  23. གསལ་འབར says:
    2013-01-12 at 11:14 am

    འཇིགས་པའི་གྲོང་ལ་ངང་སྒུག་བྱེད་བཞིན།
    འཇིགས་ཚོགས་ཡོད་དགུ་པང་ལ་ཤོམ།
    ད་དུང་འཇིགས་པའི་སྣང་བ་མེད་ན།
    ཀི་རིང་སྒྲོགས་ལ་ཉམ་ཚོད་ལོན།
    ད་དུང་མེད་ན་དམོད་ཅིག་བོར།
    ཡང་སྐྱར་མེད་ན་སྒབ་འདབ་སྡོབ།
    ཧཧཧཧཧཧ

  24. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-13 at 1:47 am

    བྱིས་པ་ཐོས་པ་དམན་པ་ལ།
    རོང་པ་རི་པ་ཐང་པ་ཡི
    སྙིང་ལ་ཟུག་རྔུའི་མཚན་མ་ཡོད།
    ལེགས་པར་སྦྱངས་ལ་དེ་འདྲ་མེད།

  25. གནམ says:
    2013-01-13 at 4:58 am

    སྐྱེས་ནས་མྱིག་ཁ་ཕྱེ་བ་དང་།།
    ཕ་མ་བཟང་བོས་ཕ་སྐད་བསླབས།།
    རྐང་ལག་རང་མགོ་ཐོན་པ་དང་།།
    ཟ་འཐུང་གང་ཡིན་ཕ་སྐད་སྤྱད།
    འདི་ནས་མ་ཤི་ཚེ་རིང་ན།
    ཕ་སྐད་མེད་པར་བརྡ་མི་འཕྲོད།།
    ལྷག་དུ་ཕ་དང་མས་མི་གོ།

    ཆོས་སྐད་སྦྱང་བའི་ཡོན་ཏན་རེད།
    ཤེས་ནི་ཡོད་ན་ཡག་པོ་རེད།
    མ་ཤེས་མི་མཁོ་ང་འདྲ་ལ།།
    ཕ་སྐད་སྐད་བརྡ་མི་ཉམ་པར།།
    ཚིག་མང་འདུས་བའི་མཐའ་མ་རུ།།
    ཀུད་ཀྱིས་གོ་པའི་བརྡ་ཞིག་རྙེད།

    རི་ཁྲོད་སྒོམ་པས་ཆོས་སྐད་སྤྱོང་།།
    དབེན་གནས་གྲྭ་པས་ཆོས་སྐད་སྦྱོང་།།
    ཆོས་དད་ཡོད་ནིས་ཆོས་སྐད་སྦྱོང་།།
    བླ་མ་སློབ་དཔོན་མཁན་པོ་སོགས།།
    གང་ལ་སྟེན་ན་བསྟན་ས་ཡོད།
    བཤད་ནས་ཁྲིད་ནས་མི་གོ་ན།
    ཐུམ་ལ་བཅུག་ནས་མཇལ་ན་ཡག།

    བླ་རྒན་དམིགས་པ་གཅིག་ཅན་ཚོས།།
    ཕྱོགས་བཞི་འཚམས་བརྒྱད་རིག་མྱོང་མེད།།
    སངས་རྒྱས་གོ་འཕངས་ཐོབ་མྱོང་མེད།།
    དམངས་ལ་གུས་བཀུར་གནང་མྱོང་མེད།།
    ཉམས་ལེན་ཉམས་མྱོང་ཡག་རྒྱུ་མེད།
    ཆོས་ཚིག་འགའ་ཡིས་ཨུ་ཚུགས་བྱེད།

  26. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-13 at 6:00 am

    ཁ་སྐད་རང་གི་ལུང་པར་ཕན་པར་ངེས།
    རང་གི་ལུང་པར་ཁ་སྐད་སུ་ཡིས་འགོག
    དྲིན་ཅན་ཨ་མས་ཆོས་སྐད་སྦྱངས་པ་མེད།
    ཁོང་ལ་ཁ་སྐད་རྒྱབ་པ་མེད་མི་རུང་།།
    ་
    བདག་ཅག་སོ་སོའི་ལུང་པ་ནས་འཐོན་ཏེ།
    ལུང་པ་གཞན་ལ་རང་གི་ཁ་སྐད་རྒྱབ།
    ལུང་གཞན་མི་ཡིས་རང་གི་ཁ་སྐད་དེ།
    མི་གོ་བ་དེ་མངོན་སུམ་མཐོང་བ་ཡིན།།

    བདག་ཅག་མ་འོངས་བོད་ཡུལ་ཡོངས་རྫོགས་མི།
    སྐད་ཀྱིས་གཅིག་སྒྲིལ་ཐུབ་ལ་དོན་གཉེར་བྱེད།
    དེ་ལྟར་ཆོས་སྐད་ཀྱིས་ཐུབ་མཁས་པས་གསུངས།
    ཁྱེད་ལ་དེ་ལྟར་དགོས་པ་མེད་དམ་ཅི།།

  27. གནམ says:
    2013-01-13 at 7:04 am

    ཨེ་གོ་མི་གོ་མི་ལྟ་བར།།
    མི་གོ་བཞག་གིས་བོད་སྐད་གསོད།།
    རྒྱ་སྐད་དབྱིན་སྐད་ཧིན་སྐད་དག།
    མི་གོ་བཞིན་དུ་བཙན་སྦྱོང་བྱེད།
    ཅི་འདྲའི་སེམས་མེད་ཞེན་མེད་འགའ།།

    རྒྱལ་ཁབ་གཅིག་ལ་ཡིག་སྐད་ཕ་སྐད་སོགས།
    དར་བ་རྗེས་འཛིན་བྱེད་ནིའི་རྒྱལ་ཁབ་ཡོད།
    ཉམ་པ་སླར་གསོ་བྱེད་ནིའི་རྒྱལ་ཁབ་ཡོད།
    རྒྱལ་ཁབ་ཟེར་ན་ས་དབྱེ་ཆུ་དབྱེ་རེད།
    ཕ་སྐད་གཅིག་ལ་འདོད་ན་མགོ་འཁོར་རེད།

    ཆོས་སྐད་ཚེ་གང་སྦྱང་ན་མི་ཤེས་རྒྱུ།།
    འཇིག་རྟེན་འཁོར་བར་འཁོར་བའི་བདག་སོགས་ལ།།
    དེ་ལ་ངལ་བ་བྱེད་པའི་དུས་མ་ཡོད།
    དེ་ལས་བླ་མ་གྲྭ་བ་ལྟ་བུའི་ཁྱད་ལས་བས།།
    སྦྱང་ནས་མཐར་ཕྱིན་ཡོད་པར་བྱིན་གྱིས་རློབས།།

  28. ལ་དྭགས་བློ་བཟང་འཇམ་དཔལ་ says:
    2013-01-13 at 9:01 am

    གོམས་ན་སླ་བར་མི་འགྱུར་བའི།
    དངོས་དེ་གང་ཡང་ཡོད་མ་ཡིན།
    ་
    རང་བློ་ཤེས་བྱ་ཀུན་ལ་མ་སྦྱངས་ན།
    ཐམས་ཅད་མཁྱེན་པ་ནམ་མཁའི་མཐའ་ལས་རིང་།
    སྒྲོལ་མ་འདོན་པར་བོས་སོང་།

  29. རེབ་སྐྱིད་མཚོ says:
    2013-01-13 at 10:42 am

    འོ་ལགས་སོ་དེ་ཤིན་ཏུ་བདེན།

  30. ཀརྡོ་གཉེར་ཕྱག་པ་ says:
    2013-01-14 at 3:11 am

    དག་ཅག་མ་འོངས་བོད་ཡུལ་ཡོངས་རྫོགས་མི།
    སྐད་ཀྱིས་གཅིག་སྒྲིལ་ཐུབ་ལ་དོན་གཉེར་བྱེད།
    དེ་ལྟར་ཆོས་སྐད་ཀྱིས་ཐུབ་མཁས་པས་གསུངས།
    ཁྱེད་ལ་དེ་ལྟར་དགོས་པ་མེད་དམ་ཅི།།་་་་ཟེར།

  31. ཀརྡོ་གཉེར་ཕྱག་པ་ says:
    2013-01-14 at 3:14 am

    ཆོས་སྐད་མིང་ཚིག་གཞིར་བཞག་ནས། །
    ཁ་སྐད་དུས་གསུམ་གསལ་སྟོན་པའི། །
    ཡོག་ཐོག་བྲིས་པའི་ཁ་སྐད་ཅིག །
    ད་ལྟ་མྱུར་དུ་བཅོས་རན་འདུག །

  32. ཀརྡོ་གཉེར་ཕྱག་པ་ says:
    2013-01-14 at 3:18 am

    བདག་ལ་ང་དང་ཁྱོད་དང་ཁོ། །
    ཡིན་མིན་ཡོད་མེད་རེད་མ་རེད། །
    འདུག་ད་མི་འདུག་འཐོབ་ཁུངས་འཚོལ། །
    ཕྱོན་པ་འགྲོ་བགྱི་འགྲོ་བགྱིད་སྤྱོད། །

  33. བན་དེ་བ། says:
    2013-01-14 at 3:57 am

    རྩོམས་འདི་ཡི་མིང་འདི་ཁྱད་མཚར་ཅིག་འདུག དངོས་གནས་བྱས་ན་གཡག་གི་ལྕི་བ་ནི་ལེབ་མོ་གོར་མོ་ཞིག་ལས་ཐར་ཐོར་དེ་འདྲ་མེད། གཅིག་བྱས་ན་ཀླུ་ཡུལ་གྱི་གཡག་གི་ལྕི་བ་དེ་ཚོ་ཐར་ཐོར་ཡོད་སྲིད། ཡང་མིན་ན་ཨ་ཁུ་ལ་འབྲོག་པའི་ཆ་རྒྱུས་མེད་པ་འདྲ། ༼ར་རྒན་ལུག་རྒན་གྱི་རིལ་མ་ལྟར་ཐར་ཐོར་༽ཅེས་བཏགས་ན་གང་འདྲ་འདུག ཀླུ་སྨྱོན་ནས་ང་ཡི་བསམ་ཚུལ་ལ་གསལ་བཤད་ཞིག་བྱེད་ན་དགའ་བསུ་ཡོད། འོན་ཀྱང་རྩོམ་འགོད་པ་འདི་ཚོས་གཡག་རྒན་གྱིས་ལྕི་བ་བཏང་བ་བཞིན་ཁ་བརྡའི་ནང་དུ་སྙོག་གླེང་གི་དྲི་མ་འཐུལ་ལེར་བཏང་ཡོང་གི་འདུག དེ་འདྲའི་རིགས་ལ་དགའ་བསུ་མི་ཞུ། དེ་ནས་གཡག་རྒན་གྱི་ལྕི་བའི་སྟེང་དུ་དྲ་འབུ་ཐམས་ཅད་ཀྱིས་འཚང་ག་རྒྱབ་ཡོང་གི་རེད།

Leave a Reply

Your email address will not be published. Required fields are marked *

འཚོལ་བཤེར།

ཉེ་ཆར་གྱི་རྩོམ།

  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།  
  • གནས་ཡུལ་སོ་སོའི་གསུམ་དུས་ལ་སོམས་དང་།
  • རང་དབང་བྲལ་བའི་མགྲིན་ཚབ་པ། 
  • གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • ཆོ་འཕྲུལ་སྨོན་ལམ་ཆེན་མོ།
  • སྐར་མདའི་བཞུད་ལམ་དེད་ནས་མིང་མཛོད་མཇལ།
  • བོད་མི་ང་ཚོའི་འཐབ་རྩོད་ལ་སྤྱི་སེམས་ཀྱི་ཞེན་སྐུལ།
  • རང་མི་རང་ལས། རང་ཁ་རང་གསོ། རང་དོན་རང་གཅེས། རང་འགན་རང་འཁུར་བྱས་ནས་གཞན་བརྟེན་འཚོ་སྐྱེལ་གྱི་བསམ་བློ་དོར་དགོས་པའི་དུས་ལ་བབས་མི་འདུག་གམ།
  • དྷ་ས་ནས་དིང་རིའི་ས་ཡོམ་ལ་ལྟ་བ།
  • སྤྱི་འཐུས་ཀྱི་འོས་བསྡུའི་ལས་རིམ་དང་འབྲེལ་བའི་སྐོར་ལ་རང་གི་བསམ་ཚུལ་གླེང་བ།
  • ཨ་རྒྱ་ར་གསུམ་གྱི་ཆབ་སྲིད་འགལ་འབྲེལ་བདེན་གཏམ་གཅེར་བུ་མ།
  • མང་གཙོ་ཁྲིམས་ཀྱི་དབང་བསྒྱུར་ནས་དམངས་གཙོ་གྲལ་རིམ་གཅིག་བསྡུས་ལ་ཁ་ཕྱོགས་པ་མ་རེད་དམ།

ཉེ་ཆར་གྱི་མཆན་བུ།

  • ཚེ་བརྟན་འགྱུར་མེད། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • འབྲོང་བུ་སོག་ཚ། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • གཞུང་པ་ཚེ་དབང་བསོད་ནམས། on མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ།
  • ཚེ་བརྟན་འགྱུར་མེད། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ།
  • གཞུང་པ་ཚེ་དབང་བསོད་ནམས། on རང་དབང་བྲལ་བའི་མགྲིན་ཚབ་པ། 
  • ཚེ་བརྟན་འགྱུར་མེད། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • འབྲོང་བུ་སོག་ཚ། on གངས་སེང་ངམ་སེང་གེ་སྐོར་འཇམ་སིང་ངེ་།
  • འབྲོང་བུ་སོག་ཚ། on ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།  
  • ཚེ་བརྟན་འགྱུར་མེད། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • འབྲོང་བུ་སོག་ཚ། on བཙན་བྱོལ་བོད་མིའི་ཆེས་མཐོའི་ཁྲིམས་ཞིབ་ཁང་ནང་ཁྲིམས་ཞིབ་པ་གཅིག་ཀྱང་མེད་པ་སྟོང་པ་ལྷག་པ་དེའི་འགན་དེ་སུ་ལ་ཡོད་དམ།
  • ཚེ་བརྟན་འགྱུར་མེད། on དིང་རིར་ས་འགུལ་རྒྱུག་ནས་དྷ་ས་སེམས་འགུལ་ཐེབས།
  • ཀླུ་སྨྱོན་ཧེ་རུ་ཀ on སྐལ་བཟང་ཟླ་བ་མཐོ་རིས་བོ།

ཁ་བརྡ།

  • ཁ་བརྡའི་ཁྱབ་བསྒྲགས་གོང་ཚད།
  • ཁ་བརྡའི་དམིགས་ཡུལ།
    • ཁ་བརྡའི་རྩ་དོན་གསུམ།
    • ཁ་བརྡ་ལ་འཇུག་ཚུལ།
    • ཁ་བརྡའི་མཆན་གྱི་རྩ་འཛིན།
    • ཁ་བརྡའི་རེ་སྐུལ།

ཁ་བརྡའི་རྩ་དོན།

དང་པོ། རྩོམ་མཁན་གྱི་ལྟ་བ་དང་བསམ་ཚུལ་ལ་མོས་མཐུན་བྱེད་དཀའ་ན་ཡང་། རྩོམ་མཁན་དེ་ལ་མིའི་ཆེ་མཐོང་སྤྲོད་དགོས་པ་ནི་ཁ་བརྡའི་རྩ་དོན་ཡིན།

གཉིས་པ།  ཁ་བརྡའི་ཐོག་ལ་སྤྱི་དོན་དང་། དེ་བཞིན་རིག་གཞུང་དང་འབྲེལ་བའི་དོན་རྩ་དང་ལྟ་བའི་སྐོར་གྱི་རྩོམ་འགོད་པ་མ་གཏོགས།  མི་སྒེར་གྱི་དོན་དག་བཟང་ངན་གླེང་བཤད་རིགས་འགོད་སྤེལ་མ་ཡོང་བ་ལ་འབད་བརྩོན་བྱེད་དགོས།

གསུམ་པ། རྒྱུ་མཚན་ཅི་ཞིག་གི་ཐོག་ནས་ཀྱང་གང་ཟག་བྱེ་བྲག་པ་ཞིག་ལ་ཁྱད་གསོད་དང་དམའ་འབེབས་ཀྱི་ཚིག་སྦྱོར་རིགས་འགོད་སྤེལ་མེད་པ་དགོས།

བཞི་པ། ཁ་བརྡར་བཀོད་པའི་མཆན་དང་རྩོམ་རྣམས་ནི་ཁ་བརྡ་རྩོམ་སྒྲིག་ཚོགས་ཆུང་གི་བསམ་ཚུལ་ཡིན་པའི་ངེས་པ་མེད།

ཁ་བརྡའི་འཛིན་སྐྱོང་གིས་ སྤྱི་ལོ་ ༢༠༡༢ ལོའི་ཟླ་ ༣ ཚེས་ ༣༡ ཉིན་སྤེལ།

ཟླ་འདིའི་ཀློག་གྲངས་མང་ཤོས།

  • ༧གོང་ས་མཆོག་གི་སྐུའི་གཅེན་པོ་ཞིང་གཤེགས་སྐུ་ངོ་བཀའ་ཁྲི་ཟུར་པ་རྒྱལ་ལོ་དོན་གྲུབ་མཆོག་གི་མི་ཚེའི་ལོ་རྒྱུས་ལ་དཔྱད་པའི་གཏམ།   (65)
  • མང་གཙོའི་ཀ་བ་བཞི་པ་ཉམས་ཉེས་སུ་གཏོང་བའི་ནོར་འཁྲུལ། (54)
  • སྤྱི་འཐུས་སྐབས་བཅུ་བདུན་གྱི་གྲོས་ཚོགས་ཚོགས་དུས་དགུ་པའི་ལས་རིམ་ཁག་ལ་དཔྱད་པའི་གཏམ།   (36)
  •  ཨ་རིའི་རོགས་དངུལ་དང་བོད་མིའི་རེ་བ་ལ་དཔྱད་པའི་གཏམ། (29)

དཀར་ཆག

  • གླུ་གཞས།
  • གློག་ཀླད་ཤེས་བྱ།
  • གློག་བརྙན་།
  • གསར་འགྱུར།
  • གསལ་བཤད།
  • གསལ་བསྒྲགས།
  • གསུང་བཤད།
  • གསོ་རིག
  • ངོ་སྤྲོད།
  • དཔྱད་བརྗོད།
  • དཔྱད་རྩོམ།
  • དཔལ་འབྱོར་རིག་པ།
  • དྲན་ཐོ།
  • དེབ་ཐེར།
  • པར།
  • བཀླགས་བྱང་།
  • བགྲོ་གླེང་།
  • བཅར་འདྲི།
  • བྱིས་རྩོམ་
  • བརྩམས་སྒྲུང་།
  • བསམ་ཚུལ།
  • མཚར་གཏམ།
  • ཚན་རིག
  • འགྱུར་རྩོམ།
  • འཕྲིན་ཡིག
  • འཕྲོད་བསྟེན།
  • རྩོམ་རིག
  • ལྷུག་རྩོམ།
  • ལོ་རྒྱུས།
  • སྙན་ངག
  • སྣ་ཚོགས།

འབྲེལ་ཐག

  • ༸རྒྱལ་བ་རིན་པོ་ཆེ།
  • ཕ་ཡུལ།
  • བོད་ཀྱི་ཆ་འཕྲིན།
  • བོད་ཀྱི་དུས་བབ།
  • བོད་ཀྱི་བང་ཆེན།
  • བོད་མི་མང་སྤྱི་འཐུས་དྲ་བ།
  • བོད་མིའི་སྒྲིག་འཛུགས་དྲ་བ།
  • མཆོད་མེ་དྲ་བ།
  • འགྲོ་བ་མིའི་ཐོབ་ཐང་།
  • འཇམ་དབྱངས་ནོར་བུ།
  • འོད་ཟེར་ཟིན་བྲིས།
  • རི་མཐོ་ས་གཙང་།
  • ཤེས་རིག་ལས་ཁུངས་ཀྱི་དྲ་རྒྱ།

པར་སྐྲུན་བདག་དབང་ © 2021 ཁ་བརྡ་དྲ་བ་ཡོད།

Powered by PressBook Premium Child theme