གཡང་སྐྱབས་རྒྱལ།
༢༠༠༠ ལོར་ང་རྒྱ་གར་ལྷོ་ཕྱོགས་ལ་ཕྱིན་པ་ཡིན། མོན་གྷོ་བོད་མིའི་གཞིས་ཆགས་ལ་ཕྱིན་པ་ཡིན། ང་དེ་ལ་སླེབས་སྐབས་རྒྱལ་ས་ལྷ་ས་ལ་སླེབས་པ་ལྟ་བུའི་གྲོང་ཁྱེར་ཞིག་མཐོང་བྱུང་། དེ་ནི་གཞི་རྒྱ་ཆེ་བའི་ཁང་བརྩེགས་དག་རེད་ལ། བོད་ཀྱི་རི་མོ་དོད་པའི་སྒོ་ཆེན་དང་། བུམ་གཟུགས་སུ་བཀོད་པའི་བསངས་ཁུང་། སྒེའུ་ཁུང་གི་མཐའ་ལྕགས་ལ་ཚོན་རིས་ནག་པོ་བྱུགས་པ། སྟེང་དུ་གསེར་གྱི་རྒྱ་ཕིབས་དང་རྡོ་ཀ་མ་རུའི་རྡོ་གཅལ་འདི་ཚོས་གྲུབ་ཡོད་ལ། དེ་ཚོ་ནི་གདན་ས་ཆེན་པོ་དགའ་ལྡན་དང་འབྲས་སྤུངས་བཅས་རེད།
ང་སྡོད་ས་ནི་གཞིས་ཆགས་ཀྱི་གྲོང་ཁྱིམ་ཞིག་རེད། ཤིང་དུམ་གྱིས་བསྒྲིགས་པའི་སྒོ་ཆུང་དེ་འཛུལ་ནས་ཁྱམས་རྭ་དེ་ལ་སླེབས་ཤིང་། དེ་ནས་ཐོག་ཏུ་ས་ཕག་ལེབ་མོས་བཀབ་པའི་ཁང་རིང་ཞིག་ཁྱིམ་ཁ་ཤས་ལ་བགོ་བཤའ་བརྒྱབ་པའི་ཁང་མིག་ཅིག་འདུག ཐབ་དང་ཐང་གཞི་ནི་འདམ་གྱིས་བཟོས་པ་རེད། འདི་དང་གོང་གསལ་གཉིས་བསྡུར་ཚེ། ལྷ་ཡུལ་དང་མི་ཡུལ་གྱི་ཁྱད་པར་ཞིག་ཤོར་འདུག དེ་ནས་སྤྱི་ཡོངས་ནས་བསམ་བློ་ཞིག་བཏང་བ་ཡིན། བོད་ཀྱི་སྤྱི་ཚོགས་ནང་གི་ཕྱུག་པོ་ཕལ་ཆེ་བ་བླ་མ་དང་དགེ་འདུན་པ་རེད་འདུག་སྙམ།
ཨ་མི་རི་ཀ་ལ་མཚོན་ན་རྒྱལ་ཁབ་སྟོབས་ཆེན་གྱི་ལོངས་སྤྱོད་དེ་ཕྱི་ནང་གང་དུ་ཁྱབ་ནས་འདུག ལམ་ཆེན་རེ་རེ་ལ་བཞི་ལམ་དང་བརྒྱད་ལམ། དེའི་སྟེང་དུ་རླངས་འཁོར་ཡང་མགྱོགས་ཚད་ལ་ཆུ་ཚོད་གཅིག་ལ་ཀི་ལོ་མི་ཊར་ ༡༡༠ རྒྱུགས་ཐུབ་པ། མི་སེར་ཕལ་བ་ཞིག་ཡིན་ན་ཡང་སྡོད་ཁང་རེ་རེར་ཉལ་ཁང་དང་ཐབ་ཚང་། གསང་སྤྱོད་རང་འགྲིག་སོགས་ཀྱི་མཐུན་རྐྱེན་འཛོམས་པ་སྨོས་མ་དགོས། ད་དུང་ནམ་མཁར་བསྙེགས་པའི་ཁང་བརྩེགས་མཐོན་པོ་དག་གིས་གྲོང་ཁྱེར་ཆེ་ཁག་ཏུ་ཧ་ལམ་ཁེངས་འདུག འོན་ཀྱང་ང་ལ་ཚོར་བ་ཞིག་བྱུང་བ་ནི། ཁང་བརྩེགས་དེ་ཚོའི་ཕལ་ཆེ་བ་ཞིག་ནི་དངུལ་ཁང་དང་། ཁག་ཐེག་གི་ཚོང་ལས་བྱེད་མཁན། འཛུགས་སྐྲུན་གྱི་ཚོང་བདག མ་རྩ་ཅན་དེ་ཚོ་རེད་འདུག འདི་དང་གོང་གཉིས་བསྡུར་ན་ཡང་ལྷ་ཡུལ་དང་མི་ཡུལ་གྱི་ཁྱད་པར་ཞིག་ཤོར་འདུག
གྲྭ་སའི་གཉེར་བ་དེ་ཚོས་༧གོང་ས་མཆོག་གིས་ཡང་དང་སྐྱར་དུ་བཀའ་སློབ་ཕེབས་ཏེ། དགོན་པའི་འདུ་ཁང་རྫིགས་པོ་ལས་གྲྭ་རྐྱང་ཚོའི་བཞེས་ལག་དང་འཕྲོད་བསྟེན་ཡར་རྒྱས་སུ་གཏོང་རྒྱུ་དེ་ཧ་ཅང་གལ་ཆེན་པོ་རེད་གསུངས་པ་དེ་རྣ་རྒྱབ་ཀྱི་ལྷགས་པར་བརྩིས་ཏེ། གཅིག་ལ་གཅིག་འགྲན་གྱིས་འདུ་ཁང་རྫིགས་པོ་བརྒྱབ་ཡོད་པ་རེད། ནམ་ཞིག་ང་ཚོར་རང་ཡུལ་གངས་ཅན་ལྗོངས་སུ་འགྲོ་བའི་བསྐལ་བ་ཞིག་ལྡན་ཚེ། དེ་དུས་ཕྱི་རྒྱལ་སྦྱིན་བདག་དང་གྲྭ་རྐྱང་ཚོས་རྔུལ་ཁྲག་གི་འགྲོ་སོང་བཏང་བའི་ཨ་སྒོར་དང་རྒྱ་སྒོར་དུང་ཕྱུར་དུ་མའི་རིན་ཐང་ཅན་གྱི་འདུ་ཁང་རྫིགས་པོ་དེ་དག་རྒྱ་གར་བ་ཚོས་བ་ཕྱུག་གསོ་ས་ཙམ་ཞིག་མ་གཏོགས་ཉན་གྱི་མ་རེད།
བཀུར་འོས་གཡང་སྐྱབས་རྒྱལ་ལགས
ཨ་རིའི་ཕྱུག་པོ་དང་བོད་ཀྱི་ཕྱུག་པོའི་བར་ལ་ཁྱད་པར་ཡོད་མཁན་མི་ཤེས་མཁན་ཉུང་ཉུང་ཡིན། ད་དུང༌། བོད་ཀྱི་ཕྱུག་པོ་ཕལ་ཆེ་བ་བླ་མ་དང་དགེ་འདུན་པ་རེད་ལབ་མཁན་ཡང་ཉུང་ཉུང་མིན། འོན་ཀྱང༌། བོད་ཀྱི་དགེ་འདུན་པ་དང་བླ་མ་གཉིས་ཕར་ཕུད་པའི་གཞན་མི་སྐྱའི་ནང་ན་ཡང་སྒེར་བདག་བཟོ་གྲྭ་ཡོད་མཁན་ཡང་ཡོད་ལ་ཕྱུག་པོ་ཡང་ཡོད། གཞན། བོད་གཞུང་གི་གཞུང་ཞབས་རྙིང་བའི་ནང་ན་ཡང་ཕྱུག་པོ་གང་འཚམས་ཡོད་སྐད། ངེད་ཀྱི་རྨོངས་འཆར་གྱི་དབང་དུ་བྱས་ན། ཁྱེད་ཀྱི་རྩོམ་ཡིག་འདི་ལ་བསྟན་དོན་གཞན་ཞིག་ཡོད་ན་མ་གཏོགས། གཞན་དོན་དག་ཞིག་མི་འདུག་སྙམ།
རྗེས་ཕྱོགས་མང་དུ་འཕྲད་པའི་རེ་བ་ཆེ།
དབུལ་ཕྱུག་གི་ཁྱད་པར་མེད་པ་ཞིག་ཡོང་ག་ལ་ཐུབ། བོད་ཀྱི་རྒྱལ་པོ་མུ་ནེ་བཙན་པོས་དབུལ་ཕྱུག་ལན་གསུམ་བསྙམས་ཀྱང་མཐར་ཕྱུག་པོ་རྣམས་ནི་སྔར་བཞིན་ཕྱུག། དབུལ་པོ་རྣམས་ནི་སྔར་བཞིན་ལྟོག་ཏེ་རྒྱལ་པོ་སྔོན་གྱི་སྦྱིན་འབྲས་ལ་ཡིད་ཆེས་པ་ཡིན་པའི་ལོ་རྒྱུས་མི་འདུག་གམ། རང་རེ་བོད་ཀྱི་བླ་ཆེན་ཚོསའཇིག་རྟེན་ཆོས་བརྒྱད་བསྒྲུབ་རྒྱུ་ལ་ཐུགས་སྣང་གཏད་དྲགས་ནས་བོད་ཀྱི་བསྟན་སྲིད་ལ་ཆག་སྒོ་ཆེན་པོ་འདི་བྱུང་བ་མིན་ནམ།