སྲོང་བཙན་བུ།
སྐུ་སྒེར་དྲུང་ཆེ་ཟུར་པ་སྐུ་ངོ་རྟ་བསྟན་འཛིན་ཆོས་ཉིད་མཆོག་ཉེ་བའི་ཟླ་ཤས་གོང་ནས་སྐུ་སྒེར་ཡིག་ཚང་འདབས་འབྲེལ་དུ་ཡོད་པའི་བཞུགས་ཤག་ནས་ནོར་གླིང་དུ་གནས་སྤོས་ཀྱིས་བཞུགས་ཡོད་མུར། དེ་རིང་ཞོགས་པའི་ཆུ་ཚོད་བཅུ་གཅིག་དང་སྐར་མ་བཅུ་གསུམ་སྟེང་ནོར་གླིང་བོད་ཀྱི་རིག་གཞུང་གཅེས་སྐྱོང་ཁང་ནས་སྐུ་གཤེགས་ཡོད་པ་དང་། ད་ལྟ་དགུང་ལོ་ ༩༣ ཡིན་འདུག
ཁོང་ནི། ༡༩༢༠ ལོར་རྒྱལ་རྩེ་རྫོང་མཁར་ཁ་རྟ་ར་ཁྱིམ་དུ་ཡབ་སྐལ་བཟང་ཆོས་འབྱོར་དང་ཡུམ་བདེ་སྐྱིད་མཚོ་མོ་གཉིས་ཀྱི་སྲས་སུ་འཁྲུངས་ཤིང་། བོད་དུ་བཞུགས་སྐབས་ཡོངས་གྲགས་ཀྱི་མཚན་ལ་མདོ་སྔགས་མཐར་ཕྱིན་ཞེས་ཞུ་ཡི་ཡོད་ནའང་། ཕྱི་ལོ་ ༡༩༦༤ ལོར་སྐུ་བསྙུན་གཞི་ཚབས་ཆེན་བཞེས་པ་དེ་སྐབས་མཚན་སྒྱུར་གནང་སྟེ་བསྟན་འཛིན་ཆོས་ཉིད་དུ་བཏགས་པ་ནས་སྐུ་ངོ་རྟ་ར་བསྟན་འཛིན་ཆོས་ཉིད་ཅེས་འབོད་ལམ་བྱུང་ཡོད།
༡༩༤༡ ལོར་རྩེ་སྐོར་ཞབས་སྡོད་ཞུས་འབྲེལ་ལས་དོན་རིམ་ཅན་དུ་གནང་ཞིང་། ཕྱི་ལོ་ ༡༩༥༢ ལོར་གཞུང་ས་དགའ་ལྡན་ཕོ་བྲང་གི་གཞུང་ཞབས་གནས་རིམ་ལྔ་པ་རྩེ་མགྲོན་གནས་རིམ་ཐོག་རྒྱ་ནག་ཏུ་དོན་བྱེད་སྐུ་ཚབ་ཁོངས་བསྐོས་དོན་བཞིན་པེ་ཅིན་དུ་ལོ་གཅིག་དང་། ཁྲུང་ཆིན་དུ་ལོ་གཉིས་ཡས་མས་བཞུགས་སྟེ་དོན་བྱེད་ལས་ཁུར་གནང་སྟེ། ལོ་གཅིག་ལྷག་རིང་པེ་ཅིན་དང་། དེ་ནས་ཟླ་ངོ་བདུན་རིང་ཁྲུང་ཆིན་དོན་བྱེད་ཁང་དུ་དོན་བྱེད་པའི་ལས་ཁུར་གནང་། ཕྱི་ལོ་ ༡༩༥༤ལོའི་དབྱར་དུས་སུ་པེ་ཅིན་དུ་༸གོང་ས་མཆོག་རྒྱ་ནག་ཏུ་ཆིབས་སྒྱུར་གྲ་སྒྲིག་ཞུ་སྒོ་གཉེར་ཞིང་། ཕྱི་ལོ་ ༡༩༥༥ ལོ་སྟེ་ཁྱོན་རྒྱ་ནག་ཏུ་ལོ་གསུམ་བཞུགས་རྗེས་ཕྱིར་ལྷ་ལྡན་རྒྱལ་སར་ཕེབས་མཚམས་སྐུ་སྒེར་ཡིག་ཚང་ནང་མ་ཁང་གི་ཡིག་འབྲིར་བསྐོ་བཞག་གནང་། ཕྱི་ལོ་ ༡༩༥༧ ལོ་མཇུག་ཏུ་༸གོང་ས་མཆོག་རྒྱ་གར་ནང་ཆིབས་སྒྱུར་ཞབས་ཞུའི་ཁོངས་ལྷན་བཅར་གནང་། ཕྱི་ལོ་ ༡༩༥༩ ལོར་གོང་ས་མཆོག་རྒྱ་མིའི་དམག་སྒར་དུ་ཆིབས་བཤོལ་གསོལ་འདེབས་ཞུ་མིའི་གྲས་དང་ནོར་གླིང་དུ་བཅར་འཛོམས་མི་མང་གི་དབུ་འཁྲིད་གཙོ་བོའི་ཁོངས་ཡིན། ལོ་དེ་གའི་ཟླ་ ༣ ཚེས་ ༡༧ ཉིན་གྱི་མཚན་མོར་༸གོང་ས་མཆོག་སྟོན་འཁོར་ནོར་གླིང་ནས་ལྷ་སར་བཙན་བྱོལ་དུ་ཕེབས་རྗེས་ཀྱི་ཉིན་གསུམ་པར་རྒྱ་གར་ཕྱོགས་སུ་ཕེབས་ཐོན་གནང་། རྒྱ་གར་ནང་འབྱོར་ནས་ ༢༠༠༡ ལོ་བར་ཏེ་ཁྱོན་བསྡོམས་མི་ལོ་ ༦༡ ཧྲིལ་པོར་གཞུང་ཞབས་ལས་དོན་སྒྲུབ་གནང་ཡོད།
༡༩༩༥ ལོར་དཔར་འགྲེམས་གནང་བ་༼ཧོར་རམ། ཡོན་གྱི་རྒྱལ་རབས་དང་། ཧོར་བོད་འབྲེལ་བའིར་དཔྱད་པའི་གཏམ་བདེན་དོན་རབ་གསལ༽ ༡༩༩༩ ལོར་དཔར་འགྲེམས་གནང་བ་༼བོད་དང་མན་ཇུའི་འབྲེལ་བར་དཔྱད་པའི་གཏམ་དུས་སྐབས་ལྔ་ཅན།༽ ༢༠༠༠ ལོར་དཔར་འགྲེམས་གནང་བ༼བོད་ཀྱི་ཡིག་ཚགས་གཅེས་བཏུས་ཞེས་པའི་དེབ་ལ་དཔྱད་པའི་གཏམ་དོན་ཚན་དྲུབ་ཅུ་པ༽ བཅས་རིམ་པས་བརྩམས་གནང་ཞིང་། ༡༩༥༩ ལོ་ནས་ ༡༩༩༩ ལོ་བར་༸གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་བཀའ་སློབ་གནང་ཁག་ཕྱོགས་བསྒྲིགས་དེབ་ཕྲེང་བཅུ་གཉིས་ཀྱི་བདག་ཉིད་ཅན་དེ་ཕྱོགས་བསྒྲིགས་དང། ཁོང་རང་ཉིད་ཀྱི་མཛད་རྣམ་༼རང་ཉིད་ངོ་སྤྲོད༽བརྩམས་སྤེལ་བཅས་ཀྱི་མཛད་རྗེས་ཆེ་བ་ཞིག་ཡིན།
གཞུང་ཞབས་པ་མིག་དཔེར་འོས་པ་ཞིག་འདུག ཁོང་ལ་སློབ་སྦྱོང་ཞུ་འོ།
སྲོངས་བཙན་བུ་ལགས།ལྷག་བསམ་དཀར་ཞིང་དྲང་མཚུགས་ལྡན་པའི་གང་ཟག་ཁྱད་པར་ཅན། དགེ་སློང་རྟ་ར་བ་བསྟན་འཛིན་ཆོས་ཉིད་མཆོག་གི་མཛད་རྗེས་བཀོད་པར་ཐུགས་རྗེ་ཞུ་བ་དང། དམ་པ་ཁོང་ལ་གུས་པས་སྙིང་དབུས་ནས་མྱང་ངན་གུས་བཏུད་གྲངས་མེད་ཞུ་བཞིན་ཡོད། འོན་ཀྱང་༡༠༥༢ཟེར་བ་དང་ནོར་གླིང་ནས་ལྷ་སར་བཙན་བྱོལ་དུ་ཕེབས་རྗེས་ཟེར་བ་སོགས་ལ་ཐུགས་སྣང་ཅུང་ཟད་གནང་སྐྱོངས་ཡོང་བ་མཁྱེན། འདི་གུས་པས་རྨོངས་འཆར་གྱི་ཚུལ་དུ་བྲིས་ཐལ་སོང་བའི་དགོངས་འགལ་མེད་པ་ཞུ།།
སྲོང་བཙན་ལ་བཅོས་རོགས།།
དེང་དུས་ཀྱི་གཞུང་ཞབས་པ་རྣམས་ཀྱི་སྐུ་ངོ་ཁོང་ལྟ་བུ་དྲང་ཚུགས་དང་ལྷག་བསམ་ཅན་དེ་ལ་མིག་དཔེ་བལྟ་བར་འོས་སོ། །སྐྱེ་བ་ཀུན་ཏུ་སྤྱན་རས་གཟིགས་ཀྱིས་རྗེས་སུ་བཟུང་རྒྱུ་ཡིན་པ་སྨོས་མ་དགོས་པ་རེད།
ང་ཚོས་མ་ཎི་འདོན།
སྐུ་ངོ་རྟ་རྭ་བ་མཆོག་སྐུ་ཞིང་ལ་ཕེབས་པར་སྨོན་ལམ་དང་ཁོང་གི་བྱས་རྗེས་ལ་ཡི་རངས་ཞུ། ཁོང་ཐེངས་འགའ་ཤས་མཇལ་མྱོང་ལ། ཁོང་གི་སྐོར་ལ་མང་པོ་ཐོས་མྱོང་། གཞན་ལས་ཁྱད་དུ་ཕགས་པའི་སྤྱོད་པ་གསུམ་ཁོང་ལ་མི་ཐུབ་ཟེར་བ་ལྟར།
དང་པོ། སྐུ་ངོ་འདི་རྒྱ་དངོས་པོར་ཆགས་ཞེན་རྩ་བ་ནས་མེད་པ་ལྟ་བུ་རེད་ཟེར། ཁོང་ལ་མིས་ཕུལ་བའི་ཅ་དངོས་ཚང་མ་ཞལ་འདེབས་ལ་གནང་ཟེར། མ་ཟད་ཁོང་སྐུ་སྒེར་གྱི་ཕོག་དེ་ཡང་བུ་གསོ་ཁང་དང་སློབ་གྲྭ་ཁག་ལ་བགོས་པར་མཛད་ཟེར། སྔོན་མ་ཐེངས་གཅིག་སྐུ་དྲག་པོ་སྙུན་ནས་གཤེགས་གྲབས་བྱེད་སྐབས། གོང་ས་མཆོག་ནས་ད་ཁོང་གི་གཟིམ་ཤག་གི་ཅ་དངོས་རྣམས་རྡོག་སྒྲིལ་ནས་མཆོད་འབུལ་ལ་ཐོངས་གསུངས། ཞབས་ཕྱི་ཚོ་ཚུར་ལོག་ཡོང་ནས་རྒྱལ་བ་རིན་པོ་ཆེར། ཁོང་ལ་གཟིམ་ཤག་ལ་ཅ་དངོས་བསྟན་ཡས་མིན་འདུག། ཉལ་ཆས་དང་གྲྭ་ཆས་ལུས་ལ་གང་ཡོད་དེ་རེད་ཞུས། གོང་ས་མཆོག་ཡིད་མ་ཆེས་པ་ལྟ་བུས། ཨ་ཙི། ངོ་མ་གྲྭ་པ་གྲྭ་རྐྱང་རེད་འདུག་གས་གསུངས།
གཉིས་པ། ཐུགས་ལ་གང་དགོངས་གསུངས་ཕོད་མཁན་དང་ངོ་ཁ་རྩ་བ་ནས་བསྟན་མ་ཤེས་མཁན་ཞིག་རེད་ཟེར། རྙོག་ཟིང་ཅན་གྱི་གནས་ཚུལ་མང་པོ་འོག་ནས་ཐག་བཅད་ནས་རྒྱལ་བ་རིན་པོ་ཆེར་བསུན་པོ་བཟོ་མ་ཅུག་སྟབས། གཞུང་ཞབས་མང་པོས་ཁོང་ལ་མི་དགའ་ཟེར། སྐུ་ངོ་ནས་ངས་ཐག་གཅོད་བྱས། ཉེས་པ་ངས་འཁུར། དེ་སྐྱིད་པོ་འདུག་གསུངས་པ་གོ་མྱོང་། གཞུང་ཞབས་གཞན་པ་ཚོས་རྒྱལ་བ་རིན་པོ་ཆེའི་ཐག་གཅོད་སྒུག་ནས་འགན་འཁུར་མི་ནུས་པ་ལྟ་བུ་ཡོང་སྐབས། ཁོང་ནས་ལམ་གསེང་ཡ་འདི་ངས་ཐག་བཅད་ཐུབ། རྒྱལ་བ་རིན་པོ་ཆེར་ཞུ་མ་དགོས་ཟེར་ནས། རྙོག་ཁྲ་མང་པོ་ཞིག་ཁོང་གིས་གཙང་མ་བཟོས་ནས་གོང་ས་མཆོག་ཐུགས་བདེ་པོ་ཡོད་ཟེར།
གསུམ་པ། ཁོང་རྩོམ་ཡིག་འབྲི་རྩལ་ལེགས་པ་དང་བོད་ཡིག་དག་ཆ་ལེགས་པོ་ཡོད་ཟེར། ལྷག་པར་དུ་ཡི་གེ་ཀློག་ཤིན་དུ་མགྱོགས་སྟབས། གཞན་གྱི་ལོ་རྒྱུས་སོགས་ཞུ་དག་གནང་སྐབས། ཉིན་མ་གཅིག་ལ་ཤོག་གྲངས་ལྔ་བཅུ་ཙམ་ལས་ཀའི་ཞོར་ལ་བཤེར་ནས་དག་ཆ་དང་ཡིག་ནོར་ཚང་མ་བཅོས་ཐུབ་ཟེར།
སྐུ་ངོ་མཆོག་ལ་མྱ་ངན་རྗེས་དྲན་ཞུ།