དགེ་འདུན་རབ་གསལ་གྱིས།
དེ་རིང་ནི་འཁྲུངས་སྐར་རེད། ངའི་༧རྒྱལ་བ་རིན་པོ་ཆེ་དགུང་ལོ་ ༧༢ ལ་ཕེབས། ངས་དེ་རིང་ཅི་ཞིག་བྱེད། དར་ལྕོག་ཅིག་ཡོད་པ་ཕྱི་ལོགས་སུ་འཐེན། རླུང་རྟ་ཡར་ལ་བསྐྱོད། ༧སྐུ་མདུན་སྐུ་ཚེ་བསྲིངས།།
ངས་༧རྒྱལ་བ་རིན་པོ་ཆེ་ཐོག་མར་མཇལ་དུས་ཁོང་དགུང་ལོ་ ༥༢ རེད། ཁོང་ནི་གཞོན་ཤ་ཅན་གྱི་དབུ་འཁྲིད་ཅིག་ཡིན། ཁོང་ཞབས་ཐང་ལ་ཕེབས་སྐབས་གོམ་སྟབས་ཧ་ཅང་མགྱོགས། གོ་ཐོས་ལ། རི་དང་ལ་ལ་ཕེབས་ན་སྐུ་སྲུང་ཚོས་རྗེས་མི་ཟིན་ཟེར། དེ་དུས་ང་ཡང་ལོ་ ༢༢ ཡིན། བོད་ནས་སླེབས་མ་ཐག་རེད།
འདས་པའི་ལོ་ངོ་ ༢༠ དེ་ང་ལ་མཚོན་ན་སྤྱིར་བཏང་གི་མི་ཚེ་ཞིག་མིན། ང་ལ་འགྲོ་བ་མིའི་ངོ་གདོང་ཡོད། ངས་འགྲོ་བ་མིའི་སྐད་ཆ་ཤོད། ངས་འགྲོ་བ་མི་ཡི་གྱོན་པ་གྱོན། ཡིན་ན་ཡང་། ང་ལ་འགྲོ་བ་མི་སྡོད་སའི་འཇིག་རྟེན་འདི་ན་ས་ཁོངས་ཤིག་མེད། ས་ཁྲའི་ཐོག་ན་ང་ནི་རྒྱ་མི་ཡིན། འཛམ་བུ་གླིང་ན་ང་ནི་རྒྱ་མི་ཡིན། རྒྱ་གར་གྱི་སྲང་ལམ་ན་ང་ནི་ཤོར་མ་ཞིག་ཡིན། ནག་ཉེས་ཅན་གྱི་རྐུན་མ་ཞིག་ཇི་བཞིན།
ངས་ཅི་ཞིག་བྱེད། ཐབས་ལམ་གཞན་ནི་མེད། ངས་༧རྒྱལ་བ་རིན་པོ་ཆེ་གྱོན། ངས་༧རྒྱལ་བ་རིན་པོ་ཆེ་འཕྱར། ངས་༧རྒྱལ་བ་རིན་པོ་ཆེ་ངོམ། མཐའ་མ་དེར། ༧རྒྱལ་བ་རིན་པོ་ཆེ་ངའི་ལག་འཁྱེར་ཡིན། ༧རྒྱལ་བ་རིན་པོ་ཆེ་ངའི་ལྟོ་གོས་ཡིན། ༧རྒྱལ་བ་རིན་པོ་ཆེ་ངའི་རྒྱལ་ཁབ་ཡིན། ༧རྒྱལ་བ་རིན་པོ་ཆེ་ངའི་ས་ཆ་ཡིན། རྒྱ་གར་བ་ཚོས་ཀྱང་ང་ལ། ཡེ་ ཌ་ལཱི་ལ་མ་ཀ་ ཨ་དྷི་མེ་ ཧེ་ ཟེར། ངས་ཀྱང་ང་༧རྒྱལ་བ་རིན་པོ་ཆེའི་མི་ཡིན་ལབ།
དེ་ལྟར་དུ་ངས་གོམ་པ་བསླབས། ཕ་བུ་གསོན་བྲལ་ལ་གོམས། འབྲས་ལྡ་ལི་ལ་གོམས། ཧིན་དི་ཁྱར་ཁྱོར་ལ་གོམས། ད་ཤི་བསམས་པ་ལན་གསུམ་མྱངས། ཚེ་ཐག་རིང་སོང་། མི་ཡུལ་ནས་མི་ཡུལ་ལ་སླེབས། ཟླ་བའི་ཕོ་བྲང་ལས་གཞན་འགྲོ་ས་མེད། ད་དུང་། ང་ནི་ལོ་ངོ་བཞི་བཅུ་བརྒལ་བའི་ཁྱོ་ག་ཞིག་དང་མི་མཚུངས། ངས་མུ་མཐུད་ནས་༧རྒྱལ་བ་རིན་པོ་ཆེ་ཕྲེང་བ་བཞིན་འདྲེན་དགོས་འདུག
ངའི་༧རྒྱལ་བ་རིན་པོ་ཆེ། སྐུ་ཚེ་བསྲིངས། ང་ལ་ད་དུང་ལོ་ངོ་བདུན་ཅུའི་སྐུ་ཚེ་དགོས། སྐུ་མཁྱེན། ངས་འཐེན་པའི་དར་ལྕོག་དེ་ཚོ་བསྐྱོད་བཞིན་འདུག གཟུངས་སྔགས་ཀྱི་རི་མོ་རྣམས་ཡོམ་ཡོམ་བྱེད། ང་དང་བཅས་པའི་གོ་ལ་ཟླུམ་པོའི་ཁོར་ཡུག་ཀུན་ན་གནས་བཅས་པའི་བོད་རིགས་ཚོས་དེ་རིང་གི་སྨོན་ལམ་རྣམས་མགྲིན་དབྱངས་གཅིག་གྱུར་ཡིན། ༧རྒྱལ་བ་རིན་པོ་ཆེ་སྐུ་ཚེ་བརྟན་པོར་ཤོག ཅེས་འདོན། ཐུགས་རྗེས་གཟིགས། སྐུ་ཚེ་སྲིངས།
ངས་ཉིན་ལྟར་ཁ་བརྡ་དྲ་བའི་རྩོམ་ཡིག་ཕལ་ཆེ་བ་ཀློག་བཞིན་ཡོད་མོད། ཡིན་ནང་ཡང་རྩོམ་ཡིག་འདི་བཀླགས་མི་འདུག ངོ་མ་རབ་གསལ་ལགས་ཀྱི་རྩོམ་ཡིག་འདི་ཚོར་བྲོ་བ་མ་འདྲ་བ་ཞིག་འདུག
ངའི་བལྟ་བའི་མིག ཁོག་པའི་སྙིང་། འཚོ་བ་བྱིན་པའི་ཨ་མ། འདི་ཕྱི་སྐྱོབས་པའི་སྐྱབས་གནས། ༧ ཡིད་བཞིན་གྱི་ནོར་བུ། སྐུ་ཚེ་ཁྲི་ལོ་བརྟན་པར་ཤོག །
་་་་་་ རྒྱ་གར་བ་ཚོས་ཀྱང་ང་ལ། ཡེ་ ཌ་ལཱི་ལ་མ་ཀ་ ཨ་དྷི་མེ་ ཧེ་ ཟེར། ངས་ཀྱང་ང་༧རྒྱལ་བ་རིན་པོ་ཆེའི་མི་ཡིན་ལབ། ་་་་་་ཟེར།
ཡེ་ ཌ་ལཱི་ལ་མ་ཀ་ ཨ་དྷི་མེ་ ཧེ་
ཞེས་པ་འདི།
ཡེ དྰལྰཡི་ ལྰམྰ ཀ ཨདམི ཧེེ།
ཏཱ་ལ་ཞེས་པ་བོད་སྐད་མིན། དེ་ནི་སོག་སྐད་དུ་རྒྱ་མཚོའི་དོན་ལ་འཇུག དེ་ཧིན་སྐད་ཀྱང་མིན། སོག་པོ་ཨལ་ཐན་རྒྱལ་པོས་བོད་ཀྱི་དགེ་ལྡན་པའི་བླ་མ་བསོད་ནམས་རྒྱ་མཚོར་ཆེ་བསྟོད་ཀྱི་མཚན་གསོལ་བ་ཞིག་ཡིན་ཞིང་། རྗེས་སུ་རྒྱལ་མཆོག་དགེ་འདུན་གྲུབ་དང་། དགེ་འདུན་རྒྱ་མཚོ་སོ་སོར་ཡང་ཏཱ་ལའི་བླ་མའི་སྐུ་ཕྲེང་དང་པོ་དང་། གཉིས་པའི་མཚན་དེ་གསོལ་ཞིང་། ཆིང་ཧྲུན་ཀྲིའི་ཁྲི་ལོ་བཅུ་པར་བློ་བཟང་རྒྱ་མཚོ་མཆོག་ལ་ཏཱ་ལའི་བླ་མ་སྐུ་ཕྲེང་ལྔ་པ་ཞེས་བྱ་བའི་ཆོ་ལོ་བསྩལ་ནས་ད་ལྟ་བར་སྐུ་ཡི་ཕྲེང་བ་བཅུ་བཞི་བྱུང་ཡོད།
བོད་རྒྱ་ཚིག་མཛོད་ལྟར་བྲིས། བསམ་ཚུལ་ཞིག་ནི། ཏཱ་ལའི་ཞེས་འབྲེལ་སྒྲ་དང་བཅས་འབྲི་དགོས་མིན་ལ་དཔྱད་དགོས་པ་ཞིག་འདུག་སྙམ། བོད་རྒྱ་ཚིག་མཛོད་ལས། ཏཱ་ལའི་བླ་མ། དོན་དུ་རྒྱ་མཚོ་བླ་མ་ཞེས་བྱ་ཞིང་། ༼ལའི་༽ཞེས་པ་འབྲེལ་སྒྲའི་ཕྲད་སྒྱུར་འདིའི་ནང་ཚུད་དགོས་པས། དཔེར་ན། ཏཱ་ལའི-རྒྱ་མཚོའི་བླ་མ་ཞེས་བཅོས། གལ་ཏེ་འབྲེལ་སྒྲ་མེད་ཅིང་དབྱངས་བཞི་པ་ཨེའི་གདངས་སུ་འབོད་པ་ཡིན་ཞེས་ན་ནི།( ལའི) མིན་ཞིང་ ལེ་རང་འབྲི་དགོས་སྙམ། ཧིན་སྐད་དུ་ཡང་བོད་སྐད་ནས་ཕར་བསྒྱུར་ན། दलाई ཞེས་པ་དེ་ཕལ་ཆེར་ནོར་བ་ཞིག་མིན་ནམ། ༼ཏཱ་ ता༽ ལྟར་མིན་ནམ།