ཆུ་སྐྱེས་སྒྲོལ་མས།
ལེའུ་དང་པོ། གཅུང་པོར་བསྐུར་བའི་སྙིང་གཏམ།
ཞོགས་པའི་མཁའ་རླུང་གཙང་ཞིང་བསིལ་ལ། བྱེའུ་ཆུང་འཇོལ་མོས་སྐད་སྙན་བར་མེད་སྒྲོག་བཞིན། ལྗོན་པའི་གསེབ་དང་ཨ་སྔོན་གྱི་དབྱིངས་ལ་རང་དབང་གིས་འཕུར་ལྡིང་བྱེད་དུས། ཞི་བདེའི་གྲིབ་ངོགས་ན་ཞི་བསིལ་འོད་སྣང་གིས་འཚོ་བའི་རང་དབང་ལ་བཙན་འཛུན་གྱི་མུན་པ་བསྟིབས་ནས་གཞིས་བྱེས་གཉིས་སུ་གྱེས་པ་དང༌། དེ་བཞིན་བྱེས་ནས་གཞིས་དང་གཞིས་ནས་བྱེས་ཀྱི་དྲན་གདུང་གི་སྡུག་བསྔལ་འདི། རང་དབང་གི་འོད་སྣང་ཡུག་གཅིག་གིས་ཁྱབ་པར་གྱུར་ན་ཅི་མ་རུང་གི་འདུན་པ་ཤུགས་དྲག་སྐྱེས་བྱུང་བས་རྐྱེན་བྱས་ཏེ། རང་དབང་གི་གཞིས་ཁྱིམ་གཡར་པོ་འདི་དང་མུན་གླིང་དུ་འཚོ་བའི་རང་ཡུལ་དང་སྤུན་ཟླ་རྣམས་ཡིད་ཀྱི་མེ་ལོང་ངོས་སུ་འཆར་བ་གཉིས་བསྡུར་ཏེ། རང་སེམས་ཀྱི་སྐྱོ་གདུང་སངས་ཆེད་མཁའ་དབྱིངས་ན་འཚེར་བའི་ཁུ་བྱུག་སྔོན་མོ་ཕོ་ཉ་ལ་བཀུག་ནས་རང་གི་གཅུང་པོར་སྙན་ཚིག་གིས་བཏུམས་པའི་སེམས་འཕྲིན་འདི་འབྲི་འགོ་བཙུགས་པ་ཡིན།
འདི་ལྟར་ལགས་སོ།། ང་རང་ནི་ཁུ་བྱུག་ལ་དགའ་ཞིང་སྙན་ངག་ལ་དུང་བ་ཞིག་དང༌། ཁུ་བྱུག་ནི་བོད་ས་མཐོ་གྲང་བའི་ཡུལ་དང་ཁྱིམ་མཚེས་རྒྱ་གར་ཚ་བའི་ཡུལ་གཉིས་བར་ལོ་རེ་བཞིན་རྒྱུ་འགྲུལ་བྱེད་པའི་ཕྱོགས་གཉིས་ཐད་ཀྱི་གསང་བ་རྟོགས་པའི་ལྟད་མོ་བ་ཞིག་ཡིན་པ་དེའི་ཕྱིར་ན། ཏག་ཏག་ངས་འདི་ལྟར་བསམ་ཞིང་ཁུ་བྱུག་ལ་རེ་བའི་སེམས་པ་དང་འདྲ་བར། གཅུང་པོས་ཀྱང་ཁུ་བྱུག་ལ་སྨོན་ཞིང་སེམས་ཚོར་གླེང་བཞིན་ཡོད་པར་ཐེ་ཚོམ་ཅི་ལ་དགོས། ངེད་གཉིས་ལ་མཚོན་ན། ཁུ་བྱུག་ནི་ཕན་ཚུན་གཉིས་ཐད་ནས་སྨོན་སེམས་འབུལ་ཡུལ་ལགས་སྟབས། དེ་རིང་ཁ་བྱུག་ཕོ་ཉར་བཀུག་པའང་གནས་ལུགས་དང་མཐུན་པའི་རང་བཞིན་ཞིག་ཡིན།
འདི་ནས་ཡུལ་གྱིས་བསྐལ་བའི་རྒྱང་རིང་གི་ཡུལ་ན།།
མ་བཅོས་སྙིང་ནས་དྲན་པའི་བརྩེ་ལྡན་གྱི་གཅུང་པོ།།
ཉེས་མེད་བཙོན་ལས་སྡུག་པོས་ལང་ཚོ་ལ་གཟས་དེ།།
བསམ་ཞིང་སེམས་པ་སྐྱོ་སྐྱོའི་རང་བཞིན་འདི་སྐྱོ་ཨང༌།། ༡
ཤོག་བུའི་ཞིང་སར་བཏབས་པའི་སེམས་གཏམ་གྱི་མེ་ཏོག།
རྒྱ་ཁྲིམས་སད་སེར་ངན་པས་ཡང་ཡང་དུ་བཅོམ་པས།།
སེམས་ལྡན་རྣ་བའི་དར་ལ་སྙིང་གཏམ་རེ་བརྒྱུས་ཀྱང༌།།
དེ་ཡང་གཅུང་པོའི་སྙན་ལ་འཁྱོལ་ཐབས་ཤིག་མ་བྱུང༌།། ༢
ད་ནི་གཅུང་པོ་དྲན་པའི་སྡུག་བསྔལ་གྱི་ཁུར་པོས།།
ལུས་དང་ལང་ཚོ་བཅོམ་པའི་སྐྱོ་ཡུས་འདིར་བསམ་ཞིང༌།།
ནག་མོ་ཁོལ་བོ་བཙན་པོའི་བཀའ་ཁྲིམས་ཀྱིས་སྤྱུགས་ཀྱང༌།།
སྤྲིན་པར་སེམས་གཏམ་སྤྲིངས་པའི་ལམ་ཁ་འདི་དྲན་བྱུང༌།། ༣
ཀྱེ་ཀྱེ་ལྷོ་བྱང་འཛིན་མར་དབྱར་དགུན་གྱིས་བཞུད་ཅིང༌།།
ཞི་བདེའི་ནགས་ན་རྒྱུ་བ་ཁུ་བྱུག་ཁྱོད་མཁྱེན་ནོ།།
གཅེན་མོས་ཡིད་ཀྱི་སྐྱོ་གཏམ་སྙན་ངག་གིས་བཏུམས་ཏེ།།
གཅུང་པོར་ཕུལ་འདི་བསྐྱལ་བའི་ཕོ་ཉ་བ་གནང་རོགས།། ༤
གང་ཞིག་གསོལ་ཞིང་སྨོན་པའི་སེམས་གཏམ་གྱི་རི་མོ།།
དབྱངས་སྙན་རྟ་བ་སྟོང་གི་གོམ་སྒྲ་ལ་བཏགས་ཏེ།།
ལྕགས་དྲས་ལུས་སེམས་བསྡམས་པའི་གཅུང་པོ་ཡི་སྙན་ལ།།
སེམས་པ་ལག་པས་བཏེགས་པའི་འཕྲིན་པ་འདི་འཁྱོལ་མཛོད།། ༥
ཆོས་ཀྱི་མགྲོན་ས་ལྷ་ཡི་དགའ་ཚལ་བཞིན་མཛེས་ཀྱང༌།།
རྒྱལ་བ་ས་ཡི་ཚངས་ཆེན་གཞན་དོན་གྱིས་ངལ་བཞིན།།
མཚན་ཡང་ཉིན་མོར་བྱེད་པའི་མཛད་འཕྲིན་གྱི་འོད་ཀྱིས།།
རིགས་དྲུག་གཡུ་ལོ་སྐྱོང་བ་བདེ་སྐྱིད་ཀྱི་གཞི་རྩ།། ༦
དགའ་བ་བརྒྱ་ལྡན་ཕོ་བྲང་སྔར་ལས་ཀྱང་རྒྱས་ཤིང༌།།
དེ་ཡི་གྲིབ་བསིལ་སྣུམ་པོའི་འཇུག་ངོགས་ན་འཚོ་བའི།།
བྱེས་འཁོད་ཆབ་འབངས་མང་གཙོ་དམ་པ་ཡི་ལམ་དུ།།
དཀྲིས་པའི་འོད་གསལ་མ་འོངས་རང་དབང་ལ་སྦྲེལ་འདུག། ༧
འོན་ཏེ་བློ་མིག་ལྡོང་བའི་ཅོལ་ཆུང་གི་རིགས་ཀྱིས།།
དགོས་མེད་ལུང་ཚན་ཆོས་རྒྱུད་འཐེན་འཁྱེར་གྱི་མུན་པ།།
རླུང་ནག་དྲག་པོའི་རྐྱེན་ངན་གོ་སྐབས་སུ་ལྟ་བཞིན།།
ནང་ཟིང་འཁོར་ལོ་བསྐོར་དག་དགྲ་བོ་ལས་སྡུག་པ།། ༨
དམར་སེར་ཐུན་མཚམས་གསར་པའི་ཆོས་གོས་རེ་གྱོན་ཏེ།།
ངོ་ཚའི་གོས་བྲལ་རྒྱ་འདྲེ་མགོན་ལྷ་རུ་བཀུར་ནས།།
བོད་དོན་དཀྲུག་ཅིང་དབྱེན་སྦྱོར་ཁ་སྟབས་ལ་རྔམ་པ།།
མི་ལ་ཁྱི་གཤིས་གོམས་པའི་རང་རྟགས་སུ་མཐོང་ངོ༌།། ༩
གཞོན་སྐྱེས་ལང་ཚོ་རང་སྲོག་དྭངས་མ་ཡིས་བཏང་སྟེ།།
ར་མ་ལུག་གི་ཆ་ལུགས་སྐད་ཡིག་དང་འགྲོགས་ནས།།
དགོས་མེད་བེད་སྤྱོད་མང་པོས་རང་སེམས་ཀྱང་བསླུས་འདིས།།
སེམས་དང་མངོན་འདོད་བར་ཐག་ཇེ་རིང་ནས་ཇེ་རིང༌།། ༡༠
འཇིག་རྟེན་འདི་ཡི་རང་གཤིས་མགོ་བོ་དེ་ལྡོག་གམ།།
རྒན་དར་གཞོན་གསུམ་སྙིང་ལ་གདོན་ཆེན་ཞིག་ཞུགས་སམ།།
ཕྱི་གླིང་ཡུལ་ལ་འགྲོ་རྒྱུའི་རི་མོ་དེ་འཆར་སྐབས།།
འཇམ་པོའི་རྨི་ལམ་དེ་ཡང་དུག་ཆུ་ཡིས་བཟི་སོང༌།། ༡༡
གཡོ་སྒྱུའི་རང་གཤིས་བཏུམ་ནས་འཇོན་པོ་རུ་རློམ་བཞིན།།
སྤྱི་དོན་ཁ་ལ་འཁྱེར་ནས་སྒེར་དོན་ལ་འབད་དག།
གསེར་དངུལ་ལུས་ལ་བརྒྱན་པའི་ལྟད་མོ་འདི་མཐོང་དུས།།
བསོད་ནམས་བརླན་གྱིས་བཏང་སྙམ་སེམས་པ་འདི་སྐྱོ་བ།། ༡༢
འདི་ནས་བྱང་ལ་འཐེན་པའི་ལམ་ཆེན་གྱི་སྣེ་ན།།
ངོ་མཚར་པིར་གྱིས་བྲིས་པའི་མི་ཡུལ་གྱི་ལྷ་ས།།
དམར་པོའི་བྱུས་ཀྱིས་དཀྲོགས་པའི་ཅ་ཅོ་ཡི་ཀློང་ན།།
སེམས་རྩ་ལྕགས་ཀྱིས་བསྡམས་པའི་གཅུང་པོ་ཡིས་སྒུག་ཡོད།། ༡༣
དེས་ན་ཉེར་དགོངས་ཁུ་བྱུག་གྲོགས་འཕྲིན་གྱི་ཕོ་ཉ།།
ཞུ་གསོལ་གཏམ་དག་བསིལ་ཟེར་ཨ་ལུང་ལ་བརྒྱུས་ནས།།
རེ་ཞིང་སྨོན་པའི་སྐྱབས་འཇུག་ཐུགས་དབུས་སུ་ཉར་ཏེ།།
རྒྱུ་འགྲུལ་ལམ་རྒྱུས་རི་མོ་མ་ནོར་བ་གནང་རོགས།། ༡༤
དབྱར་དགུན་དབྱེ་བ་མེད་པའི་རྒྱ་གར་གྱི་མཛེས་ལྗོངས།།
ཉིན་མཚན་སྣང་བ་དོད་འདི་ངོ་མཚར་དུ་གྲུབ་ཀྱང༌།།
དེར་ནི་ཁྱེད་ཀྱིས་བསྐལ་བ་མང་པོ་རུ་གཟིགས་པས།།
ད་ནི་ཡུད་ཅིག་མ་ཞེན་ལ་མོ་རུ་ཕེབས་རོགས།། ༡༥
རྡ་ས་ནགས་མའི་ཚལ་འདི་ལྷ་ཡུལ་ལས་སྐྱིད་ཅིང༌།།
རི་ཀླུང་ཞིང་གི་གོས་ཆེན་ལྷ་གོས་ལྟར་མཛེས་སོགས།།
སེམས་ལྡན་ཀུན་གྱིས་སྨོན་པའི་གནས་མཆོག་འདི་བཞག་ནས།།
ཁྱེད་རང་ཕྱོགས་སུ་མངགས་པ་སྐྱོ་ཡུས་སུ་མ་སྒོམས།། ༡༦
གནའ་དེང་བརྗིད་ཉམས་མངོན་པའི་ཆེ་ཆུང་གི་གྲོང་ཁྱེར།།
བཟོ་གྲྭ་རླངས་འཁོར་མང་པོའི་དུད་སྤྲིན་གྱིས་བཏུམས་པར།།
མ་བགྲོད་ཁྱེད་ལུས་མཛེས་ཉམས་ནག་པོ་རུ་བཟོས་ཏེ།།
ལྷ་བྱའི་གཟི་ཤུགས་ཉམས་དམས་ནག་ཅན་དུ་བསྒྱུར་དོགས།། ༡༧
གཞན་ཡང་ཆང་དང་ཐ་མག་དྲི་ངན་གྱིས་བཟི་ཚེ།།
ངས་ནི་ཁྱོད་སེམས་ཤེལ་གྱི་སྟེགས་བུ་ལ་བརྐོས་པའི།།
སྙིང་གཏམ་ཚིག་གི་སྤྲོས་པ་བརྒྱ་ཚར་གྱིས་མཛེས་འདིའི།།
ལང་ཚོ་རྙིད་པར་འགྱུར་ལ་ཐེ་ཚོམ་ཡང་ཆེ་འོ།། ༡༨
དེས་ན་ནགས་མ་ནགས་མའི་རྩེ་མོ་ལ་བབས་ཏེ།།
རི་ཀླུང་ཐང་ཡངས་གཤོག་འགྱུར་འགྲོས་ཤུགས་ཀྱིས་བཅད་ནས།།
ལྷ་ལྡན་གྲྭ་བཞི་བཙོན་མཁར་ལྕགས་རིའི་རྩེ་མོ་རུ་བོབས་ལ།།
ཕྱི་ནང་ཉེན་ཁར་བྱ་ར་མ་འཕྱུག་པ་གནང་དགོས།། ༡༩
གྲོག་རོང་གཏོར་མ་འདྲ་བའི་འགག་སྒོ་རྣམས་གཤགས་ནས།།
ཁྱེད་ཉིད་ལན་མང་བཞུད་པའི་བོད་ས་ལ་སླེབས་མཚམས།།
བློ་དང་བཀོད་པ་ཐབས་དང་ཤེས་པ་རྣམས་བསྡུས་ནས།།
རང་ཉིད་རང་གིས་སྲུང་ལ་ཤ་ཐང་དུ་འབད་དགོས།། ༢༠
ཅི་ཕྱིར་དེ་ན་རྒྱ་འདྲེའི་མེ་མདའ་ཡི་སོ་ཁུང༌།།
ས་འོག་གཏེར་དང་དབྱིངས་ཀྱི་བྱ་ལའང་གཟས་དག།།
རྩེ་མོ་འཛིངས་པའི་རྩེ་ལ་གཤོག་སྣེ་ཙམ་ཐོགས་ཚེ།།
དེ་ཡིས་རང་གི་ལུས་དང་སྲོག་རྩ་ལ་གནོད་ཆེ།། ༢༡
སྔོན་ནས་འདྲིས་ཤིང་གོམས་པའི་ཀེང་རུས་ཀྱི་རྩེ་ལ།།
ད་ནི་སྔར་བཞིན་ངལ་གསོའི་སྟེགས་བྱེད་དེ་སྤངས་ཤིང༌།།
བདག་ཚབ་ཁྱོད་ཀྱིས་གནང་ནས་གུས་ཉམས་ཀྱི་ཕྱག་བཅས།།
དང་པོའི་ཚིག་གི་གསོལ་བ་འདི་ལྟར་དུ་འདེབས་རོགས།། ༢༢
བོད་འབངས་བདེ་སྐྱིད་དཔྱིད་ཀྱི་དགའ་སྟོན་གྱི་ལང་ཚོ།།
ཉམས་མེད་བརྟན་པར་སྲུང་ལ་ལུས་སྲོག་ཚུན་ཕུལ་བའི།།
བྱས་པ་རྗེས་འབྲེལ་རི་མོ་སེམས་ངོགས་སུ་བྲིས་ནས།།
ཁྱོད་ཚོའི་ཞབས་རྗེས་ང་ཚོས་འདེད་བཞིན་ཞེས་ཞུ་རོགས།། ༢༣
གངས་ཀྱི་གླེགས་བམ་བརྩེགས་པའི་ལྕགས་རི་ཡི་ནང་ན།།
སུམ་རྩེན་ས་ལ་འཕོས་འདྲའི་ས་སྐྱ་ཡི་ཕོ་བྲང༌།།
མཇལ་བའི་མོད་ལ་དད་པའི་ཕུང་པོ་དེ་བརྩེགས་ནས།།
འགྲོ་མགོན་ཆོས་རྒྱལ་འཕགས་པར་གསོལ་བ་ཞིག་འདེབས་རོགས།། ༢༤
དྲིལ་ཆུང་སྟོང་གི་སྒྲ་དབྱངས་ཕྱོགས་བཅུ་ལ་འཕུར་བའི།།
རྒྱང་རྩེ་དཔལ་གྱི་མཆོད་རྟེན་གནམ་འདེགས་ཀྱི་ཀ་བས།།
ནོར་འཛིན་ལྕིད་ཀྱིས་མནན་པའི་འཁུན་སྒྲ་དེ་ཆེ་ཡང༌།།
དེར་ཡང་དད་གསུམ་ཕྱག་གིས་མཆོད་བསྟོད་ཅིག་ཞུ་རོགས།། ༢༥
ཡན་ལག་བརྒྱད་དང་ལྡན་པ་ཡར་ཀླུང་གི་གཙང་པོ།།
ལྷ་ཡིས་སྨན་དུ་བསྐྱེད་པའི་ལྷ་ཆབ་རང་ལགས་ན།།
དེར་ནི་ཁྲུས་ལ་རོལ་ནས་ཚ་ཡུལ་གྱི་རྡུལ་རྣམས།།
གཙང་ཞིང་དག་པར་བྱས་ཏེ་བྱང་ཕྱོགས་སུ་བསྐྱོད་འཚལ།། ༢༦
ལྷ་དབང་འཁོར་ཚོགས་འདྲེན་བྱེད་རི་མོ་རུ་བཀོད་དེ།།
སྤྲིན་པའི་ཡོལ་བར་ཡིབ་ནས་བལྟ་མོ་ལ་བྲེལ་གནས།།
མཛེས་སྡུག་རྣམ་པར་བཀྲ་བའི་གངས་ལྗོངས་ཀྱི་སྒེག་མོའི།།
ཡོན་ཏན་ཆེ་དག་ལོངས་སུ་སྤྱོད་བཞིན་དུ་བཞུད་ཅིག། ༢༧
ལྷ་ལྡན་ཕ་ཡུལ་སྒེག་མོ་མཛེས་པ་ཡི་པང་ཁར།།
བྱུ་རུའི་དོག་པོ་བརྩེགས་འདྲའི་པོ་ཏཱ་ལའི་ཕོ་བྲང༌།།
བོད་ཡུལ་མཛེས་སྡུག་སྟོང་གི་སྲོག་རྩ་དེ་མཇལ་དུས།།
ལན་གསུམ་ཕྱག་གིས་མངོན་པར་བསྟོད་པ་དེ་མ་བརྗེད།། ༢༨
མ་ལུས་འདོད་རྒུ་ཚང་བའི་རང་ཡུལ་གྱི་ཕུན་ཚོགས།།
མ་ལུས་སྐྱེ་བོའི་བཀྲེས་སྐོམ་སྡུག་བསྔལ་གྱི་དྲ་བ།།
མ་ལུས་གཅོད་པའི་སྙིང་སྟོབས་བཙན་པོ་ཡི་གོ་ཆས།།
མ་ལུས་གཞོམ་འདོད་ངའི་སེམས་མཆོད་རྫས་སུ་བསྟར་རོགས།། ༢༩
སྲིད་པའི་སྲིད་པར་བཞད་ལེགས་ཆབ་སྲིད་ཀྱི་མེ་ཏོག།
རྒྱ་དམར་སྲིན་པོས་བཅོམ་པའི་གཡུལ་ས་དེ་མཇལ་དུས།།
བདེན་པ་རྫུན་ལས་རྒྱལ་ངེས་ཆོས་ཉིད་ཀྱི་རོལ་མོ།།
དབྱངས་ཀྱི་འགྱུར་བར་དྲངས་ནས་གསེང་མཐོ་རུ་སྒྲོག་ཅིག། ༣༠
སྲིན་པོས་འདྲེ་ལག་བརྐྱངས་པའི་རྨ་རྗེས་ཀྱིས་བརྣད་པའི།།
ས་མཐོའི་གངས་ལྗོངས་ཞིང་གི་ཉམས་ཆག་གི་རི་མོ།།
ད་རེས་ཞིབ་ཀྱིས་མཇལ་དུས་ཁྱོད་སེམས་ཀྱང་སྐྱོ་ཡང༌།།
དེར་ནི་མི་རྟག་གཤིས་ཀྱི་ཆོས་ཉིད་ཀྱིས་ཡིད་གསོས།། ༣༡
མི་ཕྱུགས་ཀུན་ལ་མི་ཐེག་ཁུར་པོ་དེ་ལྕི་ཞིང༌།།
ཤ་མར་ཕྱུར་བ་ཚུན་གྱི་ཁྲལ་རིགས་ཀྱིས་གཅུན་ནས།།
མགོ་བོ་འདེགས་པའི་ནམ་མཁའ་དོག་པོ་རུ་བྱས་དེ།།
ལན་གསུམ་དཔྱད་པས་ཕྱིར་ལན་དང་པོ་རུ་བསྣམས་རོགས།། ༣༢
ད་ནི་ཉི་མ་ལྷ་ཡི་གྲོང་ཁྱེར་ན་སྡོད་ཀྱང༌།།
ཁྲིམས་ལས་སྣ་དགུས་ལུས་སེམས་གཉིས་མེད་དུ་མནར་བཞིན།།
བདེན་པ་བདེན་སར་འཁྱོལ་བའི་ཞབས་འདེགས་ལ་བརྩོན་པའི།།
བརྩེ་ལྡན་གཅུང་པོའི་ལུས་ཀྱི་འཁྲི་ཤིང་ལ་བོབས་ཤིག། ༣༣
ཧ་ཅང་ལྕིད་ཀྱིས་མ་མནོན་སྡུག་སྣོན་དུ་འགྱུར་ཉེན།།
གཤོག་རླབས་ཤུགས་ཀྱིས་མ་རྡེག་སྐྱོ་སྣོན་དུ་འགྱུར་ཉེན།།
གང་ཞིག་སྨྲ་བའི་དང་པོར་ཕོ་ཉ་ཞེས་མ་བརྗོད།།
དྲན་པས་ལུས་པོ་བསྒྱེལ་ན་ཁྲིམས་ཆད་དེ་ཇེ་ལྕི།། ༣༤
སེམས་གསོའི་ཚིག་དག་སྙན་པའི་རྟར་དྲོངས་ལ།།
ཕྱོགས་ཀྱི་གཏམ་རིགས་སྣ་ཚོགས་བསྟར་བའི་ནང༌།།
གུས་མོའི་སེམས་འཕྲིན་སྤོད་སྣའི་ཁ་ཚར་གྱིས།།
ཞིབ་མིན་རགས་མིན་ལམ་ནས་གཅུང་པོར་སྦྲོན།། ༣༥
དང་པོ་ཁམས་བདེ་དྲིས་ན་མི་དགྱེས་སྟབས།།
སྐྱབས་མགོན་ཡིད་བཞིན་ནོར་བུ་བདེ་འོ་ཞེས།།
ཐོག་མའི་ཚིག་གི་སྒོ་མོ་འབྱེད་པ་ལས།།
གཞན་གྱི་སྒོ་ཞིག་མ་འབྱེད་ཁུ་བྱུག་ཀྱེ།། ༣༦
དེ་ནས་ཞིབ་པ་ཞིབ་པའི་ཚིག་སྒྲ་ཡིས།།
རྒྱ་ཁྲིམས་ལྕགས་སྒྲོག་སིལ་སྒྲ་མནོན་བྱས་ཏེ།།
གཅུང་པོའི་སྙན་ལ་སེམས་ཀྱི་འཕྲིན་འདི་ཡི།།
དོན་རྣམས་སེམས་ལ་ཟུག་པའི་རི་མོར་གྱིས།། ༣༧
གཅུང་ཁྱོད་ལང་ཚོའི་ལུས་ཀྱིས་ཆོས་སྲིད་དོན།།
ཕྲག་ཏུ་བླངས་ནས་ཁྲིམས་ཀྱི་སྒོར་ཚུད་ཅིང༌།།
མི་ཉམས་སྙིང་སྟོབས་དཔུང་བ་བརྟན་བརྗིད་ཀྱིས།།
བདེན་པར་སེམས་པ་བཏགས་པར་གཅེན་མོ་དགའ།། ༣༨
ཉིན་དང་མཚན་བཞིན་བཙོན་ལས་ལྗིད་ཤུགས་ཀྱིས།།
མནོན་ཡང་དེ་ནི་བོད་འབངས་བདེ་ཐབས་ཀྱི།།
གཞོགས་འདེགས་ལྷག་བསམ་དག་ལས་ཐོབ་ལགས་སྟབས།།
འཇིགས་མེད་སེམས་རྩ་སྔར་བཞིན་བརྟན་པ་དགོས།། ༣༩
རྐང་ལག་ལྕགས་ཀྱིས་བསྡམས་ཀྱང་དུས་བཅད་ཙམ།།
སེམས་པ་སྡུག་གིས་མནོན་ཡང་སྔ་རྗེས་ཙམ།།
གནས་ལུགས་མཐིལ་གྱི་བདེན་པ་ང་ཚོར་ཡོད།།
ནམ་ཞིག་བདེ་སྐྱིད་དཔལ་དེ་ཐོབ་བྱ་ཉིད།། ༤༠
རྒན་རབས་བཙོན་པར་ཞབས་ཞུ་ཚུལ་བཞིན་དང༌།
གཞོན་རབས་བཙོན་པར་རང་གི་ཁ་ཟས་ཚུན།།
འབད་པས་འདེགས་པའི་གཏམ་དེ་བས་མཐའ་འདིར།།
ཡང་ཡང་འབྱོར་བས་བདག་ཀྱང་སེམས་པ་དྲོ།། ༤༡
གང་དུ་བསྡད་ཀྱང་བོད་ཀྱི་སྤྱི་དོན་སོམས།།
གང་ལ་བཞུད་ཀྱང་བོད་ཀྱི་རྩ་དོན་སྒོམས།།
འདི་ནི་རང་རེ་གཞིས་དང་བྱེས་གཉིས་ཀྱི།།
ཐུན་མོང་དམིགས་ཡུལ་སྒྲུབ་པའི་གཞི་རྟེན་ཡིན།། ༤༢
གངས་ཅན་བདེ་སྐྱིད་ཆེད་དུ་ཚེ་སྲོག་ཚུན།།
གཏའ་མར་འཇོག་ཕོད་ཁྱེད་ཚོའི་སྙིང་སྟོབས་དང༌།།
སེམས་ཤུགས་མེ་ལྕེས་རྒྱལ་སྤྱིའི་ཁྲོམ་གཤགས་ཏེ།།
དགྲ་རྒོལ་དམ་ཚིག་འཇིག་རྟེན་ཁྱོན་དུ་བརྡལ།། ༤༣
འདི་ན་རྒྱལ་དབང་སྲིད་པ་གསུམ་མགོན་གྱིས།།
ཆོས་སྲིད་གསེར་གྱི་འཁོར་ལོའི་མཛད་རླབས་ཀྱིས།།
ཡངས་པའི་འཛིན་མ་ཞི་དང་བདེ་བའི་སར།།
བཀོད་པའི་མེ་ཏོག་དབྱར་གྱི་དཔལ་ཡོན་བཞིན།། ༤༤
འདི་ན་གཙུག་ལག་སློབ་པའི་བྲེལ་ཟིང་དང༌།།
ཉིན་སྣེ་མཚན་ལ་སྦྲེལ་བའི་དགའ་སྟོན་གྱིས།།
ཇི་ལྟར་བསྐལ་བའི་མཐའ་ལ་མ་ཐུག་བར།།
རིག་གཞུང་ཁང་བཟང་འདེགས་པའི་གཞི་བརྟན་ནོ།། ༤༥
ཁྱེད་ཅག་ལྕགས་ཀྱི་ར་བ་དང༌།།
ལྕགས་ཀྱི་སྒྲོག་དང་ལྷན་ཅིག་ཏུ།།
སྡོད་ཀྱང་ཅི་མི་སྙམ་པ་འགས།།
དགྲ་བོར་བསྟོད་གླུ་ལེན་དག་དང༌།། ༤༦
རང་གི་ལྟོ་གོས་འབའ་ཞིག་ཆེད།།
དགྲ་ངོ་སྲུང་བའི་ཁྱི་དག་དང༌།།
ནང་བཤིག་ལས་ཀར་བརྩོན་དང་ཀྱང༌།།
ནམ་ཞིག་རང་ཉིད་ངོ་འཕྲོད་ནས།། ༤༧
བོད་འབངས་སེམས་ཀྱི་རེ་བའི་དོན།།
སྒྲུབ་ལ་མངོན་དུ་ཕྱོགས་ངེས་ན།།
དེ་འདྲ་སེམས་ཤུགས་ཆག་རྐྱེན་དུ།།
དགོངས་མི་རུང་བ་གནད་དུ་ཆེ།། ༤༨
སྙིང་སྟོབས་མེ་ལྕེ་དགུང་དུ་འཕྱུར་བ་དུས་ཀྱི་མེ་ཡི་རླབས་ཞགས་ཀྱིས།།
བདེན་པ་སྦར་ནས་དགྲ་བོའི་སྙིང་ལ་ཡང་ཡང་གཙེས་པའི་ངར་ཤུགས་ཀྱིས།།
དེང་ནི་དགྲས་ཀྱང་བདེན་དོན་གླེང་ཤུགས་ཆེ་ནས་ཆེ་བ་མེ་དཔུང་བཞིན།།
སྦར་འདི་གཉིས་ཕན་དགེ་མཚན་སྣུམ་གྱིས་ཡོངས་སུ་འཁྱུད་པའི་རྟགས་སུ་ཟུངས།། ༤༩
རང་གིས་དམ་དུ་བཅོས་པའི་དོན།།
སྲོག་ལ་ཐུག་ཀྱང་མ་དོར་བར།།
བདེན་པའི་ཁུ་ཚུར་གནམ་འཕྱར་བ།།
ཁྱེད་ཅག་དྭངས་པའི་སེམས་ཀྱིས་མཆོད།། ༥༠
ཀྱེ་ཀྱེ་གཅུང་ཁྱོད་མི་རིགས་ཀྱི།།
བདེ་སྡུག་སེམས་ལ་བརྐོས་པའི་རིས།།
མི་རིང་མྱུར་དུ་མངོན་འགྱུར་གྱི།།
དུས་བཟང་དམ་པ་འཆར་ཉེ་འོ།། ༥༡
རྒྱ་ཁྲིམས་བཙན་པོས་ལུས་སེམས་གཏགས་ན་ཡང༌།།
འཆི་མེད་ཚེ་ཡི་སྲོག་ཟུངས་བློས་གཏོང་གིས།།
བཞུགས་དག་ཚེ་ཡི་ཀ་བ་བརྟན་པར་ཤོག།
ལྷན་འཛོམས་སྐལ་བ་བཟང་པོ་མྱུར་འཆར་ཤོག། ༥༢
སེམས་འཕྲིན་འདི་ལྟར་ཁུ་བྱུག་ཅིག་ལ་གསང་སྟབས་ཀྱིས་བསྐུར་བ་དེ། ཁུ་བྱུག་གིས་ཀྱང་དྲིན་ཆུང་དུ་མ་བཏང་བར་མངགས་དོན་ཇི་མ་ཇི་བཞིན་བསྐྱལ་ཞིང༌། དེར་གཅུང་པོས་སྤྲོ་སེམས་དང་བཅས་ཏེ་ཕྱིར་ལན་བསྩལ་བ་གུས་མོས་ཡང་དང་ཡང་དུ་ཀློག་ཅིང༌། དེ་རིང་ཀློག་མཁན་ཚང་མར་ཡོངས་ཁྱབ་ཏུ་བཀྲམས་པ་ཡིན།
ལེའུ་གཉིས་པ། གཅུང་པོའི་གཏམ་ལན།
དེ་རིང་ནི་རེ་བཟའ་ལྷག་པ་སྟེ་༧གོང་ས་སྐྱབས་མགོན་ཆེན་པོའི་སྐུའི་འཁྲུངས་སྐར་དུས་ཆེན་རེད། ང་ནི་ནམ་རྒྱུན་ལྟར་བཙོན་ལས་ལ་མ་བྲེལ་རང་བྲེལ་གྱིས་ཡོད། དེ་རིང་གི་ནམ་མཁའ་དྭངས་ཤིང་གསེར་མདོག་གི་ཉི་འོད་ཕྱོགས་བཞིར་ཁྱབ་ནས་ཡོད་པའི་གནམ་གཤིས་འདི་ཧ་ཅང་ཉམས་དགའ་བར་ཡོད་ནའང༌། དད་ལྡན་བོད་མི་རྣམས་ཀྱིས་བར་སྐོར་དང་གླིང་སྐོར་ལམ་ནས་བསང་གསོལ་བྱས་པའི་དྲི་བསུང་རླུང་གི་རྟ་ཕོར་བཞོན་ནས་བཙོན་ཁང་ནང་འཐུལ་འོང་དུས། བོད་མི་དེ་རྣམས་ཀྱི་སེམས་པ་ནི་ཁ་བའི་མདོག་ལྟར་དཀར་ཞིང་གཙང་ལ། མིག་གཉིས་ལ་ཆུ་ཞག་འཁོར་ནས་གོ་རྒྱུ་མེད་པའི་སྨོན་ལམ་མང་དག་ཅིག་རྒྱག་བཞིན་པའི་སྣང་བརྙན་དེ་ཡིད་ལ་འཆར་གྱི་འདུག་པ་ལས་གཞན་ནི་ནམ་རྒྱུན་ལྟར་ལགས། ཁོང་ཚོས་ཅི་ཞིག་ལ་རེ་བ་དང༌། སུ་ཞིག་དང་འཕྲད་འདོད་ཀྱི་སྨོན་ཚིག་དེ་ངས་མི་གོ་རུང༌། ཨུཏ་པལ་འདབ་མ་རྒྱས་པའི་དཀྱུས་ལྟར་རིང་བའི་སྤྱན་ཟུང་ལ་མཆི་མའི་སྤྲིན་གྱིས་སྒྲིབ་ཡོད་པ་དེ་ཐག་གིས་ཆོད་ཅིང༌། མེ་མདའི་རྩེ་གྲི་འཛིངས་པའི་ཀློང་ནས་ཀྱང་རང་ཉིད་ཀྱིས་རང་ནས་སྨོན་པའི་སེམས་རྩ་བརྟན་པ་དེར་བསམ་ཚེ། དགའ་སྐྱོ་འདྲེས་མའི་ཚོར་བ་སྣ་ཚོགས་ཤིག་སྟེར། གཅེན་མོ་ལགས། མི་ཡི་ཚེ་ལ་སྐྱིད་དུས་སྡུག་གསུམ་ཞེས་ཤོད་སྲོལ་ཡོད་པ་དེ་ལྟར་ཡང༌། ང་ཚོའི་སྡུག་བསྔལ་འདི་མི་མང་གི་མ་འོངས་བདེ་སྐྱིད་དུ་སྒོམ་དགོས་པ་ངས་ཤེས་ཡོད།
ལྔ་ཟུང་བགྲང་བྱ་བཙོན་རའི་ནང་ནས་རྫོགས།།
མེ་མདའི་ནགས་ན་ལུས་སྲོག་མེ་ཏོག་འཚེར།།
ཟས་དང་སྐོམ་ལ་ཚད་དང་དུས་ཚོད་བརྟན།།
དགྲ་བོར་ལོངས་སྤྱོད་སྐྲུན་བཞིན་ལུས་སྲོག་བདེ།། ༥༣
ཤ་དང་རུས་ཀྱིས་ཉེ་མིན་དབྱེར་མེད་ཀྱིས།།
བཙོན་པར་སྤུན་བཞིན་བརྩིས་ཏེ་ཟས་དང་སྐོམ།།
ཡང་ཡང་བསྐྱལ་བའི་དཔའ་བོ་དེ་ཚོ་ཡང༌།།
ནམ་ཞིག་ཁྲིམས་ལ་ཚུད་སྙམ་སེམས་འདི་གྲང༌།། ༥༤
སྟོད་སྨད་བོད་འབངས་འདུ་ར་ལྷ་ལྡན་གྲོང༌།།
དམར་པོའི་དམག་དང་ཚོང་པས་ཡོངས་སུ་བཟུང༌།།
བོད་ཁང་བཤིག་ནས་རྒྱ་ཁང་གསར་རྒྱག་གིས།།
འདུ་ལོང་རྒོད་ཅེས་སྙིང་གི་གྲོགས་དག་སྨྲ།། ༥༥
རྒྱང་རིང་རྒྱང་རིང་ཡུལ་གྱིས་བསྐལ་བའི་སར།།
ལས་ཀྱིས་དེད་པའི་གཅེན་མོ་བརྩེ་ལྡན་མར།།
མཐོང་ཐོས་སྐལ་བ་ཕྲ་བའི་གཅུང་པོ་ངས།།
ཟེར་སྐད་བསྡེབས་པའི་འཕྲིན་འདི་འབུལ་གྱིས་གསོན།། ༥༦
གངས་ལྗོངས་རི་བོའི་མངལ་ལ་སྦྲུམ་པ་ཡི།།
ཟངས་ལྕགས་གསེར་སོགས་གཏེར་རིགས་སྒེག་འཆང་མ།།
དབང་མེད་བཙན་གྱིས་བསྔོགས་ནས་ཙི་ན་ཡི།།
བག་མར་འཁྲིད་པའི་རྣམ་ཐར་གསོན་པོ་མང༌།། ༥༧
བླང་དོར་ཕྱིན་ཅི་ལོག་པའི་ཀླ་ཀློའི་དཔུང༌།།
ཁ་བའི་ནོར་ལ་ཡིད་སེམས་རབ་ཆགས་ནས།།
མཚན་ཡང་ཉིན་བཞིན་གཏེར་བསྔོགས་སྒྲ་ཟིང་གིས།།
བོད་ཁམས་སྙིང་རྩ་གཅོད་པ་འཇིགས་སུ་རུང༌།། ༥༨
མངལ་གྱི་མཚོ་མོ་ཆེ་ལས་བཞད་པ་ཡི།།
རིགས་སྨྱུག་གེ་སར་སྲིད་ཇུས་སད་སེར་གྱིས།།
གསོད་ཅིང་སྐྱེ་རྒྱུན་རྩ་ཆེན་འབྲེག་པ་སོགས།།
བསམ་ན་སྙིང་རྩ་འགས་པའི་བྱ་བྱེད་མང༌།། ༥༩
ལྷ་རྟེན་ཆོས་གསུམ་གནའ་དངོས་མིང་གིས་བསྙད།།
རིན་ཆེན་མང་པོ་ཁྲོམ་གྱི་ཚོང་དུ་འགྲེམས།།
ཕྱི་ནང་མི་ངན་ངན་ཁ་འཐབ་མདོ་ནས།།
རིན་ཆེན་དངོས་པོ་འཇའ་ལྟར་ཡལ་བ་མང༌།། ༦༠
ཀུན་གཟིགས་པཎ་ཆེན་དབྱིངས་ཀྱི་ཉ་རྒྱས་ཟླས།།
ཤེས་རིག་ཀུ་མུད་རྒྱས་པའི་ཞིང་ས་བསྐྲུན།།
དེ་ཡང་དགྲ་ཡིས་མིང་འདོགས་སྣ་ཚོགས་ཀྱིས།།
ཡོངས་སུ་ཕམ་ཉེས་བཏང་བ་ཕམ་གྱོང་ཆེ།། ༦༡
བསྟན་སྲིད་སྲོག་ཤིང་རྒྱལ་དབང་ཡིད་བཞིན་ནོར།།
གང་དེར་གློ་སྙིང་གཏོད་པའི་ཉམ་ཐག་འགྲོར།།
མཇལ་ཞུ་ཡུལ་གྱིས་བསྐལ་བའི་དུས་འདི་ན།།
འདྲེན་བྱེད་མཆི་མས་སྐྱོམ་པ་ཤིན་ཏུ་མང༌།། ༦༢
བླ་མ་སྤྱན་རས་གཟིགས་དབང་ཡིད་བཞིན་ནོར།།
གང་གི་གསུང་འཕྲིན་དབྱངས་ཀྱི་ཁུགས་པ་རེ།།
དངོས་དང་བརྒྱུད་ནས་ཉན་དང་སྒྲོག་པ་ཡི།། ༦༣
སྒྲ་དེ་བཙོན་ནས་ཐོས་པས་སྤྲོ་བ་བརྟས།། ༦༤
གངས་རིའི་སྣོད་བཅུད་བཀའ་ཁྲིམས་གློག་ཞག་གིས།།
ཡོངས་བཅིངས་དེས་ན་རང་དབང་གང་ན་ཡོད།།
འབྲུག་སྒྲ་ཐེངས་གཅིག་སྒྲོག་པའི་སྒྲ་ཆེན་གྱིས།།
སེམས་ལྡན་སེམས་མེད་ཀུན་གྱི་སྙིང་རྩ་འདར།། ༦༥
ཞི་བ་ཞི་བའི་མཆོག་བརྙེས་སྤྱན་རས་གཟིགས།།
གང་དེའི་ཐུགས་བསྐྱེད་གཉིས་སྨན་དབུ་མའི་ལམ།།
རང་དབང་བདེ་ཆེན་ཞིང་གི་སྒོ་ཁ་རུ།།
བསྣོལ་དེ་དགྲ་གཉེན་ཀུན་གྱིས་མཐོང་བར་ཤོག། ༦༦
དཔའ་བོ་དཔའ་མོའི་ཐུགས་དང་ཁ་བའི་མདོག།
འོ་མའི་མཚོ་དང་ངང་དཀར་ཁྱུ་ཚོགས་བཅས།།
རབ་ཏུ་དཀར་ཞིང་ཀུན་ལ་དཔལ་སྟེར་འདི།།
བདག་ནི་སྔར་ནས་སེམས་ཀྱི་རྒྱན་དུ་བླངས།། ༦༧
གཡོ་ཅན་ཀླ་ཀློའི་དཔོན་གྱི་འཛུམ་ཚིག་དང༌།།
སྔོན་མེད་སྲིད་ཇུས་གསར་པའི་འཆལ་ཁྲིམས་སོགས།།
གློག་དམར་གྱ་གྱུ་མཛེས་པའི་གོམ་འགྲོས་བཅས།།
དོན་ལ་བོད་འབངས་ཚེ་སྲོག་གཤེད་དུ་གྲུབ།། ༦༨
དོན་གྱིས་མ་བཟུང་ཚིག་གི་སྤྲོས་པ་ཡིས།།
ཡོངས་སུ་བཟུང་བའི་སྲིད་བྱུས་ནག་པོའི་རླུང༌།།
ཡང་ནས་ཡང་དུ་གཡུག་འདིས་བོད་ཁམས་ནི།།
སྨད་འཚོང་ཁྱུ་སྡོད་བྱེད་སའི་ར་བར་བསྐྲུན།། ༦༩
ལྷ་ལྡན་ལྷ་ཡི་ཞིང་མཆོག་དམ་པ་དེར།།
སྐྱེས་མོས་ཚལ་མང་བཟོས་པ་གང་ལེགས་ཀྱང༌།།
ཇ་ཆང་དུག་ཆུ་སྣ་ཚོགས་རོལ་གནས་སུ།།
སྤྱོད་འདི་རོ་མངར་ལྡན་པའི་དུག་ཟས་བཞིན།། ༧༠
རང་གཞན་དོན་གཉིས་སྤངས་པའི་བསམ་མེད་འགས།།
བསམ་རྒྱུ་ཆང་དང་དྲན་རྒྱུ་སྨད་འཚོང་དང༌།།
གླུ་གར་བྲོ་གཞས་སོགས་ཀྱིས་ཚེ་ཟད་འདི།།
རང་སྐེ་བྲེག་ནས་གཞན་ལ་སྤྲོད་པ་བཞིན།། ༧༡
སྐུ་གཟུགས་ལང་ཚོའི་འབྲས་བུ་མ་སྨིན་གོང༌།།
རྒྱ་འདྲེ་དུག་སྤྲུལ་ནག་པོའི་ཁ་རླངས་ཀྱིས།།
པཎ་ཆེན་ཆུང་སྲིད་སྲིད་པ་གསུམ་གྱི་མགོན།།
ལྕགས་ཀྱི་ར་བར་བཅུག་པ་ཡིད་སྐྱོའི་གནས།། ༧༢
ཞིང་འབྲོག་བོད་ཕྲུག་སེང་ཕྲུག་དར་མའི་ཁྱུ།།
ལྔ་རིག་གངས་ལ་རྩེན་འདོད་དེ་ལྟར་ཡང༌།།
སློབ་ཡོན་རི་རབ་ཁུར་གྱིས་རབ་མནོན་པས།།
སྙིང་སྟོབས་བྱུ་རུའི་དོ་ཤལ་ས་ལ་འཐོར།། ༧༣
བསྟན་ལ་ཤིན་ཏུ་གཅེས་པའི་མེས་པོ་ཚོས།།
དངུལ་ཆུའི་ཐིགས་པས་བཞེངས་པའི་གདན་ས་ལ།།
སྔོན་ཆད་བསྟན་འཛིན་སྐྱེ་བོའི་མེ་ཏོག་འཆར།།
དེང་ནི་གྲྭ་བཙུན་གྲངས་འབོར་རྒྱ་མར་འཇལ།། ༧༤
དེ་ལྟར་བརྗོད་ལའང་སྙིང་འཇིགས་པའི།།
འཇིགས་རུང་བྱེད་སྤྱོད་མང་མོད་ཀྱང༌།།
སྡུག་བསྔལ་བགྲངས་ནས་སྡོད་པ་ལས།།
བདེ་བར་བརྩོན་པའི་སེམས་འདི་བརྟན།། ༧༥
སྐྱིད་སྡུག་འཁོར་བའི་ཕུན་ཚོགས་ལ།།
མི་ངོམ་བཞིན་དུ་སྤྱད་ན་ཡང༌།།
འཆི་བདག་རྗེས་འདེད་སླེབས་པའི་ཚེ།།
འགྲོ་དགོས་ཆོས་ཉིད་ཟབ་མོ་དང༌།། ༧༦
སྐྱིད་ཀྱི་ཉི་མ་གཞོན་ནུ་ཡང༌།།
རེས་འཆར་རེས་ནུབ་ཆོས་ཉིད་དང༌།།
དུག་གསུམ་འདེགས་པའི་ཕུང་པོ་འདི།།
དེ་རིང་འཆི་ཡང་སང་ཉིན་སྐྱེ།། ༧༧
སྲིད་པའི་གནས་ལུགས་འདི་དག་གིས།།
བདག་ནི་མང་པོའི་བདེ་ཐབས་ཆེད།།
རང་གི་ལུས་སྲོག་ལྗོན་པ་ཚུན།།
འབུལ་བའི་དམ་བཅའ་སྙིང་ལ་སྦྲུམ།། ༧༨
རྒྱལ་ཁམས་བདེ་ཞིང་ལོ་ཕྱུགས་ལེགས་པ་ཞིག།
སུས་ཀྱང་འདོད་མོད་དེ་རྒྱུར་འབད་པ་ཉུང༌།།
མདོར་ན་བཙོན་ར་འདི་ལ་བཙོན་པའི་གྲངས།།
ཅི་ཙམ་མང་ན་དེ་ཙམ་དགྲ་མི་བདེ།། ༧༩
དེས་ན་ངས་ནི་ཚེ་དང་བཙོན་སྙོམས་ཀྱང༌།།
ཕོད་པའི་བློ་འདི་ཡོངས་སུ་མ་བཏང་བར།།
རང་དབང་ཉི་མ་གཞོན་ནུ་བསུ་བའི་ཆེད།།
ཚེ་སྲོག་སྐྱ་རེངས་མངགས་ལ་བྲེལ་བཞིན་ལགས།། ༨༠
ཁ་སང་སྤྲིན་ལ་བཏེགས་པའི་སྙན་འཕྲིན་ཞིག
དེ་རིང་ཁུ་བྱུག་དབྱངས་ལ་བརྒྱུས་པའི་འཕྲིན།།
འཕྲིན་གྱི་སྲད་བུར་གཞིས་བྱེས་སེམས་པ་མང༌།།
སྦྲེལ་འདི་ནམ་ཡང་མ་འདོར་གཅེན་མོ་ཀྱེ།། ༨༡
འདི་ན་གོང་ས་ཡིད་བཞིན་དབང་གི་རྒྱལ།།
སྐུ་ཚེའི་རྡོ་རྗེ་སྲིད་པ་སྲིད་པའི་བར།།
བརྟན་ཅིང་བཞེད་དོན་ཉི་མ་གཞོན་ནུའི་དཔལ།།
སྐྱེ་འགྲོའི་བདེ་སྐྱིད་གསོས་སུ་ཐོབ་ལ་རེ།། ༨༢
གཞིས་དང་བྱེས་གང་གནས་བཅས་ཀྱང༌།།
སྤྱི་དོན་དགུང་དུ་འདེགས་པ་ནི།།
ཚེ་ཡི་བསྐོས་ཐང་དང་པོ་སྟེ།།
འདི་ནི་དོན་གྱི་གནད་དུ་ཟུངས།། ༨༣
ལེའུ་གསུམ་པ། སེམས་པའི་སྐྱོ་གཏམ།
གོང་དུ་བཀོད་པ་ལྟར་གྱི་སྐད་འཕྲིན་གཅེན་གཅུང་མཉེས་པའི་ཕོ་ཉ་ཁུ་བྱུག་གིས་ཀྱང་ཚིག་དོན་གྱི་ཟུར་ཙམ་ཡང་མ་ཉམས་པར་ཡིད་ངོར་བརྐོས་ནས་ཕྱིར་སླེབས་ཏེ་ཇི་བཞིན་བརྗོད་བྱུང་བས་ཡིད་སྤྲོ་བར་གྱུར་ནའང༌། ཞིབ་ཀྱིས་དཔྱད་པས་བཙོན་གྱི་ར་བ་ན་སྡུག་ལས་སྣ་མང་གིས་ལུས་སེམས་གཏགས་བཞིན་པའི་སྤུན་ཟླ་དེ་དག་གི་ཐུགས་རེ་དང༌། ངེད་ཅག་གི་བྱེད་སྤྱོད་ལ་བར་ཐག་གི་ཧེ་བག་ཆེན་པོ་ཡོད་པའི་ཚུལ་ལ་རྩིས་ཞིག་བརྒྱབ་དུས། ང་ཚོས་ང་ཚོ་བསླུས་འདུག་ལ། ང་ཚོས་གཉེན་ཉེ་ཡོངས་རྫོགས་བསླུས་འདུག་སྙམ་པའི་སེམས་ངལ་དེ་ཇེ་ལྕིར་སོང་ནས་ཉིན་གྱི་ཟས་ལ་བྲོ་བ་དང༌། མཚན་གྱི་གཉིད་ལ་སྐྱིད་སྣང་མེད་པར་གྱུར་པའི་གནས་སྐབས་དེར། འདས་པའི་བརྒྱུད་རིམ་རྣམས་ཡིད་ལ་འཁོར་བྱུང་བ་སྙན་ཚིག་གི་ལམ་དུ་དྲངས་པ་འདི་ལྟར།
མ་མེད་བྱིས་པའི་འཚོ་ཚིས་རང་བཞིན་ནི།།
བྱ་ཁྱུས་བོར་བའི་བྱེའུ་ཕྲུག་དམར་འབྱར་བཞིན།།
གཤོག་པ་ཐོགས་ཀྱང་འཕུར་བའི་སྐབས་མེད་པའི།།
གནས་ལུགས་བསམ་ཞིང་སེམས་ཀྱི་མེ་ཏོག་རྙིད།། ༨༤
བརྩེ་བས་བཅིངས་པའི་ཕ་མ་ཉེ་དུ་ཀུན།།
ལྷན་ཅིག་རོལ་བའི་འཛུམ་མདངས་ཆུ་མིག་དེ།།
རྒྱ་དམར་སྲིན་པོས་གཡས་བསྙབ་གཡོན་བསྙབ་ཀྱིས།།
རྙོག་དེ་སད་ཀྱིས་བཅོམ་པའི་པདྨོ་བཞིན།། ༨༥
སྔོན་ཚེ་གངས་རི་ཤེལ་གྱི་རང་བཞིན་གྱིས།།
ཡོངས་བསྐོར་ལྷ་མི་འདུ་གནས་བོད་ཀྱི་ཡུལ།།
ལུགས་ཟུང་གྲིབ་ངོགས་དམ་པར་ངལ་གསོས་པའི།།
རང་དབང་དག་པ་ལྷ་ཡི་ལོངས་སྤྱོད་མཚུངས།། ༨༦
དེ་ལྟ་དེ་ལྟའི་ཕུན་ཚོགས་དཔལ་ཡོན་གྱི།།
ཆོས་སྲིད་བྱེད་པོ་རྒྱལ་བ་ལྷ་ཡི་ལྷ།།
ལྷ་ཡི་ཡུལ་ན་རྩེན་དང་མ་རྩེན་གྱི།།
ཁྱད་ལས་ཚངས་པར་འཁྲུལ་བ་ཤིན་ཏུ་མང༌།། ༨༧
འོན་ཏེ་ཆེན་པོར་རློམ་པའི་སྐུ་དྲག་ཚོས།།
སྤྱི་དོན་རིས་སུ་བོར་བའི་བྱེད་སྤྱོད་ཀྱིས།།
རྒྱ་འདྲེ་རྒྱང་ནས་རྔམ་པའི་རྐྱེན་བྱས་ཏེ།།
ཆོས་སྲིད་ལྗོན་པ་དགྲ་ཡི་ལག་ཏུ་བརྫངས།། ༨༨
འདི་དག་བསམ་ན་ཡིད་སེམས་ནགས་མའི་རྩེར།།
ཡིད་ཆད་སྨུག་པ་ནག་པོས་ཡོངས་བཏུམས་པ།།
ཚལ་བུར་གཤགས་པའི་ཁྲོང་ཁྲོ་རྟ་གདོང་མེས།།
རང་ཉིད་ཐལ་བར་བརླགས་ལའང་ཐེ་ཚོམ་ལྕི།། ༨༩
འོན་ཏེ་ལུས་སྲོག་ལོངས་སྤྱོད་བོད་འབངས་ཆེད།།
བཏང་ནས་བཙོན་དུ་བསྐྱོད་པའི་སེམས་དཔའ་དང༌།།
ཐུགས་སྟོབས་པདྨོ་རྒྱས་པའི་ཟིལ་ཤུགས་བཅས།།
ལྷན་ཅིག་སེམས་རྩ་འཁོལ་བའི་གཞི་རྩར་གྲུབ།། ༩༠
དཀའ་བ་བརྒྱ་ཕྲག་དུ་མས་མ་གནོན་ཅིང༌།།
གཡོ་ཐབས་སྲིད་བྱུས་ངན་པས་མ་བྲིད་པར།།
དགྲ་རྒོལ་སྙིང་རྩ་སྦོམ་པའི་དཔའ་བོ་ཚོས།།
རང་དབང་སླར་གསོའི་སྐལ་བ་གཟུགས་སུ་བསྐྲུན།། ༩༡
དང་པོར་འཛམ་གླིང་སུམ་གཉིས་དབང་དུ་བསྒྱུར།།
གཉིས་པར་ཡུལ་ལུང་དབང་བཅད་སིལ་བུར་གྱར།།
གསུམ་པར་ཆོལ་གསུམ་ཁྱིམ་གཞི་གཅིག་ཏུ་བསྡུས།།
དེང་ནི་རྒྱ་ཡིས་བཟུང་འདིས་སེམས་པ་ཟོས།། ༩༢
མ་སྐུལ་དཔའ་བོ་སྟོང་གི་མཛད་རླབས་དང༌།།
མ་བཏབས་ལྷག་བསམ་གཡུ་ལོ་ལྡེམ་པ་སྟེ།།
མ་བོས་སྤྱི་དོན་གཉེར་བའི་གཅིག་སྒྲིལ་གྱི།།
སྙན་པ་ཕྱོགས་ཀྱི་བུ་མོས་རྣ་བར་བཏགས།། ༩༣
ས་ཡི་ཚངས་པ་རྒྱལ་དབང་རིན་ཆེན་དང༌།།
ལྷ་ཡི་སྲས་པོ་ཀུན་གཟིགས་སྣང་མཐའི་འཕྲུལ།།
བོད་དྲིན་ཟབ་དག་རྣམ་ཐར་མཇལ་བ་ན།།
དྲིན་བྱས་དྲིན་དུ་གོ་བའི་རིགས་པ་རྙེད།། ༩༤
གཡོ་ཅན་ཀླ་ཀློའི་ཚོགས་ཀྱི་འཛུམ་ཚིག་དང༌།།
རྔམ་གནག་རྒྱ་ཁྲིམས་དམར་པོའི་སྲིད་བྱུས་དང༌།།
ཕོ་གློག་མོ་གློག་འཐབ་པའི་འོད་སྣང་རྣམས།།
མི་རྟག་གཤིས་ཀྱི་དེ་ཉིད་མཐིལ་དུ་རིག། ༩༥
བློ་གྲོས་མཁྱེན་རྩལ་རྫོགས་པ་མ་ཡིན་ཀྱང༌།།
ལྷ་གཅིག་སྤྱི་བོར་བཀུར་བའི་རིགས་གྱུར་འགས།།
དགྲ་ཡི་ན་ཆུང་བུད་མེད་འཕྱོན་མ་སྟོང༌།།
ཕ་ཁྱིམ་དྲོན་མོར་བསུས་འདིར་སེམས་པ་སྐྱོ།། ༩༦
འདི་ལྟར་སྨྲེང་སྐྱཱུའི་སེམས་པ་སྡུག་པའི་གཏམ།།
གཅེན་གཅུང་འཕྲིན་གྱི་གཏམ་ལ་བརྒྱུས་པ་འདི།།
འདི་ནས་ཡར་དེད་ཉིན་ཞག་དགུ་ཕྲུག་ཡུན།།
ཡུན་རིང་བསམ་གཞིགས་ཚིག་གི་ཕྲེང་བར་བསྟར།། ༩༧
ཤེས་སྟོབས་རིག་རྩལ་རྩ་ལག་རྩྭ་ལྟར་གཉོམ།།
མཐོང་ཐོས་མྱོང་རྒྱུས་ཕྲེང་བའི་མདོ་འཛིན་ཆུང༌།།
རྩོམ་བྲིས་རྨང་གཞི་སྲིན་བལ་ཁུར་པོ་ཡང༌།།
སེམས་ཀྱི་ན་ཟུག་འདི་ལྟར་རི་མོར་བཏབས།། ༩༨
འདི་ནི་སྙན་ངག་སྨྲ་རྣམས་དགྱེས་བྱེད་དུ།།
སེམས་པ་སྔོན་དུ་བཏང་བ་མ་ལགས་སྟབས།།
ཉམས་དང་འགྱུར་བ་མ་རྫོགས་འགལ་འཁྲུལ་རིགས།།
ཡོད་དག་མཁས་པ་རྣམས་ཀྱི་སྤྱན་སྔར་འཆགས།། ༩༩
བརྗོད་གཞི་བརྒྱ་དང་སྟོང་གི་ནགས་ཀློང་ནས།། ༡༠༠
འདི་ལྟའི་བརྗོད་གཞིའི་མེ་ཏོག་མང་མཐོང་བས།།
དེ་ཡི་ཟུར་ཙམ་སྙན་ཚིག་རི་མོ་རུ།།
འགོད་པའང་འགན་དང་ཁུར་དུ་བསམ་བཞིན་བྲིས།།
རྫོགས་སོ།།