རྔ་བ་རྒྱལ་ཁམས་པ།
——————-
འཇམ་དཔལ་དཔའ་བོའི་རལ་གྲི་མ་གཡར་ཞིང་།།
ངང་བའི་བུ་མོ་གྲོགས་སུ་མ་བསྡེབས་པར།།
རིག་པའི་དབྱིངས་ན་གཉིད་དུ་ཡུར་བའི་མྱི།།
སད་པའི་གློ་བུར་རྨེང་གླུ་འདི་ན་ལེན།།
འབྱུང་ལྡོག་རྟེན་འབྲེལ་ལས་ཀྱི་འཕྲུལ་སོར་གྱིས།།
རྒྱུད་ལྔའི་སེམས་ཅན་སྲིད་པ་ཐང་གའི་གཞིར།།
བདེ་སྡུག་བཟང་ངན་དར་རྒུད་ལེགས་ཉེས་ཀྱི།།
སྣ་ཚོགས་སྣང་བའི་རི་མོ་ཅིར་ཡང་གསལ།།
སྐྱེ་བའི་དུས་ནས་འཆི་ལ་མ་ཐུག་བར།།
ཤ་ཁྲག་ལུས་བོ་འདི་ཉིད་བདེ་བའི་ཆེད།།
ལུས་ངག་ཡིད་གསུམ་བསྟུན་པ་མ་བསྐྱེད་པར།།
རང་དགར་འཚོ་དཀའ་ཀུན་འབྱུང་གནམ་གྱི་ཁྲིམས།།
གསལ་རིག་རྣམ་ཤེས་འོད་ཀྱི་སྣང་བ་ཅན།།
སྐྱེ་གནས་རིགས་བཞིར་ལས་རླུང་དྲག་པོ་ཡིས།།
དབང་མེད་བསྟིམས་ལས་རང་རང་ཞེན་ཆགས་ཀྱི།།
ཕུང་བོའི་རང་བཞིན་རྣམ་པ་སྣ་ཚོགས་འབྱུང་།།
མ་བཅོས་གཤིས་རིག་ལྷ་ཡི་བུ་མོ་ཞིག།
ལུས་གྲིབ་བཞིན་དུ་རང་དང་འགྲོགས་གྱུར་ཀྱང་།།
ཐ་མལ་སྣང་ཞེན་གོ་ཟློག་མ་བྱུང་བར།།
མཚར་སྡུག་ལྷ་མོར་མཇལ་ཁ་དཀའ་མོར་གདའ།།
བདེན་པའི་ངོ་བོ་དེ་ཉིད་རྟོགས་པའི་ཆེད།།
ཐུབ་པའི་དབང་བོས་ཐབས་ཤེས་དཔག་མེད་མཛད།།
ཡུ་ཤི་སྟོན་པས་རང་ལུས་འཛེར་ནོན་བྱས།།
སྦྲང་རྩིའི་བློ་གྲོས་དྲག་པོ་གཡུལ་ལུགས་བཤམས།།
དབུལ་ཕྱུག་ཞི་དྲག་གང་གིས་རྟོགས་ཐབས་བྲལ།།
ཕྱི་དོན་ཚན་རྩིས་རིག་པའི་ཡུལ་ལས་འདས།།
དེ་ནི་རང་སེམས་དབྱིངས་སུ་ཉེར་ཞི་བས།།
སྨྲ་བསམ་བརྗོད་དཀའ་འཁྲུག་བདེའི་སྣང་བ་འདྲ།།
དེ་ཉིད་ཡོད་ཕྱིར་འཁོར་བ་མྱང་འདས་འབྱུང་།།
བྱམས་བརྩེའི་འཛུམ་མདངས་འཁྲུགས་རྩོད་མིག་ཆུ་འབྱུང་།།
སྙན་དང་མི་སྙན་མཛེས་དང་མི་མཛེས་དང་།།
ཞིམ་དང་མི་ཞིམ་བདེ་དང་མི་བདེ་འབྱུང་།།
ནམ་མཁའི་དཀྱིལ་འཁོར་ཀུན་ལ་ཁྱབ་པ་བཞིན།།
བདེན་ངོ་འདི་ཡི་རྫུ་ཡིས་མ་ཟིན་པར།།
ཤེས་བྱའི་རྣམ་པ་འགའ་ཡང་ཡོད་མིན་ཏེ།།
མར་མར་མེད་པར་འོད་སྣང་གང་ནས་འབྱུང་།།
བདེན་པ་འདི་ནི་ཀུན་གྱི་ཕ་ཁྱིམ་ཏེ།།
ཕ་ངོར་བཟང་ངན་གཤིས་ཀ་མ་མཆིས་ཀྱང་།།
བུ་ཡིས་ཕ་རྒན་སྨ་ར་འཐུག་པོའི་རྫོང་།།
ཐ་མལ་སྣང་ཞེན་འཇིག་རྟེན་དཀྱིལ་འཁོར་བཞེངས།།
ཆུ་ཡི་སྲོག་ཆགས་རྒྱ་མཚོའི་ནང་ན་བདེ།།
གཅན་གཟན་རི་དྭགས་རྒྱ་རྫོང་ནགས་ན་མཛེས།།
མི་བུ་དག་ནི་རྐང་གཉིས་ཚོགས་ན་སྐྱིད།།
ཀུན་ལ་ཐུན་མིན་སྣང་ཚུལ་འཇིག་རྟེན་རེ།།
ནམ་ཞིག་བུ་ཡིས་རང་ངོ་མཐོང་བའི་སྐབས།།
མཁའ་ལ་འཇའ་ཚོན་ཆུ་ལ་རྦ་རླབས་བཞིན།།
བཞེངས་བའི་དཀྱིལ་འཁོར་སྲོག་གི་ཀ་བ་བསྙིལ།།
ཕ་ཞལ་ཧྲེ་བོར་བུ་ཆུང་ཉིད་ཀྱང་ཐིམ།།
དེ་ནི་རང་རེ་ཐོག་མའི་འབྱུང་ཁུངས་དང་།།
ཐ་མའི་འཇུག་ཡུལ་དག་པའི་ཞིང་ཞེས་བཏགས།།
ཅི་ིབྱེད་རང་དབང་ཅི་བསམ་ལྷུན་གྲུབ་ཀྱི།།
ཡོན་ཏན་རྫོགས་པ་བདེ་བ་ཅན་དང་མཚུངས།།
གནས་ལུགས་འཚོལ་ཚེ་ཤེས་བྱ་རེ་རེའི་སྟེང་།།
བདེན་རྫུན་ཕྱོགས་གཉིས་ལྟོ་སྤྱར་ཚུལ་དུ་འབྱུང་།།
མཛེས་མའི་ཆ་ཤས་བསལ་བ་བདེན་སྟོང་སྟེ།།
ཆ་ཤས་ཚོགས་པའི་མཛེས་མ་ཀུན་རྫོབ་ཉིད།།
ནེ་ཙོ་རུས་བལ་སེང་གེའི་རྣམ་འགྱུར་གྱིས།།
གནས་ལུགས་འདི་ལ་བསམ་བློ་མ་ཐོངས་ཡང་།།
རྒྱུ་འབྲས་རྟེན་འབྲེལ་སླུ་བ་མེད་པ་ལ།།
ཡི་དམ་བྱས་ཀྱང་འདི་ཕྱོགས་གཞོལ་བ་ལགས།།
དངོས་གཙོ་སྨྲ་བ་ཁོང་ཁྲོ་ལངས་དོན་མེད།།
སེམས་གཙོ་སྨྲ་བ་ཁོང་འཛུམ་སྐྱེ་དོན་མེད།།
རང་བཞིན་གནས་ལུགས་དྲང་མོར་བརྗོད་པའི་གཏམ།།
གངས་རིའི་སྲོག་འཛིན་རྔ་བ་རྒྱལ་ཁམས་པས།།