དོལ་སྨྱོན།
དམར་ཆུང་བཞིན་ལ་མིག་ཅིག་ཡོད་པ་ཡབ་ཆེན་ཁྱོད་ཀྱི་མཐུ་ཡིན་ཅིང་།།
ཁོག་པའི་ནང་ན་སྙིང་ཞིག་མཆིས་པའང་ཡབ་ཆེན་ཁྱོད་ཀྱི་བྱིན་རླབས་ཡིན།།
རུས་པའི་ཁོངས་སུ་རྐང་ཞིག་ཡོད་པ་ཡབ་ཆེན་ཁྱོད་ཀྱི་བཀའ་དྲིན་ཏེ།།
ཁྲག་རྩའི་ནང་དུ་དྲོད་ཅིག་མཆིས་པའང་ཡབ་ཆེན་ཁྱོད་ཀྱི་ཐུགས་རྗེ་ཡིན།།
རྒྱབ་ཀྱི་སྒལ་ཚིགས་དྲང་པོར་བསྲིངས་པའི་གཞི་མ་ཡབ་ཆེན་ཁྱོད་ཡིན་སོང་།།
སྤོབས་པའི་མགོ་བོ་དགུང་དུ་འདེགས་པའི་མ་རྩ་ཡབ་ཆེན་ཁྱོད་ཡིན་སོང་།།
རེ་བའི་མིག་ཟུང་རྒྱང་དུ་ཅེར་བའི་གཞི་རྟེན་ཡབ་ཆེན་ཁྱོད་ཡིན་སོང་།།
སེམས་ཀྱི་དཀྱིལ་ན་འོད་ཀྱིས་འཛུམ་པའི་མེ་ཏོག་རྐང་གཅིག་ཁྱོད་ཡིན་སོང་།།
རིན་ཆེན་འབུམ་གྱིས་བྱུར་བུར་གཏམས་རུང་སེམས་ཀྱི་ནོར་བུ་ཁྱོད་རང་ཡིན།།
སྲིད་གསུམ་མཛེས་སྡུག་གཅིག་ཏུ་བསྡུས་རུང་སེམས་ཀྱི་ལང་ཚོ་ཁྱོད་རང་ཡིན།།
ཞིམ་དགུ་ཟས་ཀྱིས་ཡོ་ལང་རྒྱས་རུང་སེམས་ཀྱི་ཟས་མཆོག་ཁྱོད་རང་ཡིན།།
བྱང་ཆེན་ཞི་བའི་ཐར་པ་ཐོབ་རུང་ང་ཡི་སྐྱབས་མགོན་ཁྱོད་རང་ཡིན།།
འཇིག་རྟེན་འདི་ན་ཕ་ཞིག་མཆིས་པ་བརྩེ་བའི་ཡབ་ཆེན་ཁྱོད་རང་སྟེ།།
སྲིད་གསུམ་འདི་ན་མ་ཞིག་མཆིས་པའང་བརྩེ་བའི་ཡབ་ཆེན་ཁྱོད་རང་ཡིན།།
ཚེ་འདིའི་རེ་ས་ཕྱི་མའི་སྐྱབས་ས་བརྩེ་བའི་ཡབ་ཆེན་ཁྱོད་རང་སྟེ།།
ང་ཡི་འཇིག་རྟེན་དི་ཡི་ནང་ན་དགོས་འདོད་ཀུན་འབྱུང་ཁྱོད་རང་ཡིན།།
མཚམས་རེ་དགའ་བའི་དགོད་སྒྲ་དེ་ཡང་ཁྱོད་ཀྱིས་གནང་བའི་བྱིན་མཐུ་སྟེ།།
ལན་རེ་སྐྱོ་བའི་མིག་ཆུ་དེ་ཡང་ཁྱོད་ལ་ཕུལ་བའི་མཆོད་པ་ཡིན།།
དགའ་སྐྱོ་འདྲེས་མའི་འཁོར་བ་འདི་ན་ཁྱོད་ནི་དོན་གྱི་ཡབ་ཆེན་ཏེ།།
ང་ཡི་དུང་བའི་མིག་ཟུང་ནང་དུ་འོད་ཀྱིས་འཁྱིལ་བ་ཁྱོད་རང་ཡིན།།
12.01.2013
གཅུང་པོ་ཀུན་དགའ་རྣམ་རྒྱལ་གྱིས་རེ་བསྐུལ་ལྟར་གཅེན་པོ་དོལ་སྨྱོན་གྱིས།
ཡབ་ཆེན་མེད་ན་བྱིས་བ་ཁ་མེད་མགོ་མེད་ཡིན།
ཡབ་ཆེན་མྱི་ཆེན་ཡིན་པས་ཁ་ལག་གཉིས་ཀ་བཙན།
ཡབ་ཆེན་ཐུགས་གཤིས་ཨ་མ་འདྲ་བའི་བྱམས་པོ་མིན།
ཡབ་ཆེན་བསྟོད་ནིའི་ཡ་རབ་མེད་པ་ཡབ་ཀྱི་དྲིན།
ཡབ་ཆེན་གཏམ་ལ་སྙན་རྒྱུ་མེད་ཀྱང
ཁ་ཚའི་སྙིང་གཏམ་གསོན་མ་ཡིན
ཡབ་ཆེན་བཀའ་བཀོད་རྩུབ་མདངས་ཆེ་ཡང
ཕར་ཕུགས་བརྟན་པའི་གཞི་མ་ཡིན
རྣམ་པ་གཉིས་ལ་དགའ་བསུ་ཞུ།
རིག་གཞུང་ལ་ཧུར་བརྩོན་ཆེ་བའི་སློབ་མ་བཟང་པོ།
མ་རིགས་ལ་ཤ་ཞེན་དཀར་བའི་ལ་རྒྱ་ཅན་པོ།
ཕ་མའི་དྲིན་ལན་སེམས་པའི་དོན་གྱི་སྨྱོན་པ།
གྲོགས་པོ་ལགས།
ཡབ་བཀའ་དྲིན་དེ་འདྲ་ཡིན་ན་ཡུམ་གྱི་སྡུག་བསྔལ་མྱོང་བ་དེ་ལ་གང་གསུངས་རྒྱུ་ཡོད་དམ།
ན་ཆུང་མཛེས་མ་གང་དགོས་རེག་པ་ཡབ་ཆེན་ཁྱོད་ཀྱི་བཀའ་དྲིན་ཡིན། །
སུ་ལ་བསྣུན་ཡང་དགའ་ཐག་ཆོད་པའི་རླིག་རྩལ་འདི་ཡང་ཁྱོད་ཀྱི་དྲིན། །
གླིང་གི་མི་ཆུང་ཁ་བདེར་དོ་བའི་ངག་རྩལ་འདི་ཡང་ཁྱོད་ཀྱི་དྲིན། །
མདོར་ན་ཁོ་བོའི་ཡོད་ཚད་ཐམས་ཅད་ཡབ་ཆེན་ཁྱོད་ཀྱི་བཀའ་དྲིན་ཡིན། །
བུ་མོ་ཆུང་ཆུང་ལགས།
མ་ཡུམ་དྲན་པའི་སྡུག་བསྔལ་ནི་འདི་འདྲ་ཞིག་ཡིན་པས་གཟིགས་རོགས།
ང་ཡི་ཨ་མ། ཁྱོད་ད་ལྟ་གང་ན་ཡོད།
བཅོ་ལྔ་ཡི་དུང་ཟླ། མེ་ཏོག་གི་མཛེས་སྡུག
དྭངས་གཙང་གི་རྦབ་ཆུ། འདི་དག་མཐོང་ཐེངས་རེ་རེར།
ངས་བརྗེད་ཟིན་པའི་མ་ཡུམ་གྱི་ཞལ་རས་སེམས་ཁུང་ན་ཤར་བྱུང་།
རྒྱུད་མང་གི་དབྱངས་རྟ། ཁུ་བྱུག་གི་མགྲིན་བརྡ།
སྙན་འཇེབས་ཀྱི་གླུ་སྒྲ། འདི་དག་ཐོས་ཐེངས་རེ་རེར།
ངས་བརྗེད་ཟིན་པའི་མ་ཡུམ་གྱི་གསུང་འཇམ་སེམས་གཏིང་ནས་དྲན་བྱུང་།
ཨེ་མ།
རང་བྱུང་ཁམས་ཀྱི་མཛེས་སྡུག་ནི་ཆེས་ཕུལ་བྱུང་གི་མཛེས་སྡུག་ཅིག་དང་།
ཡོད་ཚད་ཀྱི་བློ་སེམས་འཕྲོག་བྱེད་ཀྱི་མཛེས་སྡུག་ཅིག་ཡིན་པར་ཅོ་འདྲི་མི་དགོས་ཀྱང་།
ང་ལ་མཚོན་ན་དེ་ཙམ་གྱིས་ག་ལ་ཚད་དེ།
ངས་མ་ཡུམ་དྲན་ཐེངས་རེ་རེར།
རང་བྱུང་ཁམས་ཀྱི་མཛེས་སྡུག་ལ་ངོམས་མེད་དུ་བལྟ་ཞོར།
སེམས་གཏིང་གི་སྐྱོ་གདུང་ཡོད་ཚད་མཁའ་དབྱིངས་སུ་གཏོར་དུས།
ད་གཟོད།
རང་བྱུང་ཁམས་ནས་ངས་བོར་ཟིན་པའི་མ་ཡུམ་གྱི་ཞལ་རས་སླར་ཡང་མཐོང་བྱུང་ལ།
བཞུད་ཟིན་པའི་མ་ཡུམ་གྱི་གསུང་དབྱངས་སླར་ཡང་མཐོས་བྱུང་།
ངས།
དྲན་བཞིན་འདུག ལོ་ཟླ་དེ།
ལོ་ངོ་སོ་བདུན་ལ་བརྒལ་མ་ཐག་པའི་ངའི་མ་ཡུམ།
མི་ཚེ་དང་ཁྱིམ་ཚང་ལ་འོད་སྣང་སྒྲོན་མ་ཐག་པའི་ངའི་མ་ཡུམ།
དགུན་གསུམ་གྱི་གྲང་ངར་རྒོད་ས་ནས།
ཁྱོད་ཉིད་གློ་བུར་དུ་མལ་སར་ལྷུང་ཞིང་།
སྨན་དཔྱད་དང་རིམ་འགྲོ་གང་གིས་ཀྱང་མ་ཕན་པར།
བགྲང་བྱ་གསུམ་དང་ཟླ་ངོ་བདུན་ལ་ཟིན་པའི་ཉིན་མོར།
ཁྱོད་ཀྱི་སྐམ་ལ་རིད་པའི་མིག་ཟུང་། ངའི་ཡབ་ཀྱི་གདོང་ལ་ཅེར་ནས།
ཤུལ་དུ་ལུས་པའི་བྱིས་པ་ཚོར་བལྟ་སྐྱོང་ལེགས་པའི་ཁ་ཆེམས་དང་།
ངའི་ལག་ཟུང་དམ་དུ་བཟུང་ནས།
ཡབ་ཆེན་གྱི་བཀའ་བཞིན་བསྒྲུབ་རྒྱུའི་ཁ་བརྡ་གནང་བཞིན།
ནང་མི་དང་མི་ཡུལ་ལ་གྱེས་ཕྱག་བཏང་ནས།
ནམ་ཡང་ཐུག་འཕྲད་མེད་པའི་ལམ་ལ་འཆས་སོང་།
ངའི་མ་ཡུམ། ཁྱེད་ཕེབས་པའི་ཤུལ་དུ།
ཞི་བདེའི་འོད་སྣང་འཁྱིལ་བའི་འུ་ཚང་གི་ཁང་ཆུང་གྲུ་བཞི་ནི།
སྡུག་བསྔལ་གྱི་བཙོན་གདོང་ཞིག་ཏུ་གྱུར་ཅིང་།
ཅི་ཡང་ལེན་ཐུབ་ཅིང་གང་ཡང་འདོར་ཕོད་པའི།
ངའི་ཡབ་ཆེན་གྱི་བློ་སྟོབས་ཡང་། རྡོ་ཡིས་རྨས་པའི་བྱིའུ་དང་མཚུངས།
ལོ་ཟླའི་ཀྱོག་མཚམས་དེ་དག་གི་རིང་། ཁང་ཁྱིམ་གྲུ་བཞིའི་གྲུ་ཁ་ན།
ཡབ་ཆེན་གྱིས་པི་ཝང་མི་འཁྲོལ་ཞིང་། ཨ་ཅས་གླུ་ཆུང་ཡང་མི་ལེན་ལ།
ངེད་སྤུན་མཆེད་རྣམས་ཀྱི་ཐལ་རྩེད་ཡང་མ་རྩེ།
ངའི་མ་ཡུམ། ཁྱེད་ཀྱིས་དག་ཞིང་ནས་ཨེ་གཟིགས།
དེ་ནས་བཟུང་ཡབ་ཆེན་གྱི་ཧུར་བརྩོན་དང་།
ཁོར་ཡུག་གི་གནས་སྟངས་ཁྲོད། སླར་ཡང་།
སྡུག་བསྔལ་གྱི་མུན་པ་རིམ་གྱིས་ཡལ་ཞིང་།
ཞི་བདེའི་འོད་སྣང་རྒྱས་མགོ་རྩམ།
ལོ་ཟླ་དེ་དག་གི་རིང་།
གཏི་མུག་གི་མུན་པར་ཡིབ་པའི་བུ་ཆུང་ངས།
གོར་ཞིང་འཇམ་པའི་ཞལ་རས། སྙན་ཞིང་འཇམ་པའི་གསུང་བརྡ།
ཞི་ཞིང་དུལ་བའི་སེམས་རྒྱུད། དྲང་ཞིང་ལྡེམ་པའི་གཤིས་ཀ
མདོར་ན། ངའི་དྲིན་ཅན་གྱི་མ་ཡུམ།
ཁྱོད་ཀྱི་བྱམས་བརྩེ་དང་མཛེས་སྡུག་གི་ཆ་ཤས་ཡོད་ཚད་ནས་ཡོད་ཚད།
བརྗེད་ངེས་ཀྱི་རྐུན་པོར་ཕུལ་ནས།
བགྲང་བྱ་བཅུ་ཕྲག་གཉིས་དང་ཉག་མ་གསུམ་ལ་འཁོར་བའི་དེ་རིང་།
ངས་སླར་ཡང་མི་ཡུལ་གྱི་གྲུ་ཁ་འདི་ནས་ཁྱོད་ཉིད་འཚོལ་བཞིན་ཡོད་ལ།
ངས་སླར་ཡང་དུས་རབས་ཀྱི་ཀྱོག་མཚམས་འདི་ནས་ཁྱོད་ཉིད་དྲན་བཞིན་ཡོད།
ངའི་མ་ཡུམ།
ཉེར་གཅིག་པའི་དུས་རབས་འདིར་ཚན་རིག་གི་འཕྲུལ་རྩལ་ལ་བརྟེན་ནས།
པྲ་དང་མོ་ལ་མི་ལྟོས་པར་དུས་གསུམ་གྱི་འགྱུར་བ་རྟོགས་རྒྱུ་འདུག་ལ།
ཏིང་འཛིན་དང་རྩ་རླུང་ལ་མི་ལྟོས་པར་ཉི་ཟླའི་སྟེང་ལའང་འགྲོ་རྒྱུ་འདུག
འོན་ཀྱང་ང་ལ་ཐ་ན།
མ་ཡུམ་གྱི་འདྲ་པར་ཞིག་ཀྱང་དྲན་རྟེན་དུ་འཆང་རྒྱུ་མེད་པ་ནི།
ཡུལ་ལུང་གི་བཀའ་ཆད་ཡིན་ནམ། ང་རང་གི་ལས་དབང་ཡིན།
ངའི་མ་ཡུམ།
གལ་སྲིད་ཁྱོད་རང་ད་ལྟ་བཞུགས་ཡོད་རྒྱུ་ན།
ངས་ཡུན་རིང་དཀའ་བས་བསགས་པའི་སྣ་མང་ཤེས་བྱ་ཡི་མཆོད་པ་རེ་རེ།
མེ་ཏོག་གི་ཚོམ་བུར་སྤྲུལ་ནས་ཁྱོད་ཀྱི་སྐེའི་རྒྱན་དུ་བརྒྱུས་ཆོག་ལ།
ཁྱོད་ཀྱི་མཐོས་མ་མྱོང་བའི་ངོ་མཚར་བའི་གཏམ་རྒྱུད་མང་པོ་ཞིག
དྲི་ཟའི་གླུ་དབྱངས་ལ་སྤྲུལ་ནས་ཁྱོད་ཀྱི་སྙན་ལམ་དུ་ཕུལ་ཆོག
དེའི་ཚེ་ཁྱོད་ཀྱི་བརྩེ་བའི་སྤྱན་དཀྱུས་རིང་མོ་བདག་གི་གདོང་ལ་ཅེར་བཞིན།
བྱམས་པའི་ཕྱག་ཟུང་རིང་མོས་ངའི་མགོ་ལ་བྱིལ་བྱིལ་བྱེད་ཞོར།
འཇམ་པའི་གསུང་དབྱངས་སྙན་མོས་ང་ལ་བསྟོད་བསྔགས་ཀྱི་མེ་ཏོག་གཏོར་སྲིད།
འོན་ཀྱང་དེ་དག་ནི་ངའི་སྟོང་འདང་གི་རྨི་ལམ་ཙམ་རེད།
ངའི་མ་ཡུམ།
ཁྱོད་ཀྱི་ཤུལ་དུ་ལུས་པའི་ངེད་ཚོ་སྟེ།
ཁྱོད་ཀྱི་སྐུ་ཟླས་ངེད་ཅག་སྤུན་མཆེད་རྣམས་ལེགས་པའི་ལམ་ལ་བཅུག་ཅིང་།
སྐུ་ཉིད་ཀྱི་སྒོ་གསུམ་གྱི་སྤྱོད་པ་ཡོད་ཚད།
བསྟན་དང་འགྲོ་བའི་དོན་དུ་འབུང་བཞིན་མཆིས་ལ།
ངེད་སྤུན་མཆེད་རྣམས་ཀྱང་སོ་སོའི་ལས་འགན་འབད་པས་བསྒྲུབས་ཏེ།
དགོན་གོང་ཚང་གི་མི་རབས་དང་།
ཡབ་ཆེན་གྱི་མཛད་རྗེས་ལ་ཞབས་འདེགས་ཅིས་ཀྱང་ཞུ་ངེས་པའི་ཆོད་སེམས་ལ།
འགྱུར་བ་གཏན་ནས་མེད་པས།
ངའི་མ་ཡུམ།
ཁྱོད་ཉིད་དག་ཞིང་གང་དུ་ཡོད་ཀྱང་རུང་སྟེ།
ཐུགས་དགྱེས་པར་བཞུགས་དང་།
ངས་མི་ཡུལ་གྱི་གྲུ་ཁ་འདི་ནས་སླར་ཡང་འབོད་སྐུལ་ཞུ་བཞིན་ཡོད།
11.8.2010
འ་ཛི་གྲོགས་པོ་ལགས་།
བཀའ་དྲིན་ཆེ་ཞུ་རྒྱུ་ཡིན་་་་་་་་རྒྱས་པོ་བྲིས་བ་དེ་ལ་