བསྟན་འཛིན་རྡོ་རྗེ། བོད་རང་དབང་སློབ་ཕྲུག་ཚོགས་པའི་ངེས་སྟོན་པ།
དེང་སྐབས་གཙོ་ཆེར་བོད་ཐོག་འགྲོ་བཞིན་པའི་བགྲོ་གླེང་། ཕྱུར་བཞིན་པའི་རང་བསྲེགས་ཀྱི་རྦ་རླབས་དེའི་འོག་ཏུ་མངོན་གསལ་ཆེར་མེད་པའི་འགོག་རྒོལ་གྱི་རླབས་ཤུགས་ཞིག་གིས་བོད་མིའི་ལས་འགུལ་གྱི་རྣམ་པ་ལ་འགྱུར་བ་གཏོང་བཞིན་ཡོད། ནུས་ཤུགས་གསར་པ་འདི་ནི། ལྷག་དཀར་ཞེས་བོད་མི་ཡོངས་ལ་ཁྱབ་པ་དང། རང་སྐྱ་འཕེར་བའི་གཞི་རིམ་མང་ཚོགས་ཀྱི་ལས་འགུལ་ཞིག་རེད།
ལྷག་དཀར་གྱི་རྟགས་མཚན་ཐོག་མ་དེ་༢༠༠༨ ལོར་བོད་རྒྱལ་ཡོངས་སུ་རྒྱ་ནག་གི་དབང་སྒྱུར་ལ་གྱེན་ལངས་བྱུང་བའི་རྗེས་སུ་མངོན་པ་རེད། དུས་རྒྱུན་མིང་འདི་ཨིན་སྐད་དུ་བསྒྱུར་ན་༼གཟའ་ལྷག་པ་དཀར་པོ།༽དང་། སྐབས་འགར་༼དྲི་མེད་ཀྱི་བསྔོ་སྨོན།༽ཡང་བརྗོད། ལྷག་དཀར་ཐོག་མར་འཁྲུངས་ནས་ལོ་བཞིའི་རྗེས་སུ་བོད་མི་ཚོས་ཆབ་སྲིད་ལས་འགུལ་ཐོག་བསམ་བློ་གཏོང་སྟངས་ཀྱི་ཐད་ལ་འགྱུར་བ་མངོན་གསལ་ཞིག་བསྐྲུན་ཡོད། འགྱུར་བ་དེའི་ཆ་རྐྱེན་གཙོ་བོ་གསུམ་ནི། བྱ་འགུལ་ལམ་ལུགས་ཀྱི་གཅིག་སྡུད་མི་དགོས་པའམ། ལས་འགུལ་སྒེར་བཀོལ་བྱེད་པ་དང། ལེགས་བྱང་གོ་མཚོན་དུ་བཀོལ་བ། མཐུན་ལམ་མི་བྱེད་པ་མོས་འདེམས་བྱེད་པ་བཅས་རེད།
༡། བྱ་འགུལ་ལམ་ལུགས་ཀྱི་གཅིག་སྡུད་མི་དགོས་པའམ། ལས་འགུལ་སྒེར་བཀོལ་བྱེད་པ།
ལྷག་དཀར་གྱི་ཡིད་འཕྲོག་པའི་ཡོན་ཏན་ལྟེ་བ་ནི་དེའི་བྱེད་སྟབས་བདེ་བའི་རང་བཞིན་དེར་གནས་ཡོད། དེས་མི་སྡེ་ཚོས་རང་རང་གི་ཉིན་རེའི་མི་ཚེའི་ནང་སྤྱིར་སྟངས་བའི་འཇིག་རྟེན་བྱ་གཞག་དཔེར་ན། ལྷ་ཁང་ལ་མཆོད་མཇལ་ག་དུས་འགྲོ་མིན། རོལ་དབྱངས་ག་འདྲ་ལ་ཉན་མིན། ཟ་ཁང་གང་དུ་ཁ་ལག་བཟའ་མིན། ཚོང་ཁང་གང་ནས་དགོས་མཁོ་ཉོ་མིན། སྐད་ཡིག་ག་རེ་ཁྱིམ་ནང་དུ་སྤྱོད་མིན་སོགས་ཀྱི་ཐོག་ཐག་གཅོད་ཤས་ཆེ་བྱེད་པའི་གཞི་རྩའི་རང་དབང་གི་གྲུབ་ཆའི་ཐོག་ལ་དམིགས་པ་ལས། ཉེན་ཚབས་ཅན་གྱི་ཐག་གཅོད་ཆེན་པོ་དེ་འདྲའི་ཐོག་ལ་དམིགས་ཀྱི་མེད།
ཕྱི་ལོ་ཆིག་སྟོང་དགུ་བརྒྱ་བརྒྱད་ཅུའི་ནང་དུ་བོད་མི་ཚོས་བདུན་རེ་ཞིང་མཆོད་མེ་འབུལ་བ་དང། བསང་གསོལ་གཏོང་བ། ༧གོང་ས་མཆོག་སྐུ་ཚེ་ཡུན་རིང་བརྟན་ཆེད་གསང་བའི་སྨོན་ལམ་འདེབས་པ་བཅས་ཀྱི་ཕྱིར་ཇོ་ཁང་དུ་འདུ་འཛོམས་བྱེད་པ་དེ་རྒྱུན་ལྡན་རེད། ཤས་ཆེ་བ་ཆོས་ཕྱོགས་དང་། མཚོན་རྟགས་ཀྱང་ཡིན་པའི་ཆོ་ག་འདི་དག་༧གོང་ས་མཆོག་གི་སྐུའི་བླ་གཟའ་འཁེལ་བའི་ཉིན་མོ། གཟའ་ལྷག་པར་གནང་གི་ཡོད། འོན་ཀྱང་རྒྱ་ནག་གཞུང་གི་༢༠༠༨ ལོའི་དབྱེ་འབྱེད་མེད་པའི་དྲག་གནོན་དེས་རྒྱལ་ཁབ་ཁྱོན་ཡོངས་དྲག་པོའི་མཐར་ལྷུངས་བཅུག་པ་དང་། བོད་མིའི་མི་རབས་གསར་པ་ཞིག་ཆབ་སྲིད་ཅན་དུ་བསྒྱུར་བ་རེད། དོན་རྐྱེན་དེས་དོ་ཕོག་མ་ཐེབས་པའི་ཁྱིམ་ཚང་ཞིག་བོད་ནང་ཧ་ལམ་བྱུང་མེད། ཐ་ན་ཁྱིམ་ནང་དུ་བསྡད་དེ་རྒོལ་ལངས་དེ་མཇུག་བསྒྲིལ་བར་སྒུག་མཁན་ཚོ་ཡང་། འཛིན་བཟུང་བཙོན་འཇུག་དང་། སྲོག་ཐོག་བཏང་བ། གར་སོང་ཆ་མེད་དུ་གྱུར་བ་ཚོའི་གནས་བབ་དང་ཐག་ཉེ་བར་སླེབས་ཡོད།
རྒྱ་ནག་གིས་བསམ་ཚུལ་མི་མཐུན་པའི་མཉམ་རུབ་སྨྲ་བརྗོད་ཀྱི་རྣམ་པ་ཡོངས་རྗོགས་རྩ་འགོག་བྱས་པར་བརྟེན། བོད་མི་ཚོས་ལས་འགུལ་སྒེར་བཀོལ་བྱས་ཏེ་ཡ་ལན་སྤྲད་ཡོད། བོད་མི་མང་པོ་ཞིག་གིས་སྒེར་གྱི་བྱེད་ལས། དཔེར་ན། བོད་ཆས་གྱོན་རྒྱུ་དང་། བོད་ཟས་བཟའ་རྒྱུ། རང་དབང་ཅན་གྱི་རླུང་འཕྲིན་ལ་ཉན་རྒྱུ། ཁྱིམ་ཚང་ནང་དུ་བོད་ཀྱི་སྐད་ཡིག་སློབ་རྒྱུ་སོགས་བརྒྱུད་དེ་བཅུ་ཕྲག་འགའི་རིང་ལ་དྲག་གནོན་བྱས་པའི་རང་ཉིད་ཀྱི་ངོ་བོ་གསལ་སྟོན་དང་། བདེན་པ་དག་སྐྱེལ་བྱེད་པར་སྒེར་གྱི་གོ་ཡུལ་བེད་སྤྱོད་བྱེད་འགོ་ཚུགས་པ་རེད།
ཆབ་སྲིད་ཀྱི་ཡོ་ལངས་ཆེ་བའི་དུས་ཡུན་འདིའི་རིང་ལ། ནམ་རྒྱུན་ལེགས་བྱང་དང་འབྲེལ་བའི་ཆོ་ག་ཡིན་པའི་རིགས་ཀྱང་གློ་བུར་སྲིད་དོན་དུ་གྱུར་བ་དང་། དེ་ཡང་བོད་མི་ཚོར་བོད་མིའི་ངོ་བོ་ཞིག་སྦྱིན་པའི་ཆ་ནས་མ་ཡིན་པར་རྒྱ་མི་མ་ཡིན་པའི་ངོ་བོ་ཞིག་སྦྱིན་པ་ལ་བརྟེན་ནས་བྱུང་བ་རེད། མི་རིགས་ཀྱི་ངོ་བོ་ལྡན་པའི་སྲིད་དོན་གྱི་རྩེད་འགྲན་སྒོར་མོ་འདའི་ནང་དུ་བོད་མི་ཡིན་ཕྱིན་ཆད་༼རྒྱ་མི་མ་ཡིན་པ་༽དང་གོ་དོན་གཅིག་མཚུངས་སུ་གྱུར་བ་རེད། གནད་དོན་འདིས་མཚོན་རྟགས་ཙམ་གྱི་རྒྱ་ལས་བརྒལ་བ་མ་ཟད། མཐའ་མ་གཟའ་ལྷག་པ་ལས་ཀྱང་ཕ་རོལ་ཏུ་བརྒལ་ཏེ་ལག་ལེན་དུ་འཁེལ་བའི་བྱེད་ལས་ཀྱི་རྣམ་གྲངས་དུ་མ་སྐྱེ་འཕེལ་བྱས་ཡོད།
ལྷག་དཀར་གྱིས་མང་ཚོགས་འདུས་པའི་ངོ་རྒོལ་གྱི་བྱེད་སྒོ་ལས་ཀྱང་ལྷག་པ་སྐྱེ་བོ་སྒེར་གྱི་འགོག་རྒོལ་གྱི་བྱེད་སྒོ་ལ་གལ་གནད་དུ་བཟུང་སྟེ་འགོག་རྒོལ་གྱི་ལས་འགུལ་སྒེར་འགྲེམས་བྱས་ཡོད། བོད་མི་ཚོས་རང་རང་གི་ཁྱིམ་དང། ལས་ཀ་བྱེད་ཡུལ། ཀམ་པུ་ཊར་བཅས་འགོག་རྒོལ་གྱི་དམག་སར་རྩིས་ཏེ། སྤྱི་ཚོགས་དང་། སྲིད་དོན། དཔལ་འབྱོར་བཅས་ཀྱི་གོ་ཡུལ་ཆེ་རུ་གཏོང་བའི་ལྕགས་རྩབས་ཤིག་གིས་སྒོ་ཕྱེས་ཏེ། སྒེར་གྱི་ཚད་ཅན་གྱི་གདམ་ཁ་དང་། ཉིན་རེའི་བྱེད་སྒོ་རྣམས་དེའི་ཕྱིར་བེད་སྤྱོད་གཏོང་བཞིན་ཡོད། ལྷག་དཀར་གྱི་ཉམས་ལེན་པ་ཞིག་གིས་རང་དབང་དེ་པེ་ཅིང་ནང་དུ་སྲིད་བྱུས་ལ་སེན་གཅུས་རྒྱབ་པ་དང་། མགོ་ཁྲིད་ཚོ་བློ་འགྱུར་བ་ལས་ཡོང་རྒྱུའི་རེ་སྒུག་བྱེད་ཀྱི་མེད་པར། དེ་ལས་ལྡོག་སྟེ་རྒྱ་ནག་གི་བཙན་གནོན་གྱི་སྟེང་སྒྲོམ་ཆེན་པོ་དེ་ལས་ཀྱང་ཆེ་རུ་སྐྱེ་འཕེལ་བྱེད་པའི་རང་དབང་གི་འཇིག་རྟེན་འཁོད་སྙོམས་པ་ཞིག་བཟོ་བར་རང་རང་གི་ཉིན་རེའི་མནོ་བསམ་དང། ཐག་གཅོད། བྱེད་ལས་བཅས་ནས་ཡོང་བའི་ཡིད་ཆེས་བྱེད་ཀྱི་ཡོད།
དེས་ན་ལྷག་དཀར་གྱིས་ལས་འགུལ་ལམ་ལུགས་སྒེར་བཀོལ་བྱས་པ་བརྒྱུད་སྐྱེ་བོ་སྒེར་གྱི་འགན་དབང་ཆེ་རུ་བཏང་སྟེ་འགོག་རྒོལ་རྒྱུན་སྐྱོངས་བྱེད་ཀྱི་ཡོད་ལ། དེ་ལྟར་བྱས་པའི་སྒོ་ནས་ལྷག་དཀར་ནི་ལས་འགུལ་ལམ་ལུགས་ཤས་ཆེ་བའི་སྒོ་མོ་ཞིག་ཏུ་གྱུར་ཡོད།
༢། ལེགས་བྱང་གོ་མཚོན་དུ་བཀོལ་བ།
བཙན་བྱོལ་དུ་འཚར་ལོངས་བྱེད་སྐབས་རང་ཉིད་ཀྱི་ལེགས་བྱང་སྐོར་ལ་དང་པོ་གོ་ཐོས་བྱུང་བ་ནི། བོད་ཀྱི་རིག་གཞུང་དེ་རང་ཡུལ་དུ་རྩ་སྟོང་འགྲོ་གི་ཡོད་པ་དང། བཙན་བྱོལ་དུ་གཞན་ཡུལ་གྱི་ལྷད་འདྲེས་ཏེ་ཉམས་རྒུད་དུ་འགྲོ་གི་ཡོད་པ་ཤེས་བྱུང་། དེ་བཞིན་རིག་གཞུང་དེ་ཆབ་སྲིད་ཀྱི་གནས་བབ་ཁོ་ན་ལ་བརྟེན་ཏེ་འཚོ་ཐུབ་པ་དང། བོད་ནང་གི་ཆབ་སྲིད་གནས་བབ་ཀྱིས་དེ་ལྟར་འཚོ་ཐུབ་པའི་རེ་བ་ཅུང་ཟད་ལས་མེད་པའི་ཡིད་ཆེས་སམ། བསམ་ཚུལ་ཞིག་བྱུང་ཡོད། ངའི་མི་རབས་ཀྱི་བོད་མི་ཚོ་ལ་བོད་ཀྱི་ལེགས་བྱང་དེ་ལྟ་སྣང་ལ་མཛེས་ཀྱང་རང་སྲུང་མི་ཐུབ་པའི་མེ་ཏོག་མཉེན་པོ་ཞིག་དང་འདྲ་བོ་ཡིན་པའི་བྱིང་ཐིམ་གྱི་ཚོར་བ་ཞིག་ཡོད།
ཡིན་ན་ཡང་། ལྷག་དཀར་གྱིས་ནུས་ཤུགས་གཅོག་པའི་ངང་ཚུལ་ཅན་གྱི་ལེགས་བྱང་ལ་ལྟ་སྟངས་འདི་མགོ་མཇུག་སློག་བཞིན་ཡོད། ལྷག་དཀར་འཁྲུངས་པ་ནས་བཟུང་བོད་མི་མང་པོ་ཞིག་གིས་ཆབ་སྲིད་ཀྱི་ཐོབ་ཐང་ཤུགས་ཆེར་རྩོད་པའི་ལག་ཆར་བཀོལ་ཏེ་ལེགས་བྱང་གི་བདག་དབང་སྐྱར་ལེན་བྱེད་འགོ་བཙུགས་ཡོད། ཁོང་ཚོས་༧གོང་ས་མཆོག་ལ་དད་པ་དང་། རང་ཡུལ་ལ་རྒྱལ་ཞེན། རང་དབང་གི་མངོན་འདོད་བཅས་སྨྲ་བརྗོད་བྱེད་པའི་ཐབས་ལམ་དུ་བོད་ཀྱི་སྒྱུ་རྩལ་དང་། རྩོམ་རིག སྙན་ངག རོལ་དབྱངས་སོགས་བེད་སྤྱོད་བྱེད་ཀྱི་ཡོད། ཆབ་སྲིད་ཀྱི་གོ་དོན་ལྡན་པའི་གཞས་ཚིག་གམ། ཡང་ན་༧གོང་ས་མཆོག་གི་སྐུ་བརྙན་ལྡན་པའི་རོལ་དབྱངས་བརྙན་སྡེར་དག་ནི་དེ་མ་ཐག་ཏུ་བྲིན་རྒྱུགས་ཆེ་བས། འདྲ་བཤུས་སྟོང་ཕྲག་དུ་མ་འཚོང་བསྒྱུར་ཐུབ་པ་བྱུང་ཡོད། བོད་ཀྱི་རོལ་དབྱངས་དང་སྙན་ངག་ལ་མང་ཚོགས་ནང་བེད་སྤྱོད་དང་། དང་འདོད་ཆེ་རུ་ཕྱིན་པ་འདིས་བོད་མཐོ་སྒང་ཡོངས་ཁྱབ་ཏུ་སྒྱུ་རྩལ་རྩོམ་རིག་གི་ཐད་ལ་དེང་རབས་ཀྱི་རིག་རྩལ་སྐྱར་དར་འཕེལ་རྒྱས་སུ་བཏང་ཡོད། མི་ལོ་བཅུ་ཕྲག་འགའམ། གཅིག་བྱས་ན་བརྒྱ་ཕྲག་འགའི་ནང་དུ་བོད་མི་ཚོས་ཐེངས་དང་པོར་རིག་གཞུང་སྐྱོབ་པར་ཆབ་སྲིད་ལ་ངང་སྒུག་བྱེད་རྒྱུའི་ཚབ་ཏུ་ཇི་ལྟར་རིག་གཞུང་གིས་ཆབ་སྲིད་སྐྱོབ་ཐུབ་པའི་གནད་འགག་དེ་སྐྱར་རྙེད་བྱེད་བཞིན་ཡོད།
འགྱུར་བ་འདི་ནི་བོད་ཡིག་སྦྱོང་བདར་ཆེད་མང་ཚོགས་ཀྱི་དང་འདོད་ཅན་གྱི་འབད་བརྩོན་སྐྱར་གསོའི་སྟེང་ནས་གསལ་པོར་འཆར་ཐུབ། བོད་ཀྱི་ས་གནས་དུ་མར་རྒན་གཞོན་གཉིས་ཀས་རྒྱ་སྐད་ཀྱི་ཐ་སྙད་རྒྱུན་སྤྱོད་མི་བྱེད་པར་བོད་སྐད་གཙང་མ་བེད་སྤྱོད་གཏོང་རྒྱུའི་དམ་བཅའ་འཇོག་གི་ཡོད། ཁམས་གསེར་རྟའི་ནང་དུ་རྒན་རབས་ཚོས་གཞོན་པ་ཚོ་ལ་བོད་ཡིག་གི་ཚིག་མཛོད་ཡོན་མེད་དུ་འགྲེམས་སྤྲོད་བྱས་ཡོད། བོད་ཤར་ཕྱོགས་སུ་རྩོམ་པ་པོ་དང་། རོལ་དབྱངས་པ་མང་པོ་ཞིག་གིས། རང་རང་སྒྱུ་རྩལ་གྱི་བརྒྱུད་ལམ་འགྲོ་རྒྱུགས་ཆེ་བ་རྒྱ་སྐད་ཡིན་ན་ཡང་། ད་ཆ་ཁོང་ཚོས་བོད་སྐད་ནང་རྩོམ་འབྲི་དང་། འཁྲབ་སྟོན་བྱེད་ཀྱི་ཡོད། ཟ་ཁང་དང་ཇ་ཁང་དག་གི་ནང་དུ་བོད་སྐད་ཐོག་ཟ་མ་མངགས་ན་ལས་དེ་མིན་སྦྱིན་བདག་གིས་ཞབས་ཞུ་བྱེད་ཀྱི་མེད། ཝེ་བོ་བེད་སྤྱོད་གཏོང་མཁན་ཚོས་གཟའ་ལྷག་པ་ནམ་ཡིན་ལ་བོད་ཡིག་བཀོལ་སྤྱོད་བྱེད་ཀྱི་ཡོད། གདོང་དེབ་དང་རན་རན་བེད་སྤྱོད་གཏོང་མཁན་ཚོས་རྒྱུན་དུ་ཆབ་སྲིད་དང་འབྲེལ་བའི་བརྙན་པར་དང་སྙན་ངག་དྲྭ་འཇུག་བྱེད་ཀྱི་ཡོད།
འདི་དག་ནི་ལི་ཐང་ནས་ལྷ་ས་དང་། རྔ་པ་ནས་རེབ་གོང་། གསེར་རྟ་ནས་ནང་ཆེན་སོགས་བོད་ཁྱོན་ཡོངས་སུ་ལྷག་དཀར་གྱི་བྱེད་ལས་ཇི་ལྟར་འཕེལ་རྒྱས་འགྲོ་དང་འགྲོ་བཞིན་ཡོད་པ་གསལ་སྟོན་གྱི་ལོ་རྒྱུས་སྣེ་སྡུས་ཤིག་རེད། དཀར་ནག་གཉིས་ལས་ཚོན་མདོག་གཞན་མེད་པའི་ཆབ་སྲིད་ཀྱི་རས་གཞི་དེའི་ངོས་སུ་བོད་མི་ཚོས་སྒྱུ་རྩལ་དང་། རྩོམ་རིག སྙན་ངག་སོགས་ཀྱི་སྒོ་ནས་གནས་བབ་སྐྱ་བོ་ཞིག་བསྐྲུན་ཐུབ་པ་བྱུང་ཡོད།
རྒྱ་ནག་གི་སྟོབས་ཤུགས་ལ་ང་ཚོས་འགྲན་རྩོད་ནམ་ཡང་ཐུབ་ཀྱི་མ་རེད་ཅེས་པའི་ལྷ་སྒྲུང་དེའི་འོག་ཏུ་སྐྱེད་སྲིངས་བྱས་པའི་མི་རབས་ཞིག་ལ། ང་ཚོའི་རིག་གཞུང་གི་ཟད་མཐའ་བྲལ་བའི་བང་མཛོད་དེ་མཐར་སྟོབས་ཤུགས་ཆེ་བའི་འཚེ་བ་སྤངས་པའི་ལག་ཆ་ཞིག་ཏུ་གོ་མཚོན་གྱི་ངོ་བོར་བསྒྱུར་ཐུབ་པའི་གོ་རྟོགས་དེ་ལས་ནུས་མཐུ་ཆེ་བ་གཞན་མེད། ལྷག་དཀར་གྱིས་བོད་ཀྱི་ལེགས་བྱང་དེ་རྒྱས་བཅད་ཟིན་པའི་མཁར་དབང་ནས་འགྲོ་རྒྱུགས་ཅན་གྱི་མ་རྩ་དང་། བྱིན་རླབས་ཆེ་བའི་བེ་ཅོན་ཞིག་ནས་གསེར་གྱི་མདུང་རིང་ཞིག་ཏུ་འགྱུར་བ་བཏང་བ་རེད།
༣། མཐུན་ལམ་མི་བྱེད་པ་མོས་འདེམས་བྱེད་པ།
ནང་པའི་ཆོས་ཀྱིས་བོད་བཏུལ་ནས་མི་ལོ་ཆིག་སྟོང་ལྷག་འདས་ཟིན་ཀྱང་ང་ཚོའི་དཔའ་བརྟུལ་གྱི་བློ་ངར་དེ་ད་ལྟའང་གནས་ཡོད། ང་ཚོས་ཉེན་ཁ་ལ་དཔྱད་ཞིབ་དང་ཁེ་ཕན་ལ་རྩིས་མ་རྒྱབ་སྔོན་ལ་དམག་སར་རྒྱུགས་ཀྱི་ཡོད། བོད་ཀྱི་གནའ་བོའི་གཏམ་རྒྱུད་ཧ་ལམ་ཚང་མའི་ནང་དུ་འཆར་གཞི་འདིང་བ་དང་། གྲ་སྒྲིག་བྱེད་པ་གཉིས་དཔའ་ངར་དང་། བྱེད་ལས་ཀྱིས་སྒྲིབ་གཡོག་བྱས་ཡོད། བོད་མིའི་རྟོག་འཆར་གྱི་ནང་དུ་འཐབ་བྱུས་སྒྲིག་སའི་ཁང་མིག་དེར་གོ་ཡུལ་མེད་པ་ལྟ་བུ་རེད།
བརྒྱ་ཕྲག་འགའི་རིང་ལ་བོད་མིའི་འགོག་རྒོལ་ནང་གི་འཐབ་རྩལ་གཙོ་ཆེ་ཤོས་དེ་གཞུང་ལམ་སྟེང་གི་ངོ་རྒོལ་དེ་རེད། དེ་ནི་བཙན་བྱོལ་ནང་དུ་ནུས་པ་ལྡན་ལ་ཉེན་ཁ་ཆུང་བའི་འཐབ་རྩལ་ཞིག་ཡིན་ཀྱང་། བོད་ནང་གཞུང་ལམ་སྟེང་གི་ངོ་རྒོལ་ནི་ཧ་ཅང་ཉེན་ཚབས་ཆེ་ལ་རྒྱུན་སྐྱོང་མི་ཐུབ་པ་ཞིག་རེད། ངོ་རྒོལ་གྱི་བྱ་བ་ཅུང་རྩག་ཅིག་བྱས་པའི་ཉེར་ལེན་ལ་མེ་མདའ་བརྒྱབ་སྲིད་པ་དང་། བཙོན་འཇུག་ནི་ངེས་པ་རེད། འོན་ཀྱང་ལྷག་དཀར་གྱི་འཐབ་བྱུས་ལ་ནན་ཏན་བྱས་པ་བརྒྱུད་དེ་བོད་མི་ཚོས་མཐུན་ལམ་མི་བྱེད་པའི་ལས་འགུལ་གྱི་སྟོབས་ཤུགས་ལ་དང་བ་འདྲེན་གྱི་ཡོད། དེ་ནི་དཔའ་བློ་ཁོག་ལྡན་པ་དང་། ཉེན་ཁ་ལས་གཡོལ་འདོད་པའི་མི་སྡེ་ཚང་མར་རན་འཚམས་ཡོད་པ་མ་ཟད། འགྲོ་གྲོན་ཆུང་ལ། ངོ་རྒོལ་རྔམ་སྟོན་དང་། བརྒྱུད་སྐུལ་གྱི་བྱེད་སྒོ་དག་ལས་ཀྱང་ཕན་ནུས་ཆེ་བ་ཡོད།
ཕྱི་ལོ་༢༠༠༨ ནས་བཟུང་སྟེ་བོད་མི་མང་པོས་བོད་པའི་ཟ་ཁང་ཁོ་ན་ནས་ཟ་མ་བཟའ་བ་དང་། བོད་པའི་ཚོང་ཁང་ཁོ་ན་ནས་ཉོ་ཆ་རྒྱག་རྒྱུ་འགོ་བཙུགས་པ་དེས། གྲོང་བརྡལ་མང་པོའི་ནང་རྒྱ་མིའི་ཚོང་ཁག་སྒོ་བརྒྱབ་དགོས་ཐུག་པ་རེད། རྒྱ་རིགས་ཀྱིས་བདག་གཉེར་བྱས་པའི་ཚོང་ཁང་ཁག་གི་ཐད་དུ་༼ཁྱབ་བསྒྲགས་མེད་པའི་ཕྱིར་ལྡོག་༽འདི་ནི་རྒྱ་ནག་གིས་བོད་ནང་༼དྲིལ་བསྒྲགས་མེད་པའི་དྲག་པོའི་ཁྲིམས་གཞི་༽ ལག་བསྟར་བྱས་པ་དེར་སྙན་ཆ་ལྡན་པའི་ལན་འདེབས་ཡིན་པ་གང་ཞིག་ལ། མེས་པོ་དམ་པ་གཱན་དྡིའི་གནང་སྟངས་བཞིན་དཔལ་འབྱོར་གྱི་མཐུན་ལམ་མི་བྱེད་པའི་ལས་འགུལ་གྱི་ལྟ་གྲུབ་དེར་འཕྲིན་སྐུལ་ཞུས་པ་རེད།
ཁམས་ནང་ཆེན་ནང་གི་བོད་མི་ཚོས་ལོ་མང་པོའི་རིང་ལ། སྔོ་ཚལ་ཁྲོམ་རའི་ཐད་ལ་འགྲན་རྩོད་མེད་པའི་ཚོང་དབང་གཅིག་འཛིན་བྱེད་པའི་རྒྱ་རིགས་ཚོང་ཁང་ནས་སྔོ་ཚལ་རིན་གོང་མཐོ་བོར་ཉོས་པ་རེད། འོན་ཀྱང་ཕྱི་ལོ་༢༠༡༡ གི་ལོ་འགོ་དེར་བོད་མི་སྡེ་ཚན་གཅིག་གིས་རྒྱ་མིའི་སྔོ་ཚལ་ཚོང་ཁང་ལ་ཕྱིར་ལྡོག་བྱེད་འགོ་བཙུགས་པ་རེད། བོད་མི་གཞན་དག་ཚོས་ཁོང་ཚོར་མིག་དཔེ་བལྟས་ཏེ་ཁོང་ཚོའི་རྗེས་སུ་ཞུགས་སྐབས་ཁོང་ཚོའི་སྟོབས་ཤུགས་ཆེ་རུ་ཕྱིན་པ་རེད། ཟླ་བ་གཉིས་ཙམ་ལས་མ་འདས་པའི་སྐབས་དེར་ཚོང་མེད་པའི་རྐྱེན་གྱིས་རྒྱ་མིའི་ཚོང་ཁང་མང་པོ་སྒོ་བརྒྱབ་པ་དང་། ཁོང་ཚོའི་ས་དེར་བོད་མི་སྔོ་ཚལ་འཚོང་མཁན་གསར་པ་སླེབས་པ་རེད།
ཉེ་དུས་ཀྱི་དྲན་ཤེས་ནང་ཐེངས་དང་པོར་བོད་མི་ཚོས་ཇི་ལྟར་བྱས་ཏེ་ཁོང་ཚོ་སྒེར་གྱི་བྱེད་ལས་ཀྱིས་སྤྱིའི་མ་འོངས་པ་ལ་འགྱུར་བ་གཏོང་ཐུབ་ཀྱི་ཡོད་པ་དེ་མཐོང་བཞིན་ཡོད། འགོག་རྒོལ་གྱི་བགྲོ་གླེང་དེ་ཡང་གནོད་འཚེ་ཕོག་པའི་རང་བཞིན་གཅིག་ནས། འཐབ་བྱུས་དང་། རིག་རྩལ་ཅན་གྱི་གསར་གཏོད། བྱེད་ཐུབ་པའི་ནུས་མཐུ་ལྡན་པ་བཅས་ལ་ནན་ཏན་བྱེད་པའི་རང་བཞིན་དུ་འགྱུར་བ་འགྲོ་བཞིན་ཡོད། ཉེ་ཆར་བར་དུ་གཏམ་གླེང་མང་ཆེ་བ་རྒྱ་མིའི་ཡ་ང་སྙིང་རྗེ་བྲལ་བའི་ངང་ཚུལ་གྱི་མདུན་དུ་བོད་མིའི་ཅི་བྱ་གཏོལ་མེད་ཀྱི་ངང་ཚུལ་དེ་ལྷག་ཡོད་པ་ནས་འགོ་འཛུགས་པའམ་མཇུག་བསྒྲིལ་གྱི་ཡོད། ད་ཆ་གསང་བའི་སྐྲ་བཞར་ཁང་དང་། ཇ་ཁང་དེ་དག་གི་ནང་དུ་འགོག་རྒོལ་དང་། འཐབ་བྱུས། བྱེད་ལས་བཅས་ཀྱི་སྐོར་ལ་བགྲོ་གླེང་བྱས་ཏེ་འཁོལ་བཞིན་གནས་ཡོད།
མཐུན་ལམ་མི་བྱེད་པའི་ལས་འགུལ་གྱི་གྲུབ་འབྲས་མིག་སྔར་ཤར་བའི་རྐྱེན་ལས། བོད་མི་ཚོས་འཚེ་བ་སྤངས་པའི་ཉམས་ལེན་དེ་ནུས་པ་ལྡན་པའི་བྱེད་ལས་འགོག་པའི་ཆོས་ཕྱོགས་ཀྱི་ལྟ་གྲུབ་ཅིག་ཏུ་མི་བལྟ་བར། ནུས་པ་སྟེར་བའི་འཐབ་བྱུས་ལྡན་པའི་གོ་མཚོན་ཞིག་ཏུ་མཐོང་གི་ཡོད། གསར་བརྗེ་གཞན་ཁག་གི་ནང་ནས་ཡང་ཡང་ར་འཕྲོད་བྱུང་བ་བཞིན། སྲིད་དབང་སྒེར་འཛིན་ལམ་ལུགས་ཀྱི་ཀ་བ་དེ་དག་གཞི་རྒྱ་ཆེ་ལ་རྒྱུན་འཁྱོངས་བའི་མཐུན་ལམ་མི་བྱེད་པའི་ལས་འགུལ་ཞིག་གིས་མ་གཏོགས། དེ་མིན་གང་གིས་ཀྱང་ཕན་ནུས་ལྡན་པའི་སྒོ་ནས་མེད་པར་བཟོ་མི་ཐུབ།
ལྷག་དཀར་གྱི་མ་འོངས་པ།
སྔ་ལོ་སྟོན་ཁ་བོད་ཤར་ཕྱོགས་གསེར་ཤུལ་ནང་དུ་བོད་པའི་བུད་མེད་གཅིག་གིས་གཟའ་ལྷག་པའི་ཉིན་བོད་ཆས་ཕྱུ་པ་གྱོན་པ་ལ་བརྟེན་ནས་རྒྱ་ནག་དཔོན་རིགས་ཚོས་འཛིན་བཟུང་བྱས་པ་རེད། སྐབས་དེའི་གཡས་གཡོན་དུ་བོད་མི་བརྒྱ་ཕྲག་ལྷག་ཅིག་རང་སྐད་སྲུང་སྐྱོབ་ཀྱི་སྡེ་ཚན་དང་འབྲེལ་བ་ཡོད་པ་དང་། འགའ་ཞིག་དཀར་སྐྱོང་ཁྱབ་སྤེལ་བྱེད་པར་སྙད་དེ་བཀག་ཉར་བྱས་ཡོད། བོད་མི་བགྲེས་པ་ཚོས་དམར་སྤངས་ཏེ་སྤྱི་མཐུན་གྱི་ལས་བཟང་པོ་བསགས་ན་དེས་རྒྱུ་བྱས་ཏེ་༧གོང་ས་ཡིད་བཞིན་ནོར་བུའི་སྐུ་ཚེ་རིང་དུ་འགྲོ་གི་ཡོད་པར་ཡིད་ཆེས་བྱེད་ཀྱི་ཡོད།
རྒྱ་ནག་གཞུང་གིས་ལྷག་དཀར་ལ་དགྲ་བོ་གསར་པ་ཞིག་ཏུ་མཐོང་ཡོད་སྲིད། འོན་ཀྱང་ལྷག་དཀར་དེ་དགྲ་བོར་ངོས་འཛིན་དྲིལ་བསྒྲགས་བྱས་ན། རྒྱ་ནག་གིས་བརྡར་བཏགས་པའི་མིང་ཙམ་གྱི་ཐ་སྙད་ཅིག་གམ། རྟོག་འཆར་ཞིག་ལ་དམིགས་འབེན་བྱེད་རྒྱུ་ལས། དེ་རྩ་མེད་གཏོང་བའི་གོ་མཚོན་ཁོང་ཚོར་མེད། ལྷག་དཀར་གྱི་སྙིང་པོ་དེ་མི་གཅིག་གིས་གྱོན་པའི་ཕྱུ་པའི་ནང་དུ་མེད་པར། མི་དེས་ཕྱུ་པ་གྱོན་འདོད་ཀྱི་ཀུན་སློང་གི་ནང་དུ་ཡོད། ལྷག་དཀར་ངོ་མ་དེ་ནི་སེམས་ཀྱི་བྱ་འགུལ་ཞིག་ཡིན་པས། དེས་ན་དམག་དཔུང་དང་། ལྩགས་ཁྲབ་འཁོར་ལོ། མདེའུ་བཅས་ཀྱི་གྲངས་འབོར་གང་འདྲ་ཞིག་ལའང་མངོན་པར་མི་གསལ་བ་དང་། དེ་དག་གིས་རེག་འཇུ་མི་ཐུབ་པ་ཞིག་རེད། རྒྱ་ནག་གཞུང་གིས་དཀར་སྐྱོང་བྱེད་མཁན་དང་། བོད་ཆས་གྱོན་མཁན། བོད་སྐད་རྒྱག་མཁན་གྱི་མི་སྡེའི་ཐོག་ཏུ་༼རང་ཉིད་ཀྱི་ཡིད་ཆེས་ཉམ་དམས་སུ་འགྲོ་བ་དང་། ཉེན་ཁ་ཆེ་རུ་འགྲོ་བའི་གཟུགས་བརྙན་༽ གྱིས་དྲག་གནོན་བྱས་པ་དེས་དབང་སྒྱུར་ལམ་ལུགས་རང་ཉིད་ཀྱི་སྟེང་དུ་མདེའུ་ཕྱིར་ལོག་བྱས་ཏེ་ཕུགས་ཐག་རིང་པོར་ལྷག་དཀར་གྱི་ནུས་ཤུགས་ཆེ་རུ་གཏོང་གི་རེད།
སྟབས་ཉེས་པ་ཞིག་ལ། འཚེ་བ་སྤངས་པའི་འཐབ་བྱུས་ཀྱི་རྟོག་འཆར་ལ་གོ་ལོག་ཐེབས་པའི་རྐྱེན་གྱིས་དེ་ལས་ཚབས་ཆེ་བའི་འཇིགས་སྣང་ཞིག་ལྷག་དཀར་ལ་ནང་ཁུལ་ནས་ཡོང་སྲིད། ང་ཚོས་ཕྱུ་པ་གྱོན་པའམ། བོད་སྐད་གཙང་མ་བརྒྱབ་པ་ཙམ་གྱིས་རང་རང་གི་ལྷག་དཀར་གྱི་བྱེད་སྒོ་རྣམས་སྒྲུབ་ཀྱི་ཡོད་སྙམ་པའམ། ཡང་ན་ཕྱུ་པ་མི་གྱོན་པའམ། སྐད་ཡིག་གཞན་དག་བཀོལ་སྤྱོད་བྱས་པ་ཙམ་གྱིས་ལྷག་དཀར་གྱི་དམ་བཅའ་ལས་འགལ་འགྲོ་སྙམ་པ་ནམ་ཡང་བསམ་རྒྱུ་མེད། སྟབས་བདེའི་འགྲེལ་བཤད་ཅིག་གིས་ལྷ་དཀར་མ་སྨིན་སྔོན་ལ་དབུགས་སུབ་ཏུ་གཏོང་ཐུབ་ལ། ཆ་ཚང་ལ་ཕྱི་གསལ་ནང་གསལ་ཡིན་པའི་འགྲེལ་བཤད་ཅིག་གིས་ལྷག་དཀར་ལ་སྐྱེད་སྨིན་བྱེད་པའི་གོ་ཡུལ་སྟེར་གྱི་རེད། གལ་ཏེ་ལྷག་དཀར་སྲུང་བརྩི་ཞུ་སྟངས་མི་འདྲ་བའི་ཐབས་ལམ་སྟོང་ཕྲག་ཡོད་ན། རྒྱ་ནག་གཞུང་གིས་དེ་དག་ཚང་མར་གདོང་ལེན་ཇི་ལྟར་བྱེད་དམ།
ཡི་གེ་འབྲི་རྒྱུར་སྤྲོ་སྣང་ཆེ་བའི་རིགས་ཀྱིས་མ་མཐར་བདུན་རེའི་ནང་དུ་ཆུ་ཚོད་རེ་བཏང་སྟེ་ཝིཀིཔིཌིཡའི་ནང་དུ་བོད་དང་འབྲེལ་བའི་གནས་ཚུལ་ཁག་དྲང་བདེན་བཟོ་ཕྱིར་ཞུ་དག་གཏོང་ཐུབ་པ་དང་། ཁ་པར་གཏོང་རྒྱུར་དགའ་པོ་དང་དུས་ཚོད་འདང་ངེས་ཡོད་མཁན་ཚོས་གཟའ་ལྷག་པར་ཆུ་ཚོད་གཅིག་གི་རིང་ལ་རྒྱ་ནག་གི་གཞུང་ཚབ་ཁང་དུ་ཁ་པར་བཏང་སྟེ་རྒྱ་མིས་བོད་མི་ཚོར་མནར་གཅོད་ཇི་འདྲ་གཏོང་གི་ཡོད་པའི་སྐོར་ལ་ཁོང་ཚོ་བསུན་པོ་བཟོ་དགོས། ༼སེམས་ངལ་མེད་པར་བཟོ་རྒྱུའི་ཐབས་ཤེས་ཡག་ཤོས་དེ་གཞན་ལ་སྤྲོད་རྒྱུ་དེ་རེད།༽ བོད་ཡིག་སྦྱོང་བཞིན་པ་ཚོས་བདུན་རེའི་ནང་དུ་བོད་སྐད་གསར་ཤོག་ཐེངས་རེ་ཀློག་དགོས། ནུབ་ཕྱོགས་སུ་འཚར་ལོངས་བྱུང་བ་ཚོས་གཟའ་ལྷག་པ་ནམ་ཡིན་ལ་ཨེ་ཤེ་ཡའི་རང་དབང་རླུང་འཕྲིན་དང་། ཨ་རིའི་བོད་སྐད་རླུང་འཕྲིན། ནོར་ཝེ་བོད་ཀྱི་རླུང་འཕྲིན་བཅས་ཀྱི་གསར་འགྱུར་ལ་ཉན་ན་འགྲིགས། ཉོ་ཆ་རྒྱབ་རྒྱུར་དགའ་པོ་ཡོད་མཁན་ཚོས་གཟའ་ལྷག་པ་ནམ་ཡིན་ལ་ཆུ་ཚོད་གཉིས་ཙམ་བཏང་སྟེ་ཚོང་ཁང་ཁག་ལ་རྒྱ་ནག་ཏུ་བཟོས་པའི་དངོས་པོ་མ་བཙོང་རོགས་ཅེས་སྐུལ་མ་ཞུ་ཐུབ། སློབ་ཕྲུག་ཚོས་གཟའ་ལྷག་པ་ནམ་ཡིན་ལ་དུས་ཚོད་བཏང་སྟེ། རང་རང་གི་སློབ་གྲྭའི་ནང་དུ་བོད་ནང་དྲང་བདེན་མ་ཡིན་པའི་གནས་ཚུལ་ཡོང་བཞིན་པ་བྱེ་བྲག་པ་གཅིག་གི་ཐོག་ལ་སེལ་ཐབས་ཇི་ཡོད་འཁོད་པའི་སྦྱར་ཡིག་བཟོས་ཏེ་འགྲེམས་སྤེལ་བྱེད་ཐུབ། འདི་དག་ནི་མི་ཚོས་རང་རང་གི་རིག་རྩལ་དང་། ནུས་པ། འདུན་པ་ལ་བསྟུན་ཏེ་གནང་ཐུབ་པའི་བྱེད་ལས་དུ་མའི་ནང་ནས་འགའ་ཞིག་རེད།
སྤྱི་ཚོགས་ཀྱི་ལས་འགུལ་དག་ལ་ཡང་དག་པའི་དཔུང་སྣོན་གྱིས་ནུས་ཤུགས་སྦྱིན་པ་དང་། རང་ལྟ་ཕྱོགས་འཛིན་གྱི་བྱ་རས་མེད་པར་བཟོ་གི་ཡོད། དྲང་པོར་བཤད་ན་ལྷག་དཀར་ལ་མི་ཚོས་དགའ་པོ་བྱེད་པའི་རྒྱུ་མཚན་ནི་ལྷག་དཀར་གྱི་ལས་འགུལ་དེ་དྭང་བླངས་དང་། བྱེད་སྟབས་བདེ་པོ། ཚད་གཅིག་ཚང་མར་རན་པའི་ལས་འགུལ་གྱི་གྲས་ཡིན་པས་རེད། ང་ཚོས་མི་ཚང་མར་སོ་སོའི་འདོད་མོས་ལྟར་རང་དབང་གི་ལམ་ནས་ལས་འགུལ་ལ་མཐུན་འགྱུར་བྱེད་འཇུག་པ་ལས། སྒྲིག་གཞི་དང་སྣང་ཚུལ་བྱེ་བྲག་པ་དེ་འདྲར་བརྩི་འཇོག་བྱེད་དགོས་པའི་བཙན་པོ་དབང་ཤེད་བྱེད་རྒྱུ་མེད། ལྷག་དཀར་ལ་སྤྲོ་སེམས་སློང་བའི་སྣེ་འཁྲིད་པ་དགོས་པ་ལས་ཉེན་རྟོག་པའི་དགོས་མཁོ་མེད།
ཨ་རིའི་ནང་ཞི་བའི་མི་སྡེའི་ཐོབ་ཐང་གི་ལས་འགུལ་སྤེལ་བའི་སྐབས་སུ་མི་རིགས་ནག་པོའི་ཆེད་ལས་པ་དང་། ཚོང་པ་ཕྱུག་པོ་མང་པོས་མཱར་ཊིན། ལུ་ཐར། ཀིང་གཞོན་པ་ལ་འདྲ་མཉམ་ཡོང་ཆེད་ཀྱི་ལས་འགུལ་དེ་གུལ་དུ་གཏོང་དགོས་པའི་རེ་འདུན་བཏོན་པ་རེད། ཁོང་ཚོས་ཀིང་ལ་༼ཀོ་གྲུ་དཀྲུགས་པ་མ་གནང་རོགས། ང་ཚོས་ཞེ་དྲགས་བཙིར་ན་ང་ཚོར་ད་ལྟ་གང་ཐོབ་པ་དེ་ཡང་ཤོར་སྲིད་པ་རེད།༽ ཞུས་པ་རེད། འོན་ཀྱང་སྟབས་ལེགས་པ་ཞིག་ལ་ཞི་བའི་མི་སྡེའི་ཐོབ་ཐང་གི་ལས་འགུལ་དེས་ཀོ་གྲུ་མུ་མཐུད་དེ་དཀྲུགས་པ་རེད། ང་རང་ཚོའི་གནས་སྟངས་ལ་གཞིགས་ནའང། འགའ་ཞིག་གིས་ཡང་དྲགས་པའི་ལྷག་དཀར་ཞིག་ཁྱབ་སྤེལ་བྱས་ཏེ། རྒྱ་ནག་གི་སྡེར་འོག་ནས་ལས་འགུལ་དེའི་སྤུས་ཚད་སླ་བའི་གནས་བབ་ཅིག་སྐྱོབ་ཐབས་བྱེད་སྲིད། ཁོང་ཚོས་ལྷག་དཀར་ནི་ཆབ་སྲིད་མིན་པར་རིག་གཞུང་གི་ལས་འགུལ་ཞིག་ཡིན་པའི་ཨུ་ཚུགས་བྱེད་བཞིན། སོ་བྲལ་བའི་ལྷག་དཀར་སླ་མོ་ཞིག་རྒྱུན་སྐྱོང་བྱེད་ཀྱང་སྲིད།
འོན་ཀྱང་རྩོད་པ་དེ་དག་ནི་རྒྱ་ནག་གི་འཁོར་རྒྱའི་ཕྱི་རོལ་དུ་བོད་མིའི་སྟོབས་ཤུགས་ལ་བསམ་བློ་འཁོར་མི་ཐུབ་པ་བཟོས་ཏེ། ཕམ་ཁའི་རང་བཞིན་ཅན་གྱི་སེམས་ཁམས་ཀྱི་རྩ་བར་གྱུར་ཡོད། དེས་ནི་ཞེད་སྣང་ལྡན་པའི་བྱ་འགུལ་ལམ་ལུགས་སྤེལ་གྱི་ཡོད་པ་དང་། ཞེད་སྣང་ནི་བཙན་གནོན་པ་ཚོས་བཙན་གནོན་མྱོང་མིའི་ཆེད་དུ་ད་ལྟ་བར་དུ་བཟོས་པའི་བཙོན་ཁང་ནུས་པ་ཆེ་ཤོས་དེ་རེད། བཙན་བྱོལ་དུའང་བཙོན་ཁང་དང་བཀག་ཉར་ཁང་གཞན་གང་འདྲ་ཞིག་གིས་ང་ཚོ་བཙོན་འཇུག་ཐུབ་བམ།
ད་ལྟ་ནི་ལྷག་དཀར་གྱི་ལྟ་བ་དྲིལ་བསྒྲགས་དང་། ཉམས་ལེན་ལྡབ་སྒྱུར་བྱས་ཏེ་ལྷག་དཀར་རྒྱ་སྐྱེད་དུ་གཏོང་བའི་དུས་ཚོད་རེད། འོན་ཀྱང་དེ་ནི་རྒྱ་ནག་གིས་བཀའ་གང་གནང་ལ་ལྟོས་ཏེ་མ་ཡིན་པར་བོད་མི་ཚོའི་ངོས་ནས་བཟོས་པ་ཞིག་ཡིན་དགོས། འདི་ནི་བོད་མི་ནང་ཁུལ་དུ་ལས་འགུལ་བ་དང་ཞི་བ་བ། སྲིད་དོན་པ་དང་རིག་གཞུང་བ། ཆོས་པ་དང་རིས་མེད་པ་སོགས་ཀྱི་དབར་ལ་ཕན་ཚུན་འགལ་ཟླ་བཟོ་རྒྱུའི་དུས་ཚོད་མ་རེད། ང་ཚོས་རིག་གཞུང་དང་། ཆབ་སྲིད། སྤྱི་ཚོགས། དཔལ་འབྱོར་བཅས་ཀྱི་དབར་ལ་ཡོད་པའི་སྐྱ་ཐིག་དེ་ངེས་པར་དུ་དབྱི་དགོས། དོན་དངོས་ཀྱི་མི་ཚེའི་ནང་དུ་འདི་འདྲའི་དབྱེ་བཅད་གང་ཡང་མེད། ང་ཚོ་འདི་དག་ཚང་མའི་ནང་དུ་དུས་མཉམ་དུ་གནས་ཡོད།
རྒྱ་ནག་གཞུང་གིས་བོད་མི་མི་རེ་ངོ་རེར་ལས་འགུལ་བ་དང་། བྱེད་ལས་རེ་རེ་བཞིན་ངན་བྱུས་སམ། མགོ་མཇུག་རྟིང་སློག་ཏུ་བལྟ་རྒྱུའི་ཉི་མོ་དེ་ཐག་རིང་པོ་མ་རེད། སྐབས་དེ་དུས་བོད་དོན་གྱི་ཐད་ལ་རྒྱ་ནག་ཕམ་ཉེས་སུ་ཕྱིན་པ་ང་ཚོས་ཤེས་ཀྱི་རེད།། །།
པདྨ་ཚེ་དབང་ཤཱསྟྲིས་༢༠༡༣ ཟླ་༡ ཚེས་༡༣ ཉིན་ཨིན་སྐད་ནས་བོད་བསྒྱུར་བྱས།
ཀློག་ཡིན་འགོ་ནས་མཇུག་བར་ཀློག་ཡིན་བཤད་པ་དོན་ཐོག་ལ་ཁེལ་རྒྱུ་ཤིན་ཏུ་གལ་ཆེ།
དུས་ཀྱི་ཡོ་ལོངས་ལྟ་བུ་ནི་ཆེས་འགོག་ཏུ་མེད་པ་ཞིག་རེད། འོན་ཀྱང་སྔར་འདས་ཟིན་ནི་
འདས་ཟིན་རེད་མ་གཏོགས་མུ་མཐུད་ཀྱི་མེར་སྲེག་དེ་ཆེས་ཡ་ང་བ་དང་མཚམས་ཅད་དགོས་
པ་ལྟ་བུར་རེད།
ནང་དོན་གསལ་མེད་པ་ལ་ཡང་སྐོར་སྐྱ་སྐོར་སྒྱབ་པའི་རྩོམ་རི་པོ་
དེ་ཀློག་པལས་ བཀའ་འགྱུར་ཀློག་ན་དཀའ་ལས་ཉུང་བ་ཡོང་བ་འདུག་
གསལ་བཤད་ཞུ་འདོད་མེད་སྐུ་མཁྱེན་ཨམ་མདོ་ཁམས་པ་ཚོས་གཙང་པའི་མི་ལ་དུས་ནམ་ཡང་ཡིད་ཆེས་མ་གནང་རོགས།
གསལ་བཤད་ཞུ་འདོད་མེད་སྐུ་མཁྱེན་ཨམ་མདོ་ཁམས་པ་ཚོས་གཙང་པའི་མི་ལ་དུས་ནམ་ཡང་ཡིད་ཆེས་མ་གནང་རོགས།
དེ་འདྲའི་ངང་གྲུབ་ཞིག་ཡོད་ན། དེ་ཕྱི་བསྒྲགས་གནམ་བསྒྲགས་བྱས་ནས། འགལ་རྐྱེན་བཟོ་དགོས་དོན་གང་ཡིན་ནི་ཨ། དགྲ་དོགས་པ་ཅན་རེད།
དེང་སང་གི་མྱིས་དགོས་ནི་ཞིག་བཤད་ཀི་ཡོད་ནི་ན། མི་དགོས་ནི་ཞིག་བཤད་ཀི་ཡོད་ནི་ན། གསལ་བོ་ཤེས་དཀའ་མོ་རེད།
གཏམ་པ་བོ་ཞིག་ཡིན་ན་འདྲ། རྩོམ་པོ་བོ་ཞིག་ཡིན་ན་འདྲ། འགན་རྐྱེན་དང་དགག་བྱ་དགེ་དམིགས་གསུམ་མ་ཤེས་བར་དུ། ཁ་ལག་གཉིས་ཀ་གྱོད་ཀི་གཞི་མ་ཡིན་པ་ཤེས་དགོས་པ་རེད།
རྩོམ་ཧ་ཅང་ཡག་པོ་སྤེལ་འདུག
ཐེངས་གཅིག་ཀློག་པ་ཡིན། དོན་དག་དམིགས་བསལ་གང་ཡང་མི་འདུག། ལྷག་དཀར་གཉིས་སྟོང་བརྒྱད་ནས་འགོ་བརྩམས་པ་རེད་ཟེར། འདི་ནི་བདེན་པ་མ་རེད། ལྷག་དཀར་བོད་ནས་འགོ་བརྩམས་ནས་ལོ་ངོ་བདུན་བཅུ་ལྷག་འགྲོ་གི་ཡོད་རེད་འདོད། རྒྱུ་མཚན་གཞན་ཞིག་གཞོན་སྐྱེས་ཚོའི་ཨེ་ཡ་རང་དབང་རླུང་འཕྲིན་ཁང་དང་ཨ་རི་རླུང་འཕྲིན་ཁང་གཉིས་ཀྱི་གསར་འགྱུར་ལ་ཉན་དགོས་པ་རེད་ཟེར། སྐད་ཆ་འདི་རྩ་བ་ཉིད་ནས་བློ་ལ་འགྲོ་མ་བྱུང། རྒྱུ་མཚན་ནི་ལས་ཁུང་དེ་དག་གི་ནང་ལས་བྱེད་ཚོ་ཤེས་ཚད་གྱི་ཆ་ནས་ཡིན། ཁོང་ཚོ་ནང་དུ་བོད་རང་གི་ལོ་རྒྱུས་ཤེས་མཁན་དང་ལྷག་པར་དུ་བོད་ནང་གི་ཉིན་རེ་འཚོ་བ་རྒྱུས་ཡོད་མཁན་ཧ་ཅང་དཀོན་པོ་རེད། དེ་འདྲ་ཡིན་ཙང་ཁོང་ཚོའི་གསར་འགྱུར་ནི་གསར་འགྱུར་རེད་བསམ་གི་མེད་ལ་དེ་ལ་ཉན་ན་ཕན་ཐོག་གང་ཡང་ཡོད་གྱི་མ་རེད་བསམ།
ངོ་མ་ཡག་པོ་རེད། ཕྱིར་སྡོད་བོད་མི་ཚོའི་མིག་དཔེ་རེད། བོད་མི་འགའ་རེས་ཡ་རབས་སྤྱོ་བཟང་རྒྱུན་བཅངས་ཀྱིས་བྱ་དགའ་གསོལ་རས་ཐོབ། རང་སྐྱིད་གཞན་སྨོན་གཉིས་ཀ་རེད། བོད་མི་རེ་འགས་གང་དུ་སོང་ཡང་མ་རབས་སྤྱོད་ངན་གྱིས་ཕུ་དཀྲུག་མདའ་དཀྲུག་གིས་རང་ཉིད་ཙམ་མ་ཟད་བོད་མི་ཡོངས་ཀྱི་མཚན་མཐོངས་ལ་གནོད་པའི་ལས་ངན་སྤེལ་མཁན་དེ་རྣམས་ང་ཚོའི་དགྲ་བོ་ངོ་མ་དེ་རེད།
ཧ་ཅང་ལེགས། བོད་དོན་ལ་ཕན་ངེས་པའི་སྐད་ཆ་རེད།
གོང་དུ་དྲ་འབུ་ཁ་ཤས་ཀྱིས་འཁྱལ་གཏམ་རྐྱང་རྐྱང་སྤེལ་འདུག ཁྲོམ་པའི་ནང་གི་སྦལ་བ་འདི་ཚོའི་བྱེད་སྟངས་ལས་སྟངས་དེ་ཚོ་མཐོང་ན་ང་ངོ་མ་གད་མོ་འདྲ་ཤོར་གི་ཡ། འདི་ཚོས་སྐྱག་སྐམ་ཟིག་ར་མི་ཤེས་མོད་འོན་ཀྱང་གསར་སྐྱེས་ཤེས་ཡོན་ཅན་ལ་རྒྱབ་སྐྱོར་བྱེད་རྒྱུའི་ཚབ་ཏུ་རྐང་པ་ལ་འཇུས་ནས་མར་འཐེན་གི་འདུག་ག
གངས་ཟླ་ཟེར་བའི་དྲ་འབུ་དེས་ཕྱོགས་རིས་ཀྱི་སྐད་ཆ་སྐྱག་པ་ཞིག་བཤད་འདུག རྩོམ་ཡིག་ནང་དོན་ལ་ཞིབ་ཏུ་བསམ་བློ་ཞིག་བཏང་ནས་སྐད་ཆ་དེ་ཕྱིར་བསྡུ་བྱོས
གནམ་ལགས་བསྟན་རྡོར་ལགས་ཀྱིས་འདི་ལྟར་གསལ་ཁ་ཞིག་མ་བཏོན་ན་བོད་པ་བླུན་རྒན་ཁ་ཤས་ཀྱིས་ལྷག་དཀར་ལས་འགུལ་ཁུག་ཀྱོག་དང་གྲུ་ཟུར་ཆུང་ཆུང་རེར་དེད་ནས་འགྲོ་གྲབས་བྱེད་ཀྱི་འདུག་་དེ་ཤེས་དགོས་ད
པད་མ་འཕྲིན་ལས་ལགས། བོད་ནང་གི་ད་ལྟའི་ལས་འགུལ་ཁག་ལྷག་དཀར་ཞེས་པའི་ཐ་སྙད་འོག་ནས་༢༠༠༨་སྔོན་ནས་བཙས་མེད། དེ་ངས་ཤེས། ཁྱེད་ཤེས་ནི་མ་རེད། ལས་ཁུངས་ནང་གི་ལས་བྱེད་ཚོ་ཤེས་ཚད་ག་འདྲ་ཡོད་མེད་ལས་ཁུངས་ལ་གཅིག་ཤོག་དང་ང་ཚོས་ལྟ་ཆོག་ནི། བོད་ཡིག་ཁྱར་ཁྱོར་རེ་ཤེས་ན་དེ་ཧང་སངས་དོང་རྒྱུ་མེད་ག་་་ཁྱེད་ཀྱི་བོད་ཡིག་འབྲི་ཀློག་ཤེས་ཙམ་དེ་བོད་ནང་གི་བོད་མི་ཚོ་ལ་ཡང་དོ་ཡ་མི་ཡོང་པ། དེར་བརྟེན་མ་ཤེས་ཤེས་མདོག་བྱས་ན་རྔ་སྒྲོ་ཕྱི་ལ་ཐོན་ན་ཐང་།