སྤྱི་ལོ་ ༢༠༡༣ ལོའི་ཟླ་ ༡ ཚེས་ ༡༣ ཉིན་ངའི་པར་དང་རྒྱལ་གཅེས་དཔའ་བོ་ཞིག་གི་སྐུ་པར་ལྷན་སྦྱར་གྱིས། ངས་མེར་བསྲེགས་བཏང་སྐོར་གྱི་དཀྲོག་གཏམ་ཞིག་ངོ་དེབ་དང་སྐད་འཕྲིན་ནང་ཁྱབ་བརྡལ་ཕྱིན་ཡོད། སྤྱིར་བཏང་མི་ངོ་མི་སྟོན་པའི་དྲ་འབུ་དག་གི་སྦྱོར་བ་སྣ་ཚོགས་ལ་ཡ་ལན་དང་གསལ་བཤད་བྱས་ནས་གླགས་འཁེལ་སྟངས་ཤིག་ཡོད་པ་མ་རེད་ལ། ད་ལྟའི་བར་དེའི་སྐོར་ལ་བརྩོན་པའང་བསྐྱེད་མྱོང་མེད། ལྷག་པར་མི་ཞིག་ཡིན་ཕྱིན་ལེགས་ཉེས་ཀྱི་ཆ་ཟུང་ལྡན་ཡིན་པ་དང་། དེ་ལུགས་ཀྱི་སྐད་ཆའང་སྣ་ཚོགས་གོ་དགོས་པ་ལོས་ཡིན་སྙམ་ནས་ཡ་ལན་བྱེད་ཀྱིན་མེད་པ་མ་གཏོགས་ཚོར་བ་མེད་པའི་རྡོ་ལྟ་བུ་ཞིག་ག་ལ་ཡིན།
སྤྱིར་ན། ལོ་གཉིས་ཀྱི་སྔ་རོལ་དག་ལ་དྲ་གྲོགས་ཚོ་དང་ལྷན་དུ་རྩེད་མོ་རྩེད་རེས་དང་ཀ་རྩོམ་འབྲི་རེས་སོགས་བྱས་ནས་བསྡད་མྱོང་ནའང་། འདས་པའི་ལོ་གཉིས་ཀྱི་རིང་ནི་བདག་དང་བདག་གི་དྲ་གྲོགས་གང་མང་ཞིག་གི་ངག་ལྐུགས་པར་གྱུར་པའི་ལོ་ཟླ་གཉིས་ཡིན། ལོ་ཟླ་འདི་གཉིས་ཀྱི་རིང་ལ་ནམ་དུའང་བདག་ལ་རྩེད་མོ་ཡི་གེར་འགོད་པའི་ཡི་ག་དེ་མི་འདུག དེ་ནི་གཞན་མིན་པར་རླབས་ཆེན་གྱི་དཔའ་བོ་དཔའ་མོ་བརྒྱ་ལ་ཉེ་བས། ང་རང་ཉིད་ཐེ་བའི་བོད་མི་རིགས་ཀྱི་ཆེད་དུ་ལུས་སྲོག་ལོངས་སྤྱོད་དང་བཅས་པ་མེ་ལ་བསྲེགས་ཤིང་བཞུད་ཟིན་པའི་མྱ་ངན་དེས་བྱས་པ་ཡིན།
དེའི་ཕྱིར། རིག་གཞུང་གཅིག་དང་ཤ་ཁྲག་གཅིག་པའི་བོད་མི་ཞིག་གིས་རང་ལུས་མེར་བསྲེགས་སྐོར་འདི། འདི་ལྟར་རྩེད་མོ་དང་བརྙས་བརྐོའི་ཐབས་སུ་སྦྱར་བ་ལ་ཧ་ལས་པའི་བློ་ཕམ་བྱུང་ལ། རྗེས་ཕྱོགས་སུ་དྲ་འབུ་ཡིན་ནའང་འདྲ། སོ་བ་ཡིན་ནའང་འདྲ། དགྲ་ཡ་ཡིན་ནའང་འདྲ། ང་ལ་བརྙས་དམོད་གང་བྱས་དེས་སུ་ཞིག་གི་བསམ་དོན་འགྲུབ་ཀྱི་ཡོད་ན་དེར་དགའ་བ་སྒོམ་པ་ཡིན། ཡིན་ནའང་། བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་མཆོད་མེར་བཏེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་དེ་འདི་ལྟར་གཞན་ལ་བརྙས་བརྐོ་བྱེད་མ་བྱེད་རོགས་ཞེས་ཞུ་བ་བྱེད་པ་ཡིན།
ཡིན་ནའང་། པར་རིས་འདི་རིགས་ལ། བརྙས་བརྐོ་ཙམ་མིན་པར་འཆར་གཞི་ཡོད་པ་དང་། ཡོང་འབབ་ཡོད་པའི་སྒོ་ནས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་གསེར་ཡིག་གི་ལོ་རྒྱུས་ནག་བསུབ་གཏོང་བ་དང་བོད་མིའི་ནང་ཁུལ་དཀྲུག་ཤིང་རྒྱག་པར་འབད་ཀྱིན་པའི་སྦྱོར་ནག་གི་སྣེ་མོ་ཞིག་ཀྱང་མངོན་པས། ཕྱིས་སུ་དོན་རྐྱེན་འདི་འདྲ་ནམ་བྱུང་ལ། འབྲེལ་ཡོད་ཚོས། པར་རིས་དེ་ག་རང་པར་སློག་བརྒྱབ་ནས་ཉར་ཐབས་མི་བྱེད་པར། པར་རིས་དེ་ཉིད་དང་ལྷན་དྲ་ཐག་དེ་ཉིད་ཀྱི་སྟེང་ནས་ངོ་དེབ་ལས་ཁུངས་ལ་ཐད་ཀར་འབྲེལ་བ་བྱས་ན། ཁྲིམས་ལྟར་བརྙས་བརྐོའི་མི་སྣ་རྩིས་སྤྲོད་སོགས་བྱེད་ཀྱིན་འདུག་པའང་ང་ཚོས་ཤེས་དགོས་པ་ཞིག་རེད།
ད་རེས་བདག་ལ་བརྙས་བརྐོའི་པར་རིས་དེ་བརྒྱུད་ལམ་གང་ཞིག་ན་ཡོད་ནའང་གནས་དེ་ག་རང་ནས་ནག་བསུབ་ཞུ་རྒྱུ་རེ་བ་ཡིན། ཁ་སང་གྲོགས་ཨ་རིག་དང་སྤྱན་ཆབ་གཉིས་ཀྱིས་དཀྲོག་གཏམ་འདི་རྫུན་མ་ཡིན་པའི་ཁྱབ་བསྒྲགས་ངོ་དེབ་ནང་ལ་བྱས་འདུག་མོད། དེ་ལའང་ལྡོག་ཕྱོགས་ཀྱི་ཉེན་ཁ་ཞིག་མཐོང་བས་རེ་སྐུལ་ཞུས་ཏེ་ནག་བསུབ་བྱེད་དུ་བཅུག་ཡོད། དྲ་གྲོགས་གཞན་དག་ལའང་དེ་ལུགས་འབོད་སྐུལ་ཞུ་རྒྱུ་ཡིན། རྒྱུ་མཚན་ནི། པར་རིས་འདི་རིགས་བདེན་རྫུན་གང་དུ་བསྒྲགས་ནའང་ལྡོག་ཕྱོགས་ཀྱི་ནུས་པ་འཕེལ་ཏེ་བེད་ལོག་གཏོང་སྲིད་པ་རེད་ལ། བརྒྱུད་ལམ་ཁག་ནས་བོད་འབྲེལ་གསར་གནས་ཀྱི་མཐོང་ཆག་པའི་ཉེན་ཁའང་འདུག་པས་འདི་ལྟར་ཞུ་ཡི་ཡོད།
དཀྲོག་གཏམ་པར་རིས་དེ་སྤྱི་ཚེས་ ༡༣ ཉིན་གྱི་དགོང་མོའི་ཆུ་ཚོད་ ༩ དང་སྐར་མ་ཁ་ཤས་རྗེས་ནས་ངོ་དེབ་པོད་ཕྲན་https://www.facebook.com/sonam.yangzom.547 འདིའི་བདག་པོས་བཀྲམ་འདུག་ལ། ཅང་མ་འགོར་བར་ངོ་དེབ་ལས་ནག་བསུབ་བཏང་འདུག ནག་བསུབ་མ་བཏང་བའི་རིང་དེར། དང་པོར་ཆོས་འབྱོར་རྒྱ་མཚོའི་མིང་ཐོག་ནས་སྤེལ་བ་དང་། དེ་རྗེས་བློ་བཟང་ཉི་མ། དེ་རྗེས་གསེར་རྟ་ཆོས་འབྱོར། དེ་རྗེས་ sonam yangzom ཞེས་པའི་དབྱིན་མིང་འདི་ལ་བསྒྱུར་ཞིང་དེ་ནས་པར་རིས་ནག་བསུབ་བཏང་འདུག་ཅེས་བདག་གི་གྲོགས་དྲི་མེད་ནས་བརྗོད་བྱུང་ལ། ཁོང་གིས་རེ་རེ་བཞིན་ཐོ་འགོད་ཀྱང་གསལ་བོ་བྱས་འདུག སྐད་འཕྲིན་ནང་ནས་ཀྱང་དེ་ལུགས་ཆུ་ཚོད་ལྔ་དྲུག་རིང་ལ་པར་མགོ་ཐེངས་བཅུ་གྲངས་ཤིག་ལ་བརྗེ་བསྒྱུར་བྱས་འདུག ཡིན་ནའང་། དོ་བདག་འདིས་བསྐྱར་དུ་ཨ་རིག་གི་གསལ་བཤད་དེ་བཀོད་ནས་ད་དུང་ནག་བསུབ་བཏང་མི་འདུག་ལ། དྲ་ཉུལ་བ་ཁ་ཤས་ཀྱིས་ཀྱང་པར་རིས་འདི་ད་དུང་ངོ་དེབ་ནང་བསུབ་མི་འདུག འདི་ལ་ལྟོས་དང་། མི་འདིས་པར་རིས་འདི་བདེན་དངོས་ཀྱི་ཁྱབ་བསྒྲགས་དང་རྫུན་ངོས་ཀྱི་ཁྱབ་བསྒྲགས་གཉིས་ནས་བོད་མི་རིགས་ནང་དཀྲུག་ཤིང་རྒྱག་རྒྱུ་དང་གང་ཞིག་གི་བྱེད་སྟངས་ཉིད་ལག་བསྟར་བྱེད་ཀྱིན་པ་ཤིན་ཏུ་གསལ་ཏེ། དཔེར་ན། གསེར་རྟ་ཆོས་འབྱོར་ཞེས་ལུང་ཚན་སྒེར་མིང་བརྒྱབ་པ་འདི་ལས་ཀྱང་ཤེས་རྟོགས་ཐུབ་ཀྱི་འདུག ངས་གསེར་རྟའི་ཡུལ་ཕྱོགས་ཀྱི་བོད་མི་གང་འཚམ་ཞིག་ལ་འབྲེལ་བ་བྱས་ནའང་གསེར་རྟ་ཆོས་འབྱོར་ཟེར་བ་ཞིག་ངོ་ཤེས་ཀྱི་མི་འདུག་སྟབས། འདི་ནའང་བསམ་བཞིན་དཀྲུག་ཤིང་ཞིག་གི་སྣེ་མོ་བཙུགས་ཡོད་པ་གསལ་བས་དྲ་གྲོགས་ལ་རྒྱ་ཅན་དག་གིས་འདི་རིགས་ལ་གཟབ་ནན་གྱིས་གླེང་ཕྱོགས་མ་བཟོ་རོགས།
ང་ལ་གྲོགས་དྲི་མེད་ནས་ངོ་དེབ་བརྒྱུད་པར་འདི་ཐོག་མར་བསྐུར་དུས་སེམས་ལ་གད་མོ་ལངས་ཤིང་། ཡ་མཚན་པོ་ཡང་བྱུང་། དེ་ལྟར་བལྟས་ནས་བསྡད་ཡོད་པའི་སྐབས་ལ་གྲོགས་ཨ་རིག་གི་ཁ་པར་སླེབས་སོང་། ཁོས་དེའི་རྐྱེན་གྱིས་ཁ་པར་གཏོང་གི་ཡོད་པ་ཤེས་རྟོགས་བྱུང་སྟེ། དང་པོར་རྩེད་མོ་བྱས་པ་ཡིན་ནའང། ཁོའི་དངངས་འཚབ་ཀྱི་རྣམ་པ་ཧ་ཅང་ཆེ་བས་དེ་ག་རང་རྩེད་མོ་ཡིན། ང་ནང་ན་ཡོད་ཅེས་གསལ་བཤད་བྱས་པ་ཡིན། དེ་ནས་གྲོགས་རས་པས་ཁ་པར་སླེབས་པ་ལའང་རྩེ་མོ་དེ་རང་ལབ་མོད། སྔར་བཞིན་སེམས་ཀྱི་འཚུབ་ཆ་ཆེ་བས་གསལ་བཤད་བྱས་པ་ཡིན། དེ་ནས་ཐག་ཉེ་རིང་གི་གྲོགས་ཚང་མར་ཐད་ཀར་གསལ་བཤད་བྱས་པ་ཡིན། ལྷོ་ཕྱོགས་དང་ལྡི་ལི། བལ་ཡུལ་དང་ཝཱ་ཎ། ཨ་རི་དང་སྦེལ་འཇམ། ཧྥ་རིན་སི་དང་སུད་སི་བཅས་ནས་ཁ་པར་གྱི་སྒྲ་མཚམས་མ་ཆད་པར་མཚན་གྱི་ཆུ་ཚོད་གསུམ་པ་བར་དུ་སླེབས་ཤིང་། དེ་མུར་རང་ངོས་ནས་གསལ་བཤད་ཅིག་བཀྲམ་དགོས་བསམ་མོད། དེ་ཡང་འབྲི་ལོང་མ་བྱུང་བར་ཁ་པར་སླེབས་རིམ་བཞིན་གསལ་བཤད་བྱས་ནས་བསྡད་པ་ཡིན། དེ་ནས་ཁ་པར་སྒོ་བརྒྱབ་བཞག་པ་ཡིན།
སྐབས་དེ་འདྲ་ཞིག་ལ། གྲོགས་ཨ་རིག་འགྱུར་མེད་ཀྱིས་པར་རིས་དེ་རྫུན་མ་ཡིན་པའི་གསལ་བཤད་ཅིག་ངོ་དེབ་ནང་བཀྲམས་ཤིང་། དེ་ནས་ཅུང་མ་འགོར་བར་རྩོམ་ཡིག་རིང་པོ་ཞིག་ཁ་བརྡ་ནང་ལའང་བསྐུར་བྱུང་བས་དེ་དྲ་ངོས་སུ་བཞག་སྟེ་དེས་འཐུས་པར་བྱས་པ་ཡིན། སྐབས་དེར་ངའི་ངོ་དེབ་དང་ཨ་རིག་གི་ངོ་དེབ་གཉིས་ལས་sonamyangzomཞེས་པའི་ངོ་དེབ་དེར་འཛུལ་མི་ཐུབ་པ་བྱས་འདུག དེ་རྗེས་ངས་གྲོགས་དྲི་མེད་ཀྱི་ངོ་དེབ་བརྒྱུད་ནང་ལ་འཛུལ་ནས་བལྟས་པར། ཁོ་རང་གིས་སྤེལ་བའི་པར་རིས་གཉིས་ལས་མི་འདུག གཞན་ནས་བརྒྱུད་འགོད་བྱས་པ་ཁ་ཤས་དང་། གྲོགས་བསྒྲིགས་བཞི་སྟོང་སུམ་བརྒྱ་དགུ་བཅུ་གོ་གཅིག་དང་། ༡༩༨༤།༠༣།༠༨ ཉིན་སྐྱེས་པ་དང་། བུ་ཡིན་ལུགས་འཁོད་འདུག ཨ་རིའི་ University of Masyland collage Park. ལ་སློབ་སྦྱོང་བྱས་ལུགས་སོགས་བྲིས་འདུག ཡིན་ནའང་། ས་ཁྲ་བརྒྱུད་རྩད་གཅོད་བྱས་ན། རྒྱ་གར་བྷང་ལོར་གྲོང་ཁྱེར་གྱི་ Race course road དང་ Loop road གཉིས་ཀྱི་བར་ན་གཏོང་གི་ཡོད་པ་ཞིག་གསལ་ཡོང་གི་འདུག་པ་ཙམ་རེད། ད་དུང་གློག་ཀླད་དང་ཁ་པར་གྱི་མཉེན་ཆས་ཨང་གྲངས་དང་བརྒྱུད་ལམ་གྱི་ཨང་གྲངས། སྡོད་གནས་སོགས་ལ་གྲོགས་པོ་ཁ་ཤས་ཀྱིས་ཞིབ་འཇུག་བྱས་པའི་གྲུབ་འབྲས་ཐོན་ཚར་མོད་ཁྱབ་བསྒྲགས་བྱས་ཀྱང་དགོས་པ་ལྷག་པོ་མེད་པ་མ་ཟད། ཞིབ་འཇུག་བྱེད་མི་དག་ལ་བར་ཆད་དུ་འགྱུར་སྲིད་པས་ཁྱབ་བསྒྲགས་བྱས་མེད། ཡིན་ནའང་། ཞིབ་འཇུག་མི་སྣ་དག་གིས་མུ་མཐུད་ནས་ཞིབ་འཇུག་བྱེད་ཀྱིན་པ་རེད། འདི་ནི་སྤྱིར་བཏང་གི་དོན་རྐྱེན་ཕྲན་བུ་ཙམ་མིན་པར་བོད་བསྟན་སྲིད་མི་རིགས་དང་ལྷག་པར་ཞི་བར་གཤེགས་པ་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་གསེར་མདོག་གི་ཡིག་ཚགས་དང་འབྲེལ་བ་ཡོད་པས། ངས་རང་དགར་འཇོག་བསམ་ཡང་། བོད་མི་རིགས་ཀྱིས་རང་དགར་འཇོག་གི་མ་རེད།
ད་དུང་དཀྲོག་གཏམ་དེ་ལས་ང་ལ་ཟུར་ཟ་བྱས་པའི་རྣམ་པ་ཞིག་མངོན་པ་ནི། ངས་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་རྗེས་དྲན་གྱི་དེབ་ཞིག་འདོན་འཆར་གྱི་གསལ་བཤད་བཀྲམ་ནའང་ད་དུང་བཏོན་མེད་པ་དེ་དང་། ཕྱི་ལོགས་ཀྱི་བྱང་སེམས་རྫུན་མ་ཚོས་བོད་ནང་གི་དཔའ་བོ་དཔའ་མོ་རྣམས་ལ་མེར་བསྲེག་མཚམས་འཇོག་གི་འབོད་སྐུལ་ཞུ་བའི་ཐོབ་ཐང་ཡོད་པ་མ་རེད་ཅེས། རླུང་འཕྲིན་དང་ཀུན་གླེང་། རྩོམ་ཡིག་བཅས་སུ་ཐེངས་ཀ་ཤས་ལ་བཤད་པ་དེར་ཟུར་ཟ་བྱས་པའི་ཁུལ་དང་། ང་ནི་ཕྱི་ལོགས་ནས་མེར་བསྲེགས་བྱེད་པར་བརྒྱུད་སྐུལ་གཏོང་མཁན་དང་པོ་རེད་ཅེས་རྒྱ་ནག་གཞུང་གི་བཤད་སྟངས་དེ་སྤྱད་ནས་ནག་ཉེས་འཛུགས་ཀི་ཡོད་པ་རེད། ཡིན་ནའང་། ངས་ནི་ནམ་ཡང་བརྒྱུད་བསྐུལ་བྱ་མ་མྱོང་། སྐུལ་སློང་གི་ནུས་པ་ཡོད་པ་ཞིག་ཀྱང་མ་རེད། ཡིན་ནའང་། བོད་ནང་གི་མེ་ལྕེ་སྔ་མ་དག་ལོ་རྒྱུས་སུ་མི་འགྱུར་བའི་ཆེད་མེ་ལྕེ་ཕྱི་མ་མཆེད་དགོས་པ་དང་མཆེད་ངེས་ཡིན་སྐོར་གྱི་དངོས་འབྲེལ་བསམ་ཚུལ་རེ་སྤེལ་ཏེ། དེ་ལ་ཕྱི་ལོགས་ནས་མཚམས་འཇོག་གི་འབོད་སྐུལ་ཞུ་བའི་ཐོབ་ཐང་ཡོད་པ་མ་རེད། ཁོང་ཚོས་གདོང་གཏད་ས་རྒྱ་ནག་ཡིན་པ་དང་མཚམས་འཇོག་ཏུ་འཇུག་མཁན་ཡང་རྒྱ་ནག་ཆགས་ཡོད། མེར་བསྲེགས་གཏོང་འཇུག་མཁན་ཡང་རྒྱ་ནག་རེད། འདི་བོད་ཀྱི་རང་ལུས་མེར་བསྲེགས་སྐོར་ལ་དཔྱད་ཞིབ་གནང་མཁན་ཕལ་ཆེ་བས་བརྒྱ་ཁ་གཅིག་གྲག་གི་ངོས་འཛིན་དེ་ཡང་རེད། ཡིན་ནའང་། དར་དམར་འཛིན་མཁན་དང་ཏང་དཀོར་ཟ་མཁན་ཁ་ཤས་ཀྱིས་ང་ལ་ནག་ཉེས་དེ་འཛུགས་ཀི་ཡོད་པ་རེད། འདིའི་གཟས་ཕྱོགས་ཅི་ཡིན་ངས་མི་ཤེས།
བོན་རྒྱ་བསྟན་འཛིན་རབ་རྒྱས་ཀྱིས།
ངོ་མ་བཟང་གི
གྲོགས་བོན་རྒྱ་ལགས། གནད་ལ་འཁེལ་བའི་གསལ་བཤད་ཅིག་གནང་འདུག ཐུགས་རྗེ་ཆེ།
ཡག་པོ་གསུང་འདུག
༼བོད་མི་ཞིག་གིས་རང་ལུས་མེར་བསྲེགས་སྐོར་འདི། འདི་ལྟར་རྩེད་མོ་དང་བརྙས་བརྐོའི་ཐབས་སུ་སྦྱར་བ་ལ་ཧ་ལས་པའི་བློ་ཕམ་བྱུང་ལ། རྗེས་ཕྱོགས་སུ་དྲ་འབུ་ཡིན་ནའང་འདྲ། སོ་བ་ཡིན་ནའང་འདྲ། དགྲ་ཡ་ཡིན་ནའང་འདྲ། ང་ལ་བརྙས་དམོད་གང་བྱས་དེས་སུ་ཞིག་གི་བསམ་དོན་འགྲུབ་ཀྱི་ཡོད་ན་དེར་དགའ་བ་སྒོམ་པ་ཡིན། ཡིན་ནའང་། བོད་ཀྱི་ཆོས་དང་རིག་གཞུང་། རྒྱལ་ཁབ་དང་མི་རིགས་ཀྱི་ཆེད་དུ་ལུས་སྲོག་མཆོད་མེར་བཏེགས་པའི་རྒྱལ་གཅེས་དཔའ་བོ་དཔའ་མོ་རྣམས་ཀྱི་མཛད་རྗེས་དེ་འདི་ལྟར་གཞན་ལ་བརྙས་བརྐོ་བྱེད་མ་བྱེད་རོགས་ཞེས་ཞུ་བ་བྱེད་པ་ཡིན།༽
གོང་གི་ཚིག་འདི་དག་སེམས་ལ་ཟུག་འགྲོ་བ་ཞིག་རེད། གསལ་བཤད་ཡག་པོ་གནང་འདུག
གསལ་བཤད་ཅིག་བྱོས་ཞེས་ཁྱེད་ལ་དགོང་མོ་དེར་བཤད་པ་ཡིན། དེ་ནས་མང་བོ་ཞིག་མི་བཤད། ངས་ལམ་སེང་དོགས་པ་ཟོས་ཏེ་དྲ་བྱང་དེ་ཉར་ཚགས་བྱས་ཡིན།
གཤམ་གྱི་འདི་རེད། ངས་ཐོག་མར་མཐོང་ས། http://sphotos-d.ak.fbcdn.net/hphotos-ak-ash3/538548_387620101332300_1299356290_n.jpg
བོན་རྒྱས་གསལ་བཤད་ལེགས།
སྤྱང་ཅིག་འབབ་ན། རི་ཟུར་ནས་འབབ།
གཏམ་ཅིག་ཡོང་ན། ཚིག་ཟུར་ནས་ཡོང།
ཟེར་བ་ལྟར་དང་པོ་ཁ་བརྡའི་དྲ་འབུའི་གཏམ་གྱི་ཚིག་ཟུར་ནས་སླེབས་པ་མི་འདུག་གམ དེ་ཚོ་ལའང་ཞིབ་འཇུག་གྱིས་དང་དེ་ཚོ་ནས་གཅིག་བྱེད་ན་དཀྲུགས་ཤིང་མཁན་པོ་དེ་རྙེད་སྲིད། ང་ཡི་དཔེ་དྲངས་བ་དེ་ཡིད་ལ་བཞག་ནས་འཚོལ་རོགས། ང་ལ་དེ་འདྲ་འཚོལ་རྒྱུའི་ཉམས་མྱོངས་མང་པོ་ཡོད།
འོ་་་་་་གསལ་བཤད་དང་ལེགས་ཏེ་ཡིན་ཡང་དྲ་འབུ་འདི་དག་འབུར་འཇོམས་ངེས་པར་དུ་བཟོ་དགོས་མི་ངན་འདི་ཚོའི་གྲས་སྐྱག་ལོང་ཤོར་ནས་གང་བྱུང་མ་བྱུང་སྤྱོད་ངན་སྤེལ་གྱིན་འདུག་་་ངོ་མ་ཡིན་་་
ཁྱེད་རང་དྲ་འབུ་བརྡུང་མཁན་གྱི་མཚན་གནས་ཡོད་པས་ཁྱོད་ཀྱིས་འབུར་འཇོམས་བཟོས་དང་་་མ་གཞི་ནི་རང་ཉིད་དྲ་འབུ་ཡིན་བཞིན་དུ་མི་ལ་དེ་འདྲ་བཤད་ན་ཏག་ཏག་འདུག་གམ་་་
གོང་དུ་ཡང་འཁྱམས་པོ་ཞེས་པ་ཞིག་འདུག་ལ་་་་་བདག་གི་པུར་མིང་ཡང་དེ་ཡིན་པ་ཁ་བརྡའི་དྲ་ངོས་སུ། མིང་འདྲ་མཚུངས་ཡིན་ན་ལྟ་ཞིབ་བྱེད་མཁན་ཡོད་པ་མ་རེད་དམ།
གྲོགས་བོན་རྒྱའི་གསལ་བཤད་འདིས་ང་ལ་སྙིང་ནད་དྭངས་པ་ལྟ་བུའི་ཚོར་བ་ཞིག་བྱིན་སོང་། བཀའ་དྲིན་ཆེ། ངས་ཀྱང་ཁྱོད་ཀྱི་གསལ་བཤད་ཐོག་འདྲ་བ་ཞིག་ཕེབས་པར་སྒུག་ནས་བསྡད་ཡོད། བཀའ་དྲིན་ཆེ། དེ་ལས་འཐུས་སོ།
གང་ལྟར་ལས་རིགས་འདིར་ཆེད་གོམས་ཡོད་མཁན་གྱི་དྲ་འབུ་དག་མུ་མཐུད་རྩད་གཅོད་གང་ཐུབ་གནང་ཐུབ་ན་ཡག་གི
དྲ་གླུད་འདི་ཚོ་བཙོག་གི་ཡ།
དྲ་གྲོགས་བོན་རྒྱ་ལགས།
དགོངས་པ་མ་འཚུབས། ད་ཐེངས་ཁྱེད་ཀྱིས་གནང་སྟངས་དེ་ཁྱེད་རང་ཉིད་ཀྱི་གྲགས་པ་སྤེལ་ཆེད་དུ་འཁྲབ་སྟོན་ཞིག་བྱེད་ཀྱིན་མེད་དམ་སྙམ་པ་ཞིག་བྱུང་། ང་ནོར་བ་ཡིན་སྲིད། ང་ངེས་པར་དུ་ནོར་ཡོད་སྲིད་པས་ཡོད་ན་འདི་དང་ལྷན་དུ་དགོངས་དག་ཀྱང་ཞུ་བ་ཡིན། ཁྱེད་ཀྱི་དེའི་སྐོར་ལ་རྩོམ་ལན་གཉིས་སྤེལ་བ་རེད། དེ་ཡང་ཁྱེད་རང་ཉིད་ཀྱིས་རྩོམ་སྒྲིག་བྱེད་ཀྱིན་པའི་དྲ་ངོས་ལ་སྤེལ་བ་རེད།
“ང་ནི་ཕྱི་ལོགས་ནས་མེར་བསྲེགས་བྱེད་པར་བརྒྱུད་སྐུལ་གཏོང་མཁན་དང་པོ་རེད་ཅེས་རྒྱ་ནག་གཞུང་གི་བཤད་སྟངས་དེ་སྤྱད་ནས་ནག་ཉེས་འཛུགས་ཀི་ཡོད་པ་རེད།” ཞེས་པ་འདི་ལ་ཁྱེད་ཀྱིས་གསལ་བཤད་དང་དགག་ལན་ཇི་ལྟར་གནང་དགོས་ན་ལོས་བྱེད། དེ་མིན་ཁྱེད་ཀྱིས་ཁ་བརྡ་རྩོམ་སྒྲིག་པའི་དབང་ཆ་ཉར་ནས་འདི་ལྟར་རང་སྒྲོག་བྱེད་འོས་སམ།
སྙིང་རྗེས་རང་བསྲེགས་བྱེས་མེད་ན་ཡག་བྱུང། དཀྲུགས་ཤིང་རྒྱག་མཁན་དེ་སུ་རེད། དཀོན་མཆོག་གསུམ་མི་དེ་ཅིག་ཤེས་རྒྱུ་ན་ངའི་མི་དེས་ལྒོང་སྡོག་གཉིས་པོ་་་་་་་་་
བསམཚུལ་བཤད་མཁན་གྱི་དྲ་གྲོགས་ཚང་མར་དགའ་བསུ་ཡོད། དེ་ནས་རྒན་འཇམ་དཔལ་ཚུལ་ཁྲིམས་ལགས། ཐེངས་འདིར་ངས་ཁྱོད་ཀྱི་སྐད་ཆ་དེ་དངོས་གནས་མི་གོ་གི ངས་གསལ་བཤད་བྱས་པ་འདི་ཅི་ཞིག་འགྲིག་མེད་ཀི ཁྱེད་ཀྱིས་མེར་བསྲེགས་བཏང་རབས་ཀྱི་པར་རིས་འདི་འདྲ་ཞིག་གཞན་གྱིས་རྫུན་བཟོ་བྱས། དེ་ལ་བརྟེན་ནས་ཡུལ་ལུང་གང་སར་ཡོད་པའི་ཁྱོད་ཀྱི་གྲོགས་པོ་ཚོས་ཁ་པར་བཏང་ནས་ཡོང་ན་ཁྱོས་ཇི་འདྲ་བྱེད་ཀྱི་ཡིན། ཁྱོས་ཁ་མ་གྲགས་པར་འདུག་རྒྱུ་ཡིན་ནམ།
སྤྱིར་ན། ་ཨ་རིག་གི་གསལ་བཤད་དེས་འཐུས་པར་བྱས་པ་ཡིན་ཏེ། ཁ་ཤས་ལ་པར་རིས་དེ་ངས་བཟོས་པར་དོགས་པ་ཡོང་གི་ཡོད་པ་དང་། དྲ་གྲོགས་མང་པོ་ཞིག་གིས་ངེས་པར་དུ་གསལ་བཤད་འབྲི་དགོས་པ་རེད་ཅེས་སྐུལ་མ་ལན་འགར་བྱུང་བས་བྲིས་པ་ཡིན།
ངོ་དེབ་སོགས་ལས་ཀྱང་པར་རིས་དེ་དག་ངས་བསུབ་བྱེད་ཏུ་བཅུག་པ་ཡིན་ལ། གསལ་བཤད་འདི་གཉིས་ལའང་ངས་བསམ་བཞིན་པར་རིས་དེ་བཀོད་མེད།
ངའི་ངོས་ནས་དོན་དག་འདི་ལ་འདི་ལས་ལྷག་པའི་མགོ་འཇགས་ཐབས་ཤིག་བྱེད་རྒྱུ་ཡོད་དམ།
དྲ་འབུ་བསྟན་རབ་ཁ་བརྡའི་རྩོམ་སྒྲིག་པ་ཡིན་པ་མ་ཤེས། ནམ་རྒྱུན་ཁ་བརྡའི་རྩོམ་སྒྲིག་པ་དེ་ཅོལ་ཆུང་བློ་ཐུང་དེ་འདྲ་ཞིག་ཏུ་མཐོང་གི་ཡོད། ངས་ཁ་སང་ཨ་རིག་མདོ་མེད་ཀྱིས་བྲིས་པའི་ཉག་ཉོག་གི་གཏམ་དེའི་སྣེར། མཆན་ཞིག་བྲིས་པ་ཡིན། ཡིན་ཡང་དེ་དྲ་ངོས་སུ་བཀོད་མི་འདུག ད་བྱས་དུས་རྩོམ་སྒྲིག་པ་ལ་ངོ་བསྟོད་དང་ཁ་ཡག་ཉན་པའི་རང་གཤིས་ལས། གནས་ལུགས་དང་སྐྱོན་བརྗོད་བཟོད་པའི་གཉུག་གཤིས་ཤིག་ཡོད་པ་མི་འདྲ་འདུག་པ་དེས་བོན་རྒྱའི་ཁ་རྦད་ཀྱི་སྙིང་པོ་མཐོང་བ་རེད། མདོར་ན། ད་རེས་ཀྱི་འཁྲབས་སྟོན་འདི་བོན་རྒྱ་རང་མིན་པའི་གསལ་བཤད་འཐུས་སྒོ་ཚང་བ་ཞིག་བྱས་མི་འདུག་ལ། གསལ་བཤད་འདི་ཙམ་གྱི་ནམ་མཁའ་གཡའ་དག་དང་ས་གཞི་རྡུལ་དག་ཅིག་ཏུ་ནམ་ཡང་འགྱུར་ཐབས་མི་འདུག་པས། རྩེད་མོ་འདི་ལ་སྐྱོན་དགེ་ཅི་ཞིག་ཡོད་ན་འགན་བོན་རྒྱ་རང་གིས་ཁུར་དགོས་པ་ལས། གཞན་ན་གཅིག་ཡོད་རབས་བཤད་པ་དེ་ཉེས་པ་སྦས་འདོད་དང་གཡོ་སྒྱུ་འཁྲབ་པ་ཙམ་ལས་ཅི་ཡང་མིན་ངེས་སོ།
འདི་འདྲའི་གསལ་བཤད་ཅིག་དགོས་བསྡད་ཡོད་ས་འགའ་རེ་ཡོད་ཐལ།ལེགས་སོ།།
དེ་ཕྱོགས་གཅིག་ནས་དཀྲོག་གཏམ་ལྟ་བུ་ཡག་རྒྱུ་ཅང་མི་འདུག ཡིན་ན་ཡང་ཁྱེད་ཚོས་ཚབ་ཆེན་ཧ་ཅང་ཞིག་ལ་བརྩིས་ནས་བཤད་གི་འདུག དེ་ལ་དེ་འདྲ་བའི་ཉེན་ཁ་འདྲ་བོ་ག་རེ་ཡོད་པ་རེད། ངས་དེ་དེ་འདྲའི་ཚབ་ཆེན་ཟིག་ཡིན་པ་ཅང་ཤེས་མ་སོང་།
ཚབ་ཆེན་མིན་པ་དེ་ཡིན་པར་ཆགས་ན་ཚབ་ཆེན་ཡིན་པ་རེད། བྱས་ཙང་། རྫུན་རྐུབ་ལ་ཉི་མ་ཤེར་ཐུབ་ནི་ཞིག་བྱེད་དགོས་བ་རེད། དེ་མིན། སུ་ཡིན་སུ་མིན་མེད་ན་ཡག་པོ་མ་རེད། ང་མིན་ཟེར་བ་དེ་གལ་ཆེན་པོ་མ་རེད། དཀར་འདོན་བྱེད་ན། འདི་རེད་ཟེར་བ་ཞིག་དགོས་བ་རེད། དེ་འདྲ་མེད་ན་མགོ་རྙོག་རེད།
གསལ་བཤད་ཇི་ལྟར་བྱས་ཀྱང་། གོ་མི་འདོད་པའི་མི་རྣམས་ཀྱིས་གོ་གི་མ་རེད། དེ་བས་རང་བསྲེགས་གནང་མཁན་ཞིག་གི་སྐུ་པར་རྩེད་སྤྱད་བྱས་པ་ལས་བོན་རྒྱར་ཁེ་གྲགས་ཤིག་ཡོངས་སྟངས་མི་ཤེས་ཀྱང་། ཁ་ཁོམ་ལག་ཁོམ་ཅན་རྣམས་ཀྱི་ཁ་ལག་སུས་ཀྱང་ཁོག་གི་མ་རེད་དོ།
བོན་རྒྱ།
ད་འཚར་ཟིན་པས་སེམས་མ་
སྐྱིད་པ་མ་བྱེད།