གཡང་དཀར་ལུག་ཁྱུ་འབའ་སྒྲའི་ཁྲོད་ནས་བདག་གི་ལང་ཚོ྆་རིམ་གྱིས་རྒྱས།།
ཁ་བའི་མེ་ཏོག་འཛུམ་མདང་བར་ནས་བདག་གི་བརྩེ་དུངས་རིམ་བཞིན་དར།།
ལྗང་མདོག་མེ་ཏོག་མགོ་ལྕོག་ལྡེམ་པའི་ཁུ་བྱུག་བུ་མོའི་མགྲིན་དབྱངས་དེས།།
ན་ཆུང་བུ་མོས་བྱིས་པའི་དུས་ཀྱི་ལྷད་མེད་ཕ་གཞིས་ཡིད་ལ་དྲན།།
དབྱར་གསུམ་སྦྲང་ཆར་སུམ་སུམ་ཁྲོད་ན་གཡང་དཀར་ལུག་གིས་འབའ་སྒྲ་སྙན།།
བརྩེ་མདང་རི་མོ་གཟུགས་རིས་ངོགས་སུ་ཁ་བའི་ལས་དབང་རྙེད་པ་ནས།།
དུས་རས་གསར་བའི་གོམས་སྒྲའི་ཁྲོད་ནས་རེ་བའི་མིག་གི་ཕ་མཐའ་ནས།།
སྐྱིད་པའི་ཕ་ཡུལ་ཡིད་ལ་དྲན་ནས་གདུང་བའི་སྐྱོ་དབྱངས་དབྱིངས་སུ་འཐེན།།
དཔྱིད་གསུམ་རླུང་བུ་མཁའ་ལ་ལྡིང་པའི་ཡུལ་གྱར་གོམས་པའི་གདེང་འཇོག་ཁྲོད།།
ས་མཐའ་གོམ་པའི་འཚོ་བའི་ཁྲོད་ནས་བྱམས་ལྡན་ཕ་མའི་མིག་ཟུང་དེ།།
ཡིད་ལ་དྲན་པའི་སེམས་ཀྱི་གླུ་དབྱངས་འགོག་མེད་སྙིང་གཏམ་ཚུལ་ཞིག་ཏུ།།
རང་དང་མེད་པར་སེམས་ཀྱིས་བྲིས་ཞོར་ཁྱོད་ཚོར་སྦྲིངས་པའི་ལེགས་སྐྱེས་ཡིན།།
དགུན་གསུམ་ཁ་བའི་རླུང་རྟའི་ཁྲོད་ནས་བུ་མོ་ང་ཡི་ལས་དབང་རྒུད།།
ཡུལ་གྱར་མི་ཚེའི་གོ་རིམ་བར་ནས་ཁ་བའི་ལས་དབང་བསམ་ཞོར་དུ།།
མྱུར་ཏུ་ལང་ཚོའི་མེ་ཏོག་འཐུ་བའི་ན་ཆུང་གཞོན་པའི་དོ་ར་དང་།།
ཕ་ཡུལ་དྲན་པའི་སྙན་ངག་བྲིས་པ་ཐེངས་ཤིག་སེམས་པའི་ངལ་བ་མིན།།
སྟོན་གསུམ་སྙེ་མས་མགོ་ལྕོག་ལྡེམ་པའི་ཕ་ཡུལ་རྔ་ལྗོངས་ཕྱུག་མོ་དེ།།
སྐྱིད་པའི་ཕ་ས་ལྷ་ཡུལ་ལས་ཀྱང་དགའ་བདེའི་འཚོ་བར་རོལ་སའི་གཞི།།
ཆུང་ཆུང་བྱིས་པའི་བརྩེ་གླུ་ལེན་ལ་གཡང་དཀར་ལུག་ཁྱུ་དྲན་བཞིན་དུ།།
འགོག་མེད་ཕ་ཡུལ་སེམས་ལ་དྲན་བཞིན་སྐྱོ་བའི་གླུ་ཆུང་དབང་མེད་ཐལ།།
༢༠༡༣ ༠༡ ༡༥ ཉིན་བྲིས།
ས་མཐའི་སེམས་ཚོར་རྣོན་པོས་དེད་པ་ཡི།།
སྦས་མཐའི་ནགས་ཀྱི་ཀློང་ནས་བླངས་པའི་གླུ།།
ཁྱོད་ཉིད་ཁོ་ནའི་དབུགས་རིང་མ་ཡིན་དེ།།
ཁྱོད་ཀྱི་འཁྲིས་སུའང་དེ་འདྲའི་སེམས་པ་ཞིག །
གཡང་དཀར་ལུག་ཁྱུ་འབའ་སྒྲའི་ཁྲོད་ནས་བདག་གི་ལང་ཚོ་རིམ་གྱིས་རྒྱས།། ང་ལྟ་བུ་ཡིན་ན། ལུག་ཁྱུ་དང་འབའ་སྒྲའི་བར་ན་འབྲེལ་སྒྲ་ཞིག་གམ་ཡང་ན་དང་སྒྲ་ཞིག་མེད་པ་ཡིན་ན། དོན་ཞིག་སྟོན་པའི་ཚིག་ཞིག་མ་རེད་ཞུ་ཡ་ཡིན། ལུག་ཁྱུ་འབའ་སྒྲའི་ཁྲོད་ནས་ཅིག་བཅས་བ་དང་ཁྱོད་འབའ་སྒྲའི་ཁྲོད་ནས་མཚར་བ་གཉིས་ཚིག་དུམ་གཅིག་ལ་བཅུག་ན་གོ་བ་འདྲ་མི་སྟེར་ཀི། རིགས་འདྲ་དེ་འདྲ་མང་པོ་འདུག། འདི་ཅི་རེད། སྙན་ངག་སྦྱང་མ་མྱོང་བས། གསལ་བཤད་ཞིག་ཡོད་ན། ཕན་ས་རེད།
དབྱར་གསུམ་སྦྲང་ཆར་སུམ་སུམ་ཁྲོད་ན་གཡང་དཀར་ལུག་(གིས)་འབའ་སྒྲ་སྙན།། བྱེད་སྒྲ་དེས་ཡང་གོ་བ་མེད་ནིའི་ཚིག་བཅད་ཞིག་ལ་བསྒྱུར་འདུག་པས། གསལ་བཤད་ཞིག་ཡོད་ན་བཟང་། སུམ་རྟགས་ཡང་སྦྱང་མ་མྱོང་བས། འདི་འབྲི་སྟངས་ཞིག་ཡིན་མིན་གསལ་བོ་ཡོད་པར་ཞུ། འདི་འདྲའི་བྱེད་སྒྲ་མང་པོ་ཞིག་གང་ས་གང་ན་ཡོད་ཀི།
དགའ་བའི་ས་བོན་ཇི་ལྟར་བཏབ་པ་མ་ཤེས་ཀྱང་།།
དུངས་ཀ་འདི་ལྟར་འཁྲུངས་ཞེས་བཤད་རྒྱུ་མི་འདུག་མོད།།
སྤུན་ཟླ་ཕ་མེས་སྐྱོང་པའི་ཁུགས་སོ་དེ་ནས། །
ཕ་ཡུལ་དྲན་པའི་གཏམ་ལ་རྫོགས་མཐའ་མི་འདུག།
དྲ་གྲོགས་གནམ་གྱིས་བསམ་ཚུལ་དང་ནོར་སྐྱོན་ལྷུག་པོར་གནང་བ་བཀའ་དྲིན་ཆེ། རྗེས་ཕྱོགས་མུ་མཐུད་དུ་གསུངས་རོགས་ཞུ།
རང་ཡང་རྔ་ཡུལ་ཕྱུག་མོ་ལྗོངས་ནས་ཡོང་བའི་འཁྱམ་པོ་ཞིག་ཡིན་ཚེ་ཁྱེད་ཀྱི་སྙན་རྩོམ་འདི་མཐོང་དུས་ཁྱེད་ཀྱིས་ཚོར་བ་དང་སེམས་ཐག་ཉེ་ལ་སྔར་ལས་ཕ་ཡུལ་ཇེ་དྲན་དུ་སོང་། ཡག་པོ་འདུག་ཐུགས་རྗེ་ཆེ།
གནམ་ལགས་ཀྱིས་གཞོན་སྐྱེས་རྩོམ་པ་པོ་དག་གི་རྩོམ་ཡིག་ལ་ལྟ་ཀློག་བྱས་སྟེ་བསམ་ཚུལ་བཏོན་གནང་བར་བཀའ་དྲིན་སྙིང་དབུས་ནས་ཞུ།
ངོ་མ་ཡག་པོ་བྲིས་འདུག་ཤུགས་རྒྱོབས་ཤིག་་་་་་