འབའ་སྲས།
ལྟེ་ཁྲག་དམར་པོ་ས་ལ་ཐོར་བའི་ཉིན།།
རང་གི་སེམས་ལ་ཅི་ཡང་མེད་ན་ཡང་།།
རྒྱས་ནས་འཚར་བའི་སེམས་ཀྱི་གོམ་པ་འདི།།
དམའ་བའི་གཞོང་ནས་མཐོ་བའི་རི་ལ་འཛེགས།།
དམའ་བའི་སྤང་ནས་མཛེས་པའི་མེ་ཏོག་འཐུས།།
མཐོན་པོའི་རི་ནས་སྤྲིན་གྱི་མདོག་ལ་བལྟས།།
སྤྲིན་དཀར་འདབ་མ་ས་རུ་བབས་པ་ན།།
སེམས་ཀྱི་གཤོག་པ་མཐོངས་པའི་དབྱིངས་སུ་བསྐྱོད།།
འཇིག་རྟེན་གཏན་དུ་ལྡོག་པ་མ་ཡིན་ཡང་།།
མི་ཡི་སེམས་འདི་ནམ་ཡང་ལྡོག་པ་སྟེ།།
ལྡོག་སྟེ་འཁོར་ནས་འགྲོ་བའི་མཐའ་མ་རུ།།
བྲང་ཁུང་སྙིང་གི་འདབ་མ་ཁ་བར་འཐིམས།།
དུང་སོ་སུམ་ཅུ་བར་ན་དར་བའི་ལྕེ།།
ཡ་ཆུང་བྲང་གི་དབུས་ན་ལྡིང་བའི་སྙིང་།།
ཤ་རུས་གསེབ་ན་རྒྱུ་བའི་དམར་བོའི་ཁྲག །
མི་ཡི་ལུས་ཀྱི་གློག་སྐུད་ཕྲ་མོ་ཙམ།།
གློག་སྐུད་ཕྲ་མོ་འདི་ཡི་སྣེ་མོ་ན།།
ང་དང་ཁྱོད་ཀྱི་འཚོ་བའི་གློག་སྒྲོན་འབར།།
ཅི་ཙམ་གསལ་ཡང་མུན་པའི་གཏིང་མཐུག་པས།།
ཉི་ཟེར་འདྲེན་པའི་སྐྱ་རེངས་ཐོད་ལ་བཀུར།།
འདི་ནི་མི་དང་མི་ཡི་འཚོ་བ་དང་།།
ཡང་ན་མི་དང་མི་ཡི་རེ་བ་སྟེ།།
རེ་བ་འདི་དང་འཚོ་བའི་མུན་ཁྲོད་དུ།།
རང་ཉིད་བོར་བའི་ཁ་བྱང་རང་གིས་བྲིས།།
༡༩/༠༡/༢༠༡༣ ཉལ་ཁར་བྲིས།
རྒན་འབའ་སྲས་ལགས་དྲ་བ་ནས་བོར་བརླགས་ཕྱིན་ཏེ་སེམས་ཁྲལ་བཞིན་ཡོད། ཏོག་ཙམ་མིན་ན་ངས་གསལ་བསྒྲགས་ཤིག་སྤེལ་ཚར་བ་ཡིན། ཁམས་བཟང་། དེ་རིང་སྙན་ངག་ཅིག་དང་ལྷན་དུ་མཐོང་བས་དགའ་ཡོད།
གྲོགས་ཨ་རིག་དགེ་མཐོང་ལགས། རྨི་ལམ་སྟུག་པོ་ཞིག་གི་ཁྲོད་ནས་ཡུན་རིང་དུ་སད་མ་ཐུབ། ང་སད་མ་ཐག་སྙན་ངག་ཅིག་གི་ལེགས་སྐྱེས་བཟུང་ནས་མྱུར་དུ་རྒྱུགས་ཡོང་པ་ཡིན། དྲ་གྲོགས་ཚོ་ཁམས་བཟང་། ང་བོར་མེད། ང་ཤི་མེད། ངས་སྙན་ངག་གི་ཁ་དབུགས་འདི་སླར་ཡང་འབྱིན་ན་འདོད། ངས་སྙན་ངག་གི་གཤོག་པ་བརྐྱངས་ནས་སླར་ཡང་འཕུར་ན་འདོད།
ཚངས་སྲས་ལྷ་མོ་བྲན་པའི་གཡོག་ཏུ་བཀུགས། །
སེམས་ཀྱི་རྟོག་འགྱུ་ཡོད་ཚད་སྙུག་རྩེར་དྲངས། །
བདེ་སྦྱོར་ཚིག་གི་བུ་མོའི་ཞས་རས་ལེགས། །
བརྗོད་བྱའི་ལྕི་ཁོག་ཤིན་ཏུ་ཟབ་ཀྱང་ཕྲ། །
ཁྱོད་བྱི་ལོང་སྔོན་མོར་མྱིག་གཉིས་མེད།
མྱིག་གཉིས་མེད་པར་རི་རབ་བརྐོས།།
རྫ་རི་རབ་རྐོ་རྒྱོར་འཐོལ་ལོ་ཤོག།
ཁྱོད་རིག་ལུ་སྔོ་མོར་ཡ་ཁ་མ་རེད།
ཡ་ཁ་མེད་ལ་རྒྱ་མཚོ་འཐུང་།།
ཆུ་རྒྱ་མཚོ་འཐུང་རྒྱོར་འཐོལ་ལོ་ཤོག།
བྱ་ཆུར་རྐྱལ་ཕེན་དགོ་འན་འཕུར་རྩལ་མེད།
གཤོག་རྩལ་མེད་པར་འཕུར་རྒྱུ་ཟེར།
དགུང་གནམ་འཕང་གཅོད་རྒྱོར་འཐོལ་ལོ་ཤོག།
གནའ་མྱི་ཞིག་གིས་ང་ལ་བསྩབས་སོང་། དེ་རང་བར་དུ་བཀོལ་ས་མ་རྙེད་པར་ལྷག་སོང་། ཧ་ཧ་ཧ་།
རྒན་འབའ་སྲས་ལགས་ཀྱི་རྩོམ་ཡིག་ལ་མྱོང་རོལ་བྱས་པ་ཡིན། མུ་མཐུད་སྙན་ངག་གི་སྒྱུ་རྩལ་དག་དྲ་ཚོགས་ཐོག་མུ་བཀོད་གནང་རོགས་ལགས།
གྲོགས་ཨ་འདུས་མིག་ཆུ་ཕེབས་པར་དགའ་བསུ་དང་། བཀའ་གསུང་དང་ལེན་ཞུའོ།།