གཡང་སྐྱབས་རྒྱལ།
དེ་རིང་ནི་ ༢༠༡༣ ལོའི་ཟླ་གསུམ་པའི་ཚེས་བཅུ་རེད། སྔར་སྲོལ་བྱས་ན་གསུམ་བཅུའི་དུས་དྲན་ཞེས་འཛམ་གླིང་དུ་བོད་གྱེན་ལངས་ཀྱི་ངོ་རྒོལ་བྱེད་སྲོལ་ཡོད་པ་རེད། ད་དེའི་ཚབ་ཏུ་ས་གནས་སོ་སོར་བོད་རྒྱལ་ཁབ་ཀྱི་ཉི་མོ་སྲུང་བརྩི་བྱེད་མགོ་ཚུགས། ང་ཚོའི་སློབ་གྲྭའི་སློབ་སྤྱི་པད་མ་རྡོ་རྗེས་ཁ་སང་ནས་ཁྱབ་བསྒྲགས་བྱས། ལས་བྱེད་ཚང་མ་དེ་རིང་ཆུ་ཚོད་དགུ་པ་ལ་ང་ཚོའི་སློབ་གྲྭའི་རྩེད་ཐང་དུ་འཛོམས་དགོས་ཟེར། པོ་ཏ་ལ་མཐོ་སློབ་འདི་བཙུགས་ནས་ལོ་གསུམ་མ་གཏོགས་སོང་མེད། འོན་ཀྱང་དེ་རིང་ནི་ང་ལ་ཡང་འགྲོ་འདོད་ཆེན་པོ་ཡོད། སྤོ་ལོའི་འགྲན་བསྡུར་ཞིག་ཀྱང་ཡོད་པ་རེད། ང་ཚོའི་སློབ་གྲྭའི་འབྲོང་སྤོ་ལོ་རུ་ཁག་འདི་ལ་བོད་གང་ས་ན་མིང་ཆེ། རྩེད་མཁན་གྲགས་ཆེན་ཚེ་རིང་སྟོབས་རྒྱལ་ཁོ་ནི་ཁམས་ནས་ཡིན། གཟུགས་ཚད་ཕི་ཊི་བདུན་ཡོད་སྟབས་སྤོ་ལོ་ཚང་མ་འགོག་ཐུབ་གི་རེད། ཁོང་ལ་རྒྱལ་སྤྱིའི་སྤོ་ལོ་རུ་ཁག་ལ་ཡང་འགྲོ་ཐུབ་པའི་རེ་བ་བྱེད་ཀྱི་ཡོད་པ་རེད། དེ་རིང་གི་ཁ་གཏད་ནི། ཆབ་མདོ་སློབ་གྲྭའི་དོམ་ཁྲ་རུ་ཁག་ཡིན་པ་རེད། དེ་ན་ཡང་རྩེད་མཁན་གྲགས་ཅན་མང་པོ་ཞིག་ཡོད་པ་རེད། ཧ་ལམ་དེ་རིང་གི་འགྲན་བསྡུར་འདི་ནི་བོད་ཡོངས་རྫོགས་ཀྱི་སློབ་གྲྭའི་རྩེད་འགྲན་ཐ་མ་ལྟ་བུའི་ལྟད་མོ་ཞིག་ཡོད་པ་རེད། མི་མང་པོ་འདྲོགས་ལངས་འདུག
ང་འདི་ལ་འགྲོ་འདོད་ཀྱི་འདུན་པ་གཞན་ཞིག་ཡོད། དེ་ནི་ངའི་ལོ་ཉི་ཤུའི་གོང་གི་སློབ་གྲོགས་འགའ་ཡང་འདིར་སླེབས་ཡོད། ང་ཚོས་བཙན་བྱོལ་ནང་མི་ཚེ་མཉམ་པོ་བསྐྱལ་བ་ཡིན་ཡང་ད་ལྟ་ཐུག་ཁག་པོ་འདུག སོ་སོ་ལ་ལས་ཀ་ཡོད་པ་རེད། སློབ་གྲོགས་གཅིག་གིས་གློག་ཀླད་ཀྱི་བཟོ་གྲྭ་ཞིག་བཙུགས་ནས་ལམ་ལྷོང་ཧ་ཅང་ཆེ། གློག་ཀླད་བཟོ་གྲྭ་དེ་ལ་ལྕང་མའི་ལོ་མ་ཟེར་ཞིང་། ལྕང་མའི་ལོ་མ་རྟགས་ཅན་གྱི་གློག་ཀླད་དེ་ད་ཆ་ས་གང་སར་ཁྱབ་འདུག ང་ཚོའི་སློབ་གྲྭའི་གློག་ཀླད་མང་ཆེ་བ་དེ་ཁོང་གི་བཟོ་གྲྭ་ནས་ཉོས་པ་རེད། སློབ་གྲོགས་གཞན་དེ་ནི་སྐད་ཡིག་ཉམས་ཞིབ་པ་ཞིག་ཡིན། ཁོང་ནི་ཕྱི་རྒྱལ་གྱི་སྐད་ཡིག་བཞི་ཙམ་ལ་འཆད་ཀློག་འབྲི་ཉན་ཐོགས་པ་མེད། ད་ལྟ་ལྷ་སར་ཡོད་པའི་སྲོང་བཙན་ཞིབ་འཇུག་གི་གཙོ་འཛིན་གནང་བཞིན་པ་རེད། སློབ་གྲོགས་གཞན་པ་ཞིག་ནི་བུད་མེད་ཅིག་ཡིན། མོ་རང་སྔོན་མ་བཙན་བྱོལ་དུ་ཡོད་སྐབས་རྒྱ་གར་བྷོམ་བྷེའི་སློབ་གྲྭ་ཆེན་མོ་ཞིག་ལ་སོང་ནས། སྙིང་གི་ན་ཚའི་ཐོག་མིང་གྲགས་ཡོད་པའི་སློབ་སྦྱོང་བླངས་པ་རེད་ལ། ད་ལྟ་འབྲས་སྤུངས་དགོན་འདབས་ཀྱི་གཡུ་ཐོག་སྙིང་སྨན་ཁང་ནང་ལས་ཀ་བྱེད་བཞིན་ཡོད།
འོ། ངས་ངའི་གནས་ཚུལ་བཤད་རྒྱུ་བརྗེད་འདུག ང་ནི་སློབ་གྲྭ་འདིའི་སྐད་ཡིག་དགེ་རྒན་ཞིག་ཡིན། མཚམས་རེར་ལོ་རྒྱུས་ཀྱང་སློབ་ཁྲིད་བྱེད་བཞིན་ཡོད། བཙན་བྱོལ་ནས་ཚུར་སླེབས་པའི་སེམས་ཤུགས་ཀྱིས་ཡིན་ནམ། གང་ལྟར་སློབ་གྲྭའི་ལས་ཀ་ལ་བྲེལ་ནས་ཉིན་མཚན་ནམ་འགྲོ་ཡང་མི་ཤེས་པ་ཞིག་བྱེད་བཞིན་ཡོད། དེའི་རྐྱེན་གྱིས་གྲོགས་པོ་ཚོ་ལ་ཡང་འབྲེལ་བ་བྱེད་དཀའ་བ་ཞིག་རེད།
ཁ་ཆད་ལྟར། ང་ཚོ་གྲོགས་པོ་ཚོ་རྩེད་ཐང་དུ་འབྱོར། ང་ཚོ་ཚང་མ་ལོ་ནའི་ཚོད་ཀྱིས་ཧ་ཅང་རྒས་ཡོད། སྐྲ་ལོ་དཀར་པོ་རྐྱང་ཡིན། “སྲིད་འཛིན་བློ་བཟང་རྡོ་རྗེས་ཞིང་པ་ཚོའི་འཕྲོད་བསྟེན་ལ་བདག་པོ་རྒྱག་སྟངས་ལ་ང་ཁྱོན་ནས་དགའ་མ་སོང་།” ང་ཚོས་ཕན་ཚུན་ལ་མཚམས་འདྲི་ཞུས་ཟིན་མ་ཐག་གྲོགས་པོ་་སྨན་པ་དེས་དེ་ལྟར་བརྗོད། “ད་ཆབ་སྲིད་མ་བཤད། དེ་ལས་དེ་རིང་ང་ཚོས་ཆང་འཐུང་། ལྷ་སའི་འབྲས་ཆང་དེ་ཚོར་བྲོ་བ་ཁྱོན་ནས་མི་འདུག ང་ལ་དེ་རིང་མཚོ་སྔོན་ཝི་ཆང་བདུད་རྩི་བསིལ་མ་མང་ཙམ་ཡོད། འཐུང་གི་ཡིན་ནམ།” གྲོགས་པོ་བཟོ་གྲྭ་ཅན་གྱིས་ང་ཚོ་ལ་ཝི་ཆང་བཀྱགས།
དེ་རིང་ལྟད་མོ་བ་ནི་འཚང་ཁ་བཤིག་བཤིག་རེད། གོ་ཐོས་ལ་ལྟད་མོའི་འཛིན་དེ་དག་ནག་ཚོང་གིས་བཙོང་ན་སྒོར་མོ་བདུན་བརྒྱ་ནས་བརྒྱད་བར་སྤྲོད་གི་འདུག་ཟེར། ངོ་མ་བཤད་ན་སྒོར་མོ་བཅུ་ནས་ཉི་ཤུའི་བར་གྱི་འཛིན་རེད། ཨོ། ལྷ་སའི་གྲོང་ཁྱེར་སྤྱི་ཁྱབ་པ་བསྟན་འཛིན་གྲགས་པ་ལ་ཡང་ཕེབས་འདུག ཁོའི་འཁྲིས་ཀྱི་མིག་ཤེལ་ནག་པོ་གོན་མཁན་དེ་གྲོང་ཁྱེར་གྱི་ཉེན་རྟོག་དཔོན་པོ་རྡོ་རྗེ་དོན་གྲུབ་རེད་ཟེར། ད་དུང་དབུས་གཞུང་གི་མཐོ་རིམ་ལས་བྱེད་དང་སྤྱི་འཐུས་འགའ་རེ་ཡང་ཕེབས་འདུག་ཟེར།
“ཕ་གིའི་དབྱིན་ཇི་དེ་ཚོ་སུ་ཡིན་ནམ།”གྲོགས་པོ་བཟོ་གྲྭའི་བདག་པོ་དེས་དྲིས། “ཨ་ལེ། ཁོང་ཚོ་ཨེ། ཁོང་ཚོ་སུད་སི་ནས་ཕེབས་པ་རེད། སུད་སིའི་གཞུང་གིས་བོད་ལ་རོགས་སྐྱོར་གྱི་ལས་འཆར་ཞིག་བཙུགས་པ་དེའི་སྐུ་ཚབ་ཚོ་རེད། ཞོགས་ཀའི་ གཡག་བརྙན་འཕྲིན་གསར་འགྱུར་ཐོག་ངས་མཐོང་བྱུང་།” གྲོགས་པོ་སྐད་ཡིག་ཉམས་ཞིབ་པས་དེ་ལྟར་ལན་བཏབ།
སྲིད་ཞིའི་ཕན་བདེ་འདོད་དགུ་འབྱུང་བའི་་་་་་་་
“འོ་ཙི་ མཛད་རིམ་མགོ་ཚུགས་བྱུང་། ཡར་བཞེངས་ཤིག ཡར་བཞེངས་ཤིག”
ང་གཉིད་སད་བྱུང་། རྨི་ལམ་འདི་ཨ། རྨི་ལམ་འདི། གྲོགས་པོ་ཚོས་མུ་མཐུད་དམ། རྨི་ལམ་འདི།
ཁོ་རེ། གཡང་སྐྱབས་རྒྱལ། ད་གཉིད་སོད་དང་། ཡར་ལོངས། དཀར་རོ་དགེ ཁྱེད་ཀྱི་རྒན་མོ་བྲོས་ཚར་འདུག མདང་དགོང་ཅི་བྱས་པ་ཡིན། མུ་མཐུད་དུ་རྨི་ལམ་རྨིས་རོགས་གྱིས་དང་ཀློག་སྤྲོ་བ་ཞིག་འདུག
ཞོགས་ཇ་མ་རག་ནས་ལས་ཀར་ཡོང་དགོས་པ་འདི་ངོ་མ་ངའི་ལས་་་་་་་་