ཨ་འདུས་མིག་ཆུ།
—རྒྱལ་གཅེས་དཔའ་བོ་གྲུབ་མཆོག་སོགས་ལ་ཕུལ།
མཁའ་དབྱིངས་སྤྲིན་ནག་འཐིབ་པའི་འདུ་ལོང་རྒོད།།
ས་གཞིར་ཁ་བ་འབབ་པའི་འཚུབ་མ་འཐིབས།།
གྲང་རླུང་བུ་ཡུག་བསྐྱོད་པའི་ཁོང་གསེང་ན།།
ལུས་ཀྱི་གྲང་ངར་སེམས་ཀྱི་གཏིང་ལ་འཛུལ།།
ཟླ་འོད་རྔམ་ནག་སྤྲིན་གྱིས་མཆེ་བར་ཚུད།།
ཁོར་ཡུག་མུན་པའི་གསེང་ན་བཙོན་དུ་ལུས།།
ཅེ་སྤྱང་ངུ་ཟུག་རྒྱང་ལ་ཤུགས་ཀྱིས་འཐེན།།
མཚན་མོའི་རྨི་ལམ་མི་སྡུག་སྐད་ཀྱིས་དཀྲོགས།།
ཉི་འོད་རྒས་གཟུགས་ཁྲོད་ནས་ནུབ་རིར་འགྲིམ།།
ལུང་གཤོང་ཆུ་མོའི་ངུ་སྐད་སྙིང་ལ་ཟུག།
འདབ་དྲུག་ཁ་བའི་རེག་བྱ་ལུས་ལ་གཟན།།
ལུས་ཀྱི་སྡུག་བསྔལ་ཡིད་ཀྱི་རྨ་ཁ་ཉིད།།
མེ་ལྕེའི་འོད་ཀྱིས་ཚེ་སྲོག་ཟས་ལ་ཁྱེར།།
དུད་སྤྲིན་ནག་པོས་རྣམ་ཤེས་དབྱིངས་ལ་དྲངས།།
བདེན་དོན་སྐད་གྱིས་བདག་སྙིང་ཚལ་བར་གཤེགས།།
སེམས་ཀྱི་ན་ཟུག་མིག་གི་མཆི་མ་ཉིད།།
ལུས་བཅུད་ལང་ཚོ་མེ་ལྕེའི་ཀློང་ན་འབར།།
ཟུངས་ཁྲག་འབབ་རྒྱུན་དྲོད་མོ་ཁོལ་གྱིས་གདུ།།
ཞུམ་མེད་སྙིང་སྟོབས་དུད་ཞགས་ལྷན་དུ་མཆེད།།
གྱད་མིའི་དཔའ་མཛངས་སྡར་མའི་མིག་ཆུ་འོ།།
མཛའ་བའི་གཉེན་བཤེས་མི་འདོད་ནན་གྱིས་དོར།།
སྡུག་པའི་བུ་ཕྲུག་སྙིང་ཤའི་ཟུར་ནས་བཀོག །
ཆུང་མའི་འཇམ་ཤ་ཨུ་ཚུགས་བཙན་གྱིས་གཡུགས།།
སྒེར་གྱི་བདེ་བ་སྤྱི་དོན་སླད་དུ་ཕུལ།།
སེམས་ཀྱི་སྐྱོ་བ་སྙན་ངག་ལམ་ནས་ཤོར།།
སྡུག་གི་འཁུན་སྒྲ་ཁང་མིག་ནང་ལ་ལྷུང་།།
མིག་ཆུའི་ཐིགས་པ་ཆར་བའི་ཟོལ་དུ་གྱུར།།
དཔའ་བོའི་སྙིང་སྟོབས་ང་ཡི་སེམས་དང་འདྲིས།།
ཡུན་ནས་རིང་ལ་སྒུག་པའི་སྙན་ངག་ཅིག ང་ཡང་འདི་ན་ཡོད་པས་ང་རང་དགའ།
ལོ་མ་ས་ཟགས་པའི་དུས་ཚོད་དང་།
ཟླ་བ་ནུབ་རིར་ཕྱོགས་པའི་བར་བར་རུ།
ཁོ་བོས་སྒེའུ་ཁུང་ནས་ལྟ་ཞོར་དུ།
ཁྱོད་འདྲའི་སྙན་ངག་མཁན་ལ་སྒུག་ནས་བསྡད།
དཔའ་བོ་ཁོང་གི་ཆེས་མཐའ་མཇུག་གི་སྐུ་འདྲ་མེ་འོད་འཚུབ་འཚུབ་ཅན་དེ་ཡིད་ལ་འཆར་ཞིང་སྙིང་ལ་ཟུག་པའི་སྙན་ངག་ཅིག་བཞེངས་འདུག ཡག་བྱུང་།
བརྩེ་བའི་ཕ་མ་མེད་པ་མ་ཡིན་ཞིང་། །
མཛའ་བའི་མནའ་མོས་གཡུགས་པ་མ་ཡིན་ལ། །
གཅེས་པའི་བུ་ཕྲུག་མ་བསམ་མ་ཡིན་པར། །
ལུས་སྲོག་མེ་ལ་འཕུལ་བར་ཡ་རེ་མཚར། །
བཟའ་བཏུང་འབྱོར་བས་འཕོངས་བ་མ་ཡིན་ལ། །
ཁ་ཡ་ན་ཟླར་མ་དོ་མ་ཡིན་ཞིང་། །
ཨ་རག་བཙན་པོས་བསླུས་པ་མ་ཡིན་པར། །
ལུས་སྲོག་མེ་ལ་འཕུལ་བར་ཡ་རེ་མཚར། །
འཁོར་བར་ཞེན་ལོག་བྱུང་བ་མ་ཡིན་ཞིང་། །
ཐར་བ་དོན་གཉེར་བྱས་པ་མ་ཡིན་ལ། །
མིང་སྟོང་ཙམ་ལ་རེ་བས་མ་ཡིན་པར། །
ལུས་སྲོག་མེ་ལ་འཕུལ་བར་ཡ་རེ་མཚར། །
མེ་ལྕེའི་འོད་ཀྱིས་མུན་པའི་དམག་ཚོགས་འདྲེན།
བདེན་པའི་དཔུང་གིས་གཡོ་དང་སྒྱུ་མ་འཁྲབས།
ཉིན་མོར་ནག་ལ་མཚན་མོར་གསལ་བ་འབར།
འཇིག་རྟེན་འདི་རུ་གོ་ལྡོག་རྣམ་པ་མང།
དཔའ་བོ་དཔའ་མོར་སྙིང་སྟོབས་མུ་མཐའ་མེད།
སྙིང་གི་སྟོབས་ལ་ཚད་མཐའ་འཇོག་སོ་མེད།
མཚམས་འདིར་དབང་མེད་ཤོར་བའི་སྙིང་གཏམ་དག
ཚོད་དང་མཚམས་སུ་གླེང་བ་ཕལ་ཆེར་ལགས།
རྒྱུན་རིང་བོར་མཐོང་མ་མྱོང་བའི་སྙན་ངག་མཛེས་མ་ཞིག་དེ་རིང་འདིར་མཇལ་རྒྱུ་བྱུང་། ཡིད་ལ་འབབ་པའི་སྙན་ངག་བདེ་མོ་འདི་འབྲི་མཁན་ཁྱོད་ཀྱིས་མུ་མཐུད་དུ་སྙན་ངག་ཕྲིས་དང་ཁྱོད་སྙན་མངགས་པ་ཞིག་ཡོང་བའི་རེ་བ་འདུག ཚིག་རེ་གཉིས་ཞིག་མ་གཏོགས་གཞན་ཧ་ཅང་ཡག་པོ་མཐོང་སོང་ཐུགས་རྗེ་ཆེ།