རྔ་བ་རྒྱལ་ཁམས་པ།
———–
གྲོང་ཁྱེར་གྱི་གྲུ་ཚུགས་ཤིག་ན།
གཉའ་གནོན་གྱི་སྡུག་ཡས་མ་ཐེག་པའི་བྲན་གཡོག་གི་འདུ་ལོང་ཁྲོད།
སྙིང་སྟོབས་ཀྱི་མེ་རི་འབར་བའི་དཔའ་བོ་ཞིག
རླུང་ནག་ཚུབ་མ་ལྟར་མྱུར་བའི་རྟ་མཆོག་གི་གོང་དུ་བུད།
སྦོམ་ཞིང་འཚེར་བའི་འདར་སྐད་མཐོ་པོས།
དགྲ་བོ་དབྱིན་ཇི་ལ་ཕ་་རྒོལ་གྱི་བསྒྲགས་གཏམ་སྤེལ།
དེ་ནི་ཁ་འཐོར་གྱི་རྒྱལ་ཕྲན་དང་། དཔའ་མཛངས་ཀྱི་མི་རིགས་ཤིག
བྲན་གཡོག་ནས་འཛམ་གླིང་གི་བདག་པོ་དང་།
མུན་ནག་ནས་འོད་གསལ་གྱི་ལམ་ཆེན་དུ་བསྐྱོད་པའི་གོམ་པ་ཐོག་མ་རེད།
ཞིང་པ་དང་། འབྲོག་པ། ཉ་པ་དང་། རྔོན་པ་སོགས།
མདོར་ན། གཉུག་མར་གནས་པའི་དམངས་དཀྱུས་ནི།
གླིང་ཆེན་གྱི་དམག་སྤྱི་ཆེན་མོ། “ལྗོར་ལྗིའི་ཝ་ཤིང་ཁྲོན”་གྱིས་དབུ་ཁྲིད་པའི་དམག་དཔུང་སྟེ།
དྲག་ཆར་དང་ཐོག་སེར་ལྟར་འབེབས་པའི་བཙན་རྒྱལ་རང་ལུགས་ཀྱི་འཐབ་ཡ་རེད།
འོན་ཏེ། སྙིང་སྟོབས་དང་སྙིང་སྟོབས་འཐབ་ཅིང་།
ལར་ཞེན་དང་ལར་ཞེར་བརྡར་བའི་མེ་སྟག་གི་ཁྲོད།
གཡུལ་ས་ཆེན་ཆུང་མང་བོར།
དམར་པོ་ཁྲག་གི་ཡུར་ཆེན་འཐེན་ཞིང་།
ཤ་ཆེན་རོ་ཡི་འཐབ་རྭ་བརྩིགས་མཐར།
“ཡོར་ཁུ་ཁྲོན”་དུ་དགྲ་སྡེའི་དཔུང་ཚོགས་བསྐོར།
རྒྱལ་རྔ་བརྡུངས། དམར་འཛངས་འཇགས།
“བིར་ལྗི་ནེ་ཡ”་སོགས་མངའ་སྡེ་བཅུ་གསུམ་མཉམ་འབྲེལ་བྱུང་བ་ནི།
མངའ་སྡེ་མཉམ་འབྲེལ་གྱི་རྒྱལ་ཁབ་འདིར།
མ་བསྒྲིགས་རང་འགྲིགས་ཀྱིས་བྱུང་བའི་ཐོག་མའི་རྟེན་འབྲེལ་བཅུ་གསུམ་རེད།
སྐབས་དེར། ཁྱེད་ད་དུང་ན་ཚོད་མ་སྨིན། གཉོམ་ལག་མ་དར་སྟབས།
སྙིང་ཞེན་གྱི་བྲན་གཡོག་རྩོད་རྙོག་དང་།
རིགས་ཞེན་གྱི་མི་རིགས་དཔྱེ་འཔྱེད་ཀྱི་ལྟ་བ།
གྲང་དམག མི་སེར་ནང་འཁྲུགས།
འཛམ་གླིང་དམག་ཆེན་དང་གཉིས་སོགས།
ཐེག་དཀའ་བའི་དཀའ་ངལ། བཟོད་དཀའ་བའི་མྱ་ངན།
འཚོབ་དཀའ་བའི་གོད་ཆགས་རི་ལྟར་བརྙིལ་ཞིང། མཚོ་ལྟར་འཕྱུར།
འོན་ཏེ། ཁྱེད་ཀྱི་སྙིང་མཁྲེགས་ཤིང་། སེམས་ཟབ་པས།
དྲག་པོ་མྱ་ངམ་གྱི་ཐང་ནས་ཞི་བདེའི་དགའ་ཚལ་དུ་སླེབས།
མཉམ་འབྲེལ་རྒྱལ་ཚོགས་ཀྱི་གཞི་བཏང་།
རྒྱ་གྲམ་དམར་བོའི་ལས་ཚོགས་གྲུབ།
ཆ་འཕྲིན་དྲ་རྒྱའི་མ་ལག་དར།
གནམ་རིག་དང་། རྩིས་རིག འཕྲུལ་རིག་སོགས།
འཇིག་རྟེན་འདིའི་ངོ་མཚར་བའི་ཤེས་བྱའི་གསང་བའང་ཁྱེད་ཀྱིས་བརྟོལ།
ཨ་མེ་རི་ཀ་ལགས། ཁྱེད་མེད་ན་བཙན་པོ་གཉའ་ནས་གནོན་པའི་དཔུང་བ་སུ་ལ་ཡོད།
ཁྱེད་མེད་ན། གཉོམ་ཆུང་མཐའ་ནས་སྐྱོར་བའི་ཤེས་འཇོན་གང་ནས་བྱུང་།
ཁྱེད་མེད་ན། བདེན་འཛིན་དང་ལེགས་ཉེས་གཅོད་པའི་དྲང་ཐིག་སུ་ཡིས་འདེབས།
མང་གཙོ་དང་། རང་དབང་། འགྲོ་བ་མིའི་ཐོབ་ཐང་སོགས།
འཇིག་རྟེན་འདིའི་ཡོད་ཚད།
ཁྱེད་ཀྱི་དར་རྒུད་ལ་བརྟེན་ནས་འཕེལ་འགྲིབ་པྱེད་བཞིན་ཡོད།
ཨ་མེ་རི་ཀ་ རྒྱལ་བོ་མེད་པའི་འཛམ་གླིང་གི་རྒྱལ་པོ།
ཁྱེད་ཀྱི་མངའ་ཐང་རྒྱས་ན།
བདག་གི་ལས་དབང་བདེ་ཞིང་། སེམས་དོན་གྱི་རི་མོའང་འགྲུབ་ངེས།།
རྒྱལ་ཁམས་པ། ང་ཁྱེད་ལ་དགའ་བོ་ཡོད། རྒྱལ་ཁམས་པ་ངའི་ཁྱེད་ཀྱི་ལོ་རྒྱུས་ཤེས། རྒྱལ་ཁམས་པ་ང་ཁྱེད་དང་འབྲེལ་བ་ཡོད། རྒྱལ ཁམས་པ་ངས་ཁྱེད་ཀྱི་བསྒྱུར་རྩོམ་དག་ཀློག་གི་ཡོད།
རྒྱལ་ཁམས་པ་བོད་མིའི་ཤེས་རིག་གི་སྟོང་ཆ་མུ་མཐུབ་སྐོང་རྒྱུ་ང་ཚོའི་རེ་བ་དང་རྨི་ལམ་རེད། ཉིན་གཅིག་ང་ཁྱེད་དང་ཐུག་འདོད་ཡོད། མ་ཟད་སྐྱིད་སྡུག་གི་སྙིང་གཏམ་གླེང་འདོད་ཡོད།
སྤྱིར་ན་ཁྱེད་ཀྱིས་གདམ་ག་ནོར་མི་འདུག ལྷག་པར་མི་ཚེ་ལ་དགོས་ངེས་ཀྱི་འགྱུར་བ་གཏོང་བའི་བློ་མིག་
དང་སྙིང་སྟོབས་ཡོད་པ་དེ་ཤེས་ཡོན་ཅན་གྱི་རྟགས་མཚན་རེད། ད་ལྟ་ཁྱེད་ཀྱང་བྲན་གཡོག་མ་རེད། གདུལ་བྱ་མ་རེད། དེའི་ཕྱིར་ཁྱེད་ཀྱིས་འདི་ལྟར་འབྲི་དགོས་པའི་སྒེར་གྱི་མྱོང་བ་དེའི་གོ་བ་ངས་མྱོང་ཐོག་ནས་ལེན་ཐུབ་ཀྱི་ཡོད།ཁ་དྲོག ཚེ་རིང།
ཨ་ལ་ལ་ཁྱོད་འདི་རང་མོས་སྙན་ངག་ལ་ཡང་ཆེས་མཁས་པ་ཞིག་རེད་ངོ་སོ་བསྟོད། ང་རྒྱུན་དུ་ལྟད་མོར་ཡོང་གི་ཡོད།
བོད་མི་དམངས་ལ་སེམས་ཤུགས་ཞིག་སྤར་འདུག་། བོད་མི་དམངས་འདི་དགྲ་ལ་འཁོར་ན་ལས་རྒྱུ་འབྲས་བསྲུང་ནི་རེད་། དཔེར་ན་རང་གི་རི་སྡེ་བར་དང་། སྐྱིད་ལ་གང་སོང་དྲིན་ལ་གང་ཆེ་གི་མ་འབྲི་དེ་འཚོ་ལ་། ལས་རྒྱུ་འབྲས་བསྲུངས་ནི་མ་རེད་དོ་།