བདག་གི་རྣམ་ཤེས་བར་དོར་འཁྱམ་དུས་དང་བོར་ལུས་སེམས་བསྐྱེད་པའི་མ།།
འཇིག་རྟེན་མི་ཡི་འཚོ་བར་ཞུགས་ཚེ་བར་དུ་ཟང་ཟིང་སྦྱིན་པའི་མ།།
འཁོར་བའི་བྱ་བར་མགོ་བོ་འཐོམས་པའི་ཐ་མར་སྐྱེ་མེད་སྟོན་པའི་མ།།
རྗེ་བཙུན་སྒྲོལ་མ་ལྟ་བུའི་ཨ་མ་དྲིན་མོ་ཆེ་ལ་གསོལ་བ་འདེབས།།
བུ་ཡི་མདུན་ལམ་ནོར་དུ་མི་འཇུག་ཨ་མ་ལམ་སྟོན་སྒྲོན་མེ་ཡིན།།
བུ་ཡི་བསམ་བློ་སྐྱེད་སྲིང་བྱེད་མཁན་ཨ་མ་ཐོག་མའི་སློབ་དཔོན་ཡིན།།
བུ་ཡི་ཆེད་དུ་ཅི་ཡང་གཏོང་ཕོད་ཨ་མ་བྱང་ཆུབ་སེམས་དཔའ་ཡིན།།
བུ་ཡི་དཀའ་སྡུག་མཐའ་དག་སེལ་མཁན་ཨ་མ་རྗེ་བཙུན་སྒྲོལ་མ་ཡིན།།
ཨ་མས་སྐྱེ་བ་མོ་ལུས་བླངས་ཡང་ཕོ་རྒོད་ཅིག་ལས་ལྷག་པ་ཡོད།།
ཨ་མས་སྡེ་མགོ་ཚོ་མགོ་མ་བསྐྱངས་དཔོན་ཆེན་ཞིག་གི་ཤེས་རྒྱ་ཡོད།།
ཨ་མས་རིག་པའི་གནས་ལ་མ་སྦྱངས་མཁས་དབང་ཞིག་གི་འཆར་སྒོ་ཡོད།།
ཨ་མ་སྒར་དང་དགོན་པར་མ་ཞུགས་བླ་ཆེན་ཞིག་གི་བྱང་སེམས་ཡོད།།
དང་བོ་ང་ཡི་ལུས་རྟེན་འདི་ཡང་ཨ་མ་ཁྱེད་ཀྱིས་བསྐྱེད་པ་ཡིན།།
བར་དུ་མི་ཡི་སྐད་ཆ་བསླབས་ཤིང་འགྲོ་འཆག་ཉལ་འདུག་བྱེད་ཚུལ་གསུངས།།
ཐ་མར་འཚོ་བའི་དགོས་མཁོ་ཡོད་ཚད་ཕངས་པ་མེད་པར་བུ་ལ་སྦྱིན།།
བདག་གི་ཚེ་གཅིག་ལུས་གཅིག་འདི་ལ་ཨ་མའི་བཀའ་དྲིན་བསམ་མི་ཁྱབ།།
འཇིག་རྟེན་མི་ཡུལ་འདི་རུ་སྐྱེས་ན་ཨ་མ་མེད་ཚེ་དྭ་ཕྲུག་ཟེར།།
མ་གཡར་ཟེར་བའི་བུད་མེད་ཅིག་གིས་ཨ་མའི་དོ་ཟླ་ག་ལ་ཡོང་།།
ཕ་དེ་བཀའ་དྲིན་ཆེ་བ་བདེན་ཡང་མ་ལས་ལྷག་ཅིག་ཡིན་མི་སྲིད།།
མདོར་ན་མགོ་ནག་མི་ཞིག་ཡིན་ཕྱིན་ཨ་མ་ལྟ་བུའི་དྲིན་ཆེན་མེད།།
རང་གི་ལྟོ་བ་ཚིལ་གྱིས་བརྒྱགས་ཚེ་འགྲོ་འཆག་ཉལ་འདུག་ཅི་འདྲ་དཀའ།།
ཐ་ན་རྒྱབ་ཀྱི་རྡོག་ཁྲེས་ཙམ་ཡང་ཉིན་གང་ཁུར་ན་ངལ་བས་མནར།།
ཟླ་དགུ་ཞག་བཅུར་བུ་ཕྲུག་ང་ཚོ་མངལ་དུ་འཁུར་བའི་སེམས་ཤུགས་འདི།།
ཨ་མ་ཁྱོད་ལས་གཞན་ལ་མེད་པ་ཁྲེལ་མེད་རྣམས་ཀྱི་ཤེས་ཐབས་བྲལ།།
བུ་ཕྲུག་བཙའ་སྐབས་ཉེན་ཁ་ཆེ་ཡང་ཁྱོད་ལ་འཕྲོད་བསྟེན་ཆ་རྐྱེན་མེད།།
བཙའ་བའི་དུས་ཀྱི་ན་ཟུག་དྲག་པོས་སྲོག་ཀྱང་ཤོར་གྲབས་བྱས་ན་ཡང་།།
བདུན་ཕྲག་གཅིག་ལའང་ངལ་གསོ་མི་བྱེད་རི་ཡུལ་གཉིས་ཀྱི་ལས་ཀར་རྒྱུགས།།
ཡིན་ཡང་རླབས་ཆེན་ཨ་མ་ཁྱོད་ཀྱིས་དཀའ་ངལ་ཡོད་ཚད་དགའ་བར་སྒོམ།།
རི་ན་ཡོད་པའི་འབྲོག་ཐང་ཆེན་པོ་ཨ་མས་བླངས་པའི་རྩྭ་ར་ཡིན།།
འདབས་ན་སྐྱེས་པའི་འབྲུ་རིགས་སྣ་ལྔ་ཨ་མས་བཏབས་པའི་ཞིང་ས་ཡིན།།
སྒོ་ལ་བསྐྱིལ་བའི་རྟ་ནོར་ལུག་གསུམ་ཨ་མས་བསགས་པའི་རྒྱུ་ནོར་ཡིན།།
དེ་རིང་ང་ཡི་མགོ་སྦྲ་འདི་ཡང་ཨ་མས་གནང་བའི་ཁྱིམ་གཞི་ཡིན།།
ཕ་ཁྱིམ་བཟང་བོའི་བུ་མོ་ཁྱོད་རང་མོ་ལོ་བཅོ་བརྒྱད་ལོན་པའི་ཚེ།།
སྤྱི་ལོ་ལྔ་བཅུ་ང་བརྒྱད་སླེབས་ནས་ཨེན་ཙམ་མིན་ན་སྲོག་ཀྱང་ཤོར།།
ཕ་མ་གཉེན་ཉེ་སྤུན་མཆེད་མང་བའི་ཁྱེད་ཀྱི་ཁྱིམ་རྒྱུད་ཆེན་པོ་དེ།།
རྐང་དམག་མཁའ་དམག་གཉིས་ཀས་དེད་དེ་ཀྱེ་ཕུར་ནགས་ནས་རྩ་མེད་བཏང་།།
ཕ་མ་ཤི་བའི་སྡུག་བསྔལ་ལྕི་ཡང་མ་ཎི་ཚར་གསུམ་འདོན་དབང་མེད།།
གཞུང་ཟོག་འཚོས་ནས་ཨ་ཐང་ཆད་ཀྱང་སེམས་གསོའི་གླུ་ཙམ་ལེན་མི་ཆོག།
ཨ་མ་ཁྱོད་ཉིད་ལོ་ན་གཞོན་པའི་ལང་ཚོའི་དུས་སྐབས་རྩ་ཆེན་དེར།།
སྐྱིད་ནི་སེན་མོ་ཙམ་ཡང་མ་རིག་ཉིན་མཚན་གཉིས་ཀར་ངལ་རྩོལ་བྱས།།
བདེན་རྫུན་གཉིས་ཀ་གོ་ལྡོག་བྱས་པའི་རིག་གནས་གསར་བརྗེ་ཟེར་བ་དེས།།
མཐོ་དམན་གཉིས་ཀར་རྒྱུ་འབྲས་མེད་པར་མནར་གཅོད་སྣ་ཚོགས་གཏོང་བའི་ཚེ།།
ཕ་བཟང་བུ་མོ་རང་ཚུགས་ཅན་པོས་ཕ་དང་ཨ་ཁུའི་བླ་མ་བཙོང་།།
རང་གི་བུ་རབས་ཚ་རྒྱུད་རྣམས་ལ་ལ་རྒྱའི་སྙིང་སྟོབས་བསྩལ་ནས་ཡོང་།།
བུ་ཕྲུག་མདུན་རྒྱབ་གཉིས་ལ་ཁུར་ནས་ཉིན་མོར་གཞུང་ཟོག་རི་ནས་འཚོས།།
ལྟོགས་སྐོམ་ངལ་དུབ་ཁྱད་དུ་གསོད་བཞིན་མཚན་མོར་བཟོ་ཞིང་ལས་ལ་འབད།།
ནད་ཡམས་མུ་གེ་གཉིས་ཀ་ཐོན་ཏེ་མཐའ་འཁོར་ཚང་མ་འཇོམས་ནས་ཚར།།
ནམ་ངན་སྟེང་ལ་ཟླ་ལྷག་སླེབས་པས་ཨ་མའི་ལུས་སེམས་བདེ་མ་མྱོང་།།
ངོ་ལོག་ཟིང་འཁྲུག་ཁྲོད་ཀྱི་ཤི་བོའི་བེམ་པོ་ལ་ཡང་འཐབ་རྩོད་བྱེད།།
ཆོས་ལུགས་རྨོངས་དད་གཙང་ཕྱགས་ཟེར་ནས་གསོན་པོའི་མི་ཡི་སེམས་ཁ་དཀྲུགས།།
དུས་དང་རྣམ་ཀུན་འཇིགས་སྐྲག་མྱོང་བཞིན་དོགས་ཟོན་བྱས་ཏེ་བསྡད་དྲགས་པས།།
ཨ་མའི་དབང་རྩ་འཁྲུག་ཏུ་བཅུག་ནས་སྙིང་གི་ནད་ལ་སོས་ཐབས་མེད།།
ཁ་ཆར་བུ་ཡུག་གྲང་ངར་ཁྲོད་ན་ཨ་མའི་ལུས་པོ་སྐམ་ཞིང་རིད།།
རྐྱེན་ངན་བར་ཆད་གྲངས་མེད་བརྒྱུད་ནས་ཨ་མའི་སེམས་པ་སྡུག་གིས་གཟིར།།
མདོར་ན་བདག་གི་ཨ་མ་ཁྱོད་ཀྱི་ཚེ་སྟོད་གཏམ་རྒྱུད་རིང་མོ་འདི།།
རིགས་རྒྱུད་ཅིག་གི་དར་རྒུད་མཚོན་པའི་ལོ་རྒྱུས་དེབ་ཐེར་དམར་བོ་ཡིན།།
ལོ་རབས་དྲུག་ཅུ་བདུན་ཅུའི་ནང་གི་མེད་མུག་གཉིས་ཀ་ཁྱེད་ཀྱིས་མྱངས།།
དུས་རབས་ཉི་ཤུ་ཉེར་གཅིག་བར་གྱི་འཚོ་བའི་འགྱུར་ལྡོག་ཁྱེད་ཀྱིས་མཐོང་།།
གནའ་དེང་སྤྱི་ཚོགས་གསར་རྙིང་གཉིས་ཀྱི་ལུགས་སྲོལ་བཟང་ངན་ཁྱེད་ཀྱིས་ཤེས།།
འཇིག་རྟེན་འཁོར་བའི་སྐྱིད་སྡུག་གང་ཡིན་དབྱེ་བ་འབྱེད་པར་ཁྱེད་རང་མཁས།།
སྐྱེས་གཟུགས་དྲང་མོ་ཐུར་དུ་གུག་པ་འཚོ་བའི་གནོན་ཤུགས་ལྕི་བས་ཡིན།།
དབང་བོ་མི་གསལ་རབ་རིབ་གྱུར་བ་སྡུག་བསྔལ་སྣ་ཚོགས་མྱངས་པས་ཡིན།།
གདོང་ན་གསལ་བའི་གཉེར་མ་རེ་རེ་ཨ་མ་བརྒྱུད་པའི་བཞུད་ལམ་ཡིན།།
དབུ་སྐྲ་དཀར་བོའི་ཉག་མ་རེ་རེ་ཨ་མ་རྒས་པའི་གཏམ་རྒྱུད་ཡིན།།
ད་ནི་ཨ་མ་སྙུན་གྱིས་མནར་ན་ནད་གཡོག་གང་ཐུབ་བདག་གིས་བྱེད།།
ད་ནི་ཨ་མ་བགྲེས་མོར་གྱུར་ན་རྒས་པའི་ལག་རྟེན་བདག་གིས་བྱེད།།
ད་ནི་ཨ་མ་ཉལ་སར་ལྷུང་ན་ཞབས་ཏོག་ཅི་ཡོད་བདག་གིས་བསྒྲུབ།།
ཨ་མར་གང་དགོས་ཅི་བྱེད་འདོད་ན་ཐུགས་འདུན་ཡོད་ཚད་བདག་གིས་སྐོང་།།
དུས་བདེ་གནས་འཇམ་ཅུང་ཟད་བྱུང་ཡོད་ཨ་མར་སྐྲག་ས་འཇིགས་ས་མེད།།
འཚོ་བའི་ཆ་རྐྱེན་ཇེ་ལེགས་སོང་ཡོད་ཨ་མས་དཀའ་ལས་མྱང་དགོས་མེད།།
བུ་དང་ཚ་བོར་འདབ་ལག་རྒྱས་ཡོད་ཨ་མར་སེམས་ཁྲལ་བྱེད་ས་མེད།།
ད་ནི་ཨ་མ་ཐུགས་བདེར་བཞུགས་དང་བུ་ཆུང་ཁྱེད་ཀྱི་གམ་ན་ཡོད།།
—-
གཟི་མིག་གསུམ་པ་ནི་བདག་གི་སྤུན་ཆུང་ཤོས་དེ་ཡིན། མཚམས་སྦྱོར་བ་ཀླུ་སྨྱོན་ནས།
ཨ་མ་དེ་མོ། ཨ་ཕ་དེ་མོ། ཨ་ཞང་དེ་མོ། ཨ་ནེ་དེ་མོ། ཨ་ཁུ་དེ་མོ། ཨ་མཆོད་དེ་མོ། ཨ་ཅེ་དེ་མོ། ཨ་ཇོ་དེ་མོ། ཨ་ནུ་དེ་མོ། ཨ་མྱེས་དེ་མོ། ཨ་ཡས་དེ་མོ། ཨ་ཕོ་དེ་མོ། ཨ་ཆེན་ཚང་གི་ཁྱིམ་ཆེན་གྱིས། ལྔ་བཅུ་ང་བརྒྱད། དྲུག་ཅུ་རེ་བརྒྱད། བརྒྱད་ཅུ་གྱ་བརྒྱད། ཉིས་སྟོང་བརྒྱད་ལོར་མྱངས་དང་མ་མྱངས་མྱངས་ཡོད། འདི་ཚང་མས་ཤེས་ཡོད། ད་ནས། ཉིས་སྟོང་བཅོ་བརྒྱད་དེ་རྒྱལ་ཁ་ལེན་པའི་ལོ་ཞིག་ལ་འབད་དགོས། ཤུགས་རྒྱག། འདི་མོ་ཟིག་མྱང་ནས་ནམ་ནམ་ཟིག་ལ་འདུག།
དབྱངས་ཅན་ངག་གི་འཕྲུལ་ལས་འོང་བའི་ཨ་མར་འཕུལ་བའི་སྙན་ངག་འདིའི། །
ཚིག་དང་སྡེབ་སྦྱོར་ཕུན་སུམ་ཚོགས་འདིས་བྱེས་འབྱོར་བོད་མིའི་སྤྱི་ཚོགས་ན། །
སྙན་ངག་པ་ནི་ཁོ་ཡིན་ང་ཡིན་རློམ་པ་དག་གི་དཔུང་སྡེ་དང་། །
གཞིས་ཀྱི་སྙན་ངག་སྨྲ་བ་གཉིས་ལ་གནམ་ས་ལྟ་བུའི་ཁྱད་པར་མཐོང་། །
“བདག་གི་རྣམ་ཤེས་བར་དོར་འཁྱམ་དུས་དང་བོར་ལུས་སེམས་བསྐྱེད་པའི་མ།།
འཇིག་རྟེན་མི་ཡི་འཚོ་བར་ཞུགས་ཚེ་བར་དུ་ཟང་ཟིང་སྦྱིན་པའི་མ།།
འཁོར་བའི་བྱ་བར་མགོ་བོ་འཐོམས་པའི་ཐ་མར་སྐྱེ་མེད་སྟོན་པའི་མ།།”
ཚིགས་རྐང་འདི་གསུམ་བོ་དོང་པཎ་ཆེན་གྱི་ལམ་རིམ་གྱི་བར་སྐབས་ཀྱི་ཚིགས་བཅད་ཅིག་རེད་འདུག་གམ།
ད་དུང་དེ་ལས་མང་བ་ཞིག་ཡོད་ན་བསམ་སོང་། ངོ་མ་སྙན་པོ་བྲིས་འདུག