བོང་སྟག་རི་ལུ།
མི་རྐྱང་གླུ་བའི་མིང་ལ་རི་ལུ་ཟེར།།
སྨྱུ་གུའི་རྩེད་མོར་རོལ་ནས་ལོ་མང་འགོར།།
ཕྲག་དོག་མདའ་ཡི་རྨ་ཁ་ལན་ཤས་ཕོག།
མིག་ཟུང་རྒྱང་ལ་གཏད་ནས་ཉིན་ཤས་སོང༌།།
ལུས་པོ་རླུང་ཁར་གཟེད་ནས་སྲང་ལ་བསྐྱོད།།
གོམ་པ་འཁྱར་འཁྱོར་ངང་ནས་མདུན་ལ་སྤོས།།
ས་ནག་སུམ་མདོ་དེ་ནས་ངལ་ཞིག་གསོས།།
སང་གི་ཉིན་མའི་ཕྱོགས་ལ་རྒྱང་བལྟ་བྱས།།
རི་བོའི་རྩེ་ལ་བུད་ནས་ཀི་ཞིག་བཏབ།།
རང་གི་རིགས་རྒྱུད་མཐོང་ནས་སྙིང་ཞིག་འཕར།།
བོད་མི་ཀུན་ལ་ཕན་པའི་གཏམ་ཞིག་སྨྲས།།
ཡིད་མཐུན་གྲོགས་ཤིག་མེད་པས་སེམས་པ་སྡུག།
ཡ་གིའི་མི་ཡིས་མཐོང་ནས་སྡིག་མཛུབ་ཀེར།།
མ་གིའི་གྲོགས་ཀྱིས་མཐོང་ནས་ངན་ཞིག་བརྗོད།།
ཐམས་ཅད་མཉམ་དུ་འཛོམས་ནས་སྐྱོན་ཞིག་གླེང༌།།
ཀྱི་ཧུད་སྐྱོ་སྣང་ཁུར་བའི་སྙན་ངག་པ།།
དབང་ཆེན་དཔོན་གྱིས་མཐོང་ན་གཞོལ་ནས་འགྲོ།།
རིགས་མཐུན་མི་ཡིས་མཐོང་ན་སྡང་མིག་སྟོན།།
མོ་རྐྱང་མང་པོའི་མཐོང་ན་སྣ་གཉེར་བྱེད།།
ང་ལ་འདི་འདྲའི་ནག་ཉེས་ཅི་ལ་འཁོར།།
ལ་རྒྱ་གླེང་ནས་མིད་པ་འགག་ལ་ཁད།།
རིགས་རྒྱུད་བསམ་ནས་རོ་གྱོང་སྐམ་ལ་ཁད།།
སྟོང་ལབ་བརྒྱབ་ནས་ལང་ཚོ་ཟད་ལ་ཁད།།
བླུན་པོའི་ཚོགས་ཀྱིས་ནམ་ཡང་འདེད་ལ་ཁད།།
གནས་ཡུལ་མེད་པས་མི་རྐྱང་ལྡོམ་པོ་ཡིན།།
ཆུང་མ་མེད་པས་མི་རྐྱང་ཁེར་འདུག་ཡིན།།
རྒྱུ་ནོར་མེད་པས་མི་རྐྱང་དབུལ་བོ་ཡིན།།
གཞན་སྐྱོན་གླེང་བས་མི་རྐྱང་ཉེས་ཅན་ཡིན།།
མི་རྐྱང་གླུ་བའི་མིང་ལ་རི་ལུ་ཟེར།།
ཤེས་བྱའི་གནས་ལ་འགྲིམས་ནས་ལོ་མང་འགོར།།
ད་ལྟ་ལྔ་རིག་གླིང་གི་སྐྱེད་ཚལ་ན།།
རང་གི་རིགས་དང་རུས་པ་གླེང་གིན་ཡོད།།