ཀླུ་སྨྱོན་ཧེ་རུ་ཀ
—གྲོགས་སྤྲུལ་སྐུ་དབང་ཆེན་ལགས་ནས་དབེན་གནས་ཤིག་ལ་འགྲོ་འདོད་ཆེ་ཟེར་བའི་ལན་དུ།
དབེན་པའི་གནས་ན་བྲག་ཁུང་གྲང་མོ་ཡོད། །
དབེན་པའི་གནས་ན་རྫ་ཆུ་འཁྱག་པ་ཡོད། །
དབེན་པའི་གནས་ན་འདྲེ་དང་འབྱུང་བོ་ཡོད། །
དབེན་པའི་གནས་ན་ཁེར་རྐྱང་གདུང་བ་ཡོད། །
དབེན་པའི་གནས་ན་མཛེས་མའི་ཉལ་རོགས་མེད། །
དབེན་པའི་གནས་ན་ཟ་མ་ཞིམ་པོ་མེད། །
དབེན་པའི་གནས་ན་ཀུ་ཤུའི་གློག་ཀླད་མེད། །
དབེན་པའི་གནས་ན་བདེ་སྐྱིད་སྤུ་ཙམ་མེད། །
དབེན་པའི་གནས་ན་གློག་གི་སྐུད་པ་མེད། །
དབེན་པའི་གནས་ན་དེང་རབས་དྲ་ལམ་མེད། །
དབེན་པའི་གནས་ན་ཡིག་འབྲེལ་བྱེད་ས་མེད། །
དབེན་པའི་གནས་ལ་བྲོ་བ་ཉག་ཅིག་མེད། །
དབེན་པའི་གནས་ན་ཨ་རིའི་སྒྲོ་ལོར་མེད། །
དབེན་པའི་གནས་ན་རྒྱ་མིའི་ཅ་ལག་མེད། །
དབེན་པའི་གནས་ན་བོད་ཀྱི་ཤ་མར་མེད། །
དབེན་པའི་གནས་ན་ཡིད་སྨོན་འཆོར་ས་མེད། །
དབེན་པའི་གནས་ནི་སྤྲང་པོའི་ཉལ་ས་ཡིན། །
དབེན་པའི་གནས་ནི་གང་དྲན་བྱེད་ས་ཡིན། །
དབེན་པའི་གནས་ནི་སྒོ་མེད་བཙོན་ཁང་ཡིན། །
དབེན་པའི་གནས་ལ་ཡོན་ཏན་སྣ་གཅིག་མེད། །
དབེན་པའི་གནས་ན་ཁ་བརྡ་བྱེད་ས་མེད། །
དབེན་པའི་གནས་ན་ཟ་མ་བཟའ་རོགས་མེད། །
དབེན་པའི་གནས་ན་སྐྱིད་རོགས་སྡུག་རོགས་མེད། །
དབེན་པའི་གནས་ལ་ཁྱད་ཆོས་རྡུལ་ཙམ་མེད། །
དབེན་པའི་གནས་སུ་སྨྲ་མེད་ལྐུགས་པ་ཡིན། །
དབེན་པའི་གནས་སུ་འགུལ་མེད་ནད་པ་ཡིན། །
དབེན་པའི་གནས་སུ་བསམ་མེད་ཤི་རོ་ཡིན། །
དབེན་པའི་གནས་སུ་སྡོད་པ་བེམ་པོ་ཡིན། །
དབེན་པའི་གནས་སུ་ཡོད་པ་ས་རྡོ་ཡིན། །
དབེན་པའི་གནས་སུ་ཡོད་པ་དུད་འགྲོ་ཡིན། །
དབེན་པའི་གནས་སུ་ཡོད་པ་གངས་ཆར་ཡིན། །
བདེན་པའི་གནས་སུ་རྒྱུག་འདོད་སྨྱོན་པ་ཡིན། །
དབེན་པའི་གནས་སུ་འགྲོ་འདོད་ཀླེན་རྟགས་ཡིན། །
དབེན་པའི་གནས་སུ་འགྲོ་བ་ལྐུགས་རྟགས་ཡིན། །
དབེན་པའི་གནས་སུ་བསླེབས་པ་ནོར་འཁྲུལ་ཡིན། །
དབེན་པའི་གནས་སུ་ཤི་བ་དོན་མེད་ཡིན། །
དབེན་པའི་གནས་སུ་སྐྱོ་ན་སྐྱོ་གྲོགས་མེད། །
དབེན་པའི་གནས་སུ་ན་ན་སྨན་པ་མེད། །
དབེན་པའི་གནས་སུ་ལྟོགས་ན་ཟ་མ་མེད། །
དབེན་པའི་གནས་སུ་སྐྲག་ན་སྐྱབས་གནས་མེད། །
དབེན་པའི་གནས་སུ་སྐྱོ་འཇིགས་ན་གསུམ་ཡོད། །
དབེན་པའི་གནས་སུ་ལྟོགས་སྐོམ་འཁྱག་གསུམ་ཡོད། །
དབེན་པའི་གནས་སུ་བདུད་འདྲེ་སྲིན་གསུམ་ཡོད། །
དབེན་པའི་གནས་སུ་མི་དགོས་སྣ་དགུ་ཡོད། །
དབེན་པའི་གནས་སུ་མི་འགྲོའི་མནའ་ཞིག་སྐྱོལ། །
དབེན་པའི་གནས་སྐོར་མི་གླེང་དམ་ཞིག་ཆོས། །
དབེན་པའི་གནས་ལ་མི་བསྔག་ཁས་ཤིག་ལོངས། །
དབེན་པའི་གནས་ཚུལ་གླེང་བར་གནོངས་ཤིག་སྐྱེད། །
དབེན་གནས་སྒྲུབ་པའི་རྒྱལ་མཚན་བཙུག་ས་རེད། །
དབེན་པར་འདུ་འཛི་མེད་པས་དོན་ཡོད་འགྱུར། །
སྤྲུལ་སྐུ་དབང་ཆེན་དབེན་སར་ཕེབས་པ་ལ། །
ཀླུ་སྨྱོན་སྤྲུལ་སྐུས་བཀག་དོན་གང་ཡིན་ནམ། །
ཨ་ཨ་ཨ་ ཀླུ་སྨོན། ད་ངོ་མ་་་་་་་་་་་་་་ད་མི་བཤད། ལ་མོ་ཚང་གི་རྒྱན་རེད་དམ་ཞབས་འདྲེན་རེད་་་་་་་་
ཉི་མས་དྲོད་ཀྱིས་སྐྱོང་ས་ན།
ཉི་གློག་ཡོད་པ་མ་ཤེས་ཟིག།
ས་སྐར་མཁའ་ལ་གཏོང་ས་ན།
བརྡ་རླབས་ཡོད་པ་མ་ཤེས་ཟིག།
བླ་རྒན་མགོ་འཐོམ་རླིག་པ་གཉའ་འཐོམ་འདི།
མེད་དགུ་སྡུག་དགུ་འདོན་པའི་བྱང་ཆུབ་པ།།
ཐོས་བརྩོན་སྒོམ་སྒྲིབ་མེད་པའི་གཏོ་ཆོག་པ།།
ས་སྒང་གང་ན་ཡོད་ན་སེམས་རེ་སྐྱོ།
ལྷ་སའི་ཇོ་བོ། རྩེད་མཚར་དུ་འབྲི་ཤོར་སོང་བ་ཙམ་ལས་གཞན་ཅི་གང་མེད། བླ་རྒན་རླུང་གིས་མ་འགྱོག་རོགས
དབེན་པའི་གནས་ན་རང་བྱུང་ཁང་ཁྱིམ་ཡོད།།
དབེན་པའི་གནས་ན་སྙོག་མེད་བསིལ་ཆབ་ཡོད།།
དབེན་པའི་གནས་ན་ཡིད་ཆད་འཁོན་པ་མེད།།
དབེན་པའི་གནས་ན་རང་ཉིད་རང་རྒྱལ་ཡིན།།
འདི་ཡང་དབེན་པའི་ཡོན་ཏན་བརྗོད་ཚུལ་མ་འདྲ་བ་ཞིག་རེད། ཆོས་པ་རྣལ་མ་ཞིག་ཡིན་ན་དབེན་གནས་འདི་འདྲ་ཞིག་དགོས་ཞེས་བཟློག་པའི་ཚུལ་དུ་བརྗོད་པ་མ་ཡིན་ནམ།
དབེན་པའི་གནས་ན་མཛེས་མར་ལྟ་ས་མེད། །
དབེན་པའི་གནས་ན་སྙིང་གཏམ་གླེང་ས་མེད། །
དབེན་པའི་གནས་ན་ནུ་མར་འཕུར་ས་མེད། །
དབེན་པའི་གནས་ལ་མ་འགྲོ་སྐུ་ཞབས་ལགས། །
དེང་རབས་གྲོང་ཁྱེར་མཛེས་མས་བསྐོར་ནས་ཡོད། །
དེང་རབས་གྲོང་ཁྱེར་ཅ་ལག་གང་དགོས་ཡོད། །
དེང་རབས་གྲོང་ཁྱེར་ཟ་མ་གང་འདོད་ཡོད། །
དེང་རབས་གྲོང་ཁྱེར་བསྐྱུར་ནས་མ་ཕེབས་ལགས། །
སྐུ་ཞབས་ཕལ་ཆེར་གྲོང་ཁྱེར་ཉུལ་ལ་དགའ། །
སྐུ་ཞབས་ཕལ་ཆེར་བུ་མོར་འགྲོགས་ལ་དགའ། །
སྐུ་ཞབས་ཕལ་ཆེར་དྲྭ་རྒྱར་འཛུལ་ལ་དགའ། །
སྐུ་ཞབས་དབེན་པར་འགྲོ་འདོད་གླེན་རྟགས་རེད། །
ད་དངོས་གནས་རྒན་རབས་སྙན་ངག་པ་ཨ་རིའི་གྲོང་ན་སེམས་ནད་འདྲ་ཞིག་སླེབས་ཡོད་ཚོད་ཡིན་ས་རེད།།།།
དབེན་པའི་གནས་ན་བག་མེད་ཟ་བཏུང་མེད། །
དབེན་པའི་གནས་ན་དབང་པོ་རྒོད་ས་མེད། །
དབེན་པའི་གནས་ན་ནང་སེམས་ཞི་བདེ་ཡོད། །
དབེན་པའི་གནས་ན་རང་གཞན་དོན་ཀུན་ཡོད། །
སྤྲུལ་སྐུ་དབང་ཆེན་དབེན་གནས་ལ་ཕེབས་ན། རྡོའི་གྲུབ་རྒན་གྱིས། དབེན་པ་བརྟེན་ཀྱང་རང་རྒྱུད་ཤིང་ལྟར་རེངས། །ཞེས་པ་དེ་འདྲ་ཞིག་མ་བྱས་ན་བཟང་།
དབེན་པའི་གནས་ན་ནུས་མེད་བླ་རྒན་མང་།།
དབེན་པའི་གནས་ན་འཇོན་མེད་སྔགས་འཆང་མང་།།
དབེན་པའི་གནས་ན་མི་འཁྱོངས་དགེ་བརྙན་མང་།།
དབེན་པའི་གནས་ལ་མ་འགྲོ་འཇིག་རྟེན་སྐྱོངས།།
འཇིག་རྟེན་བསྐྱངས་པ་སྔོན་ཐོན་མི་རིགས་ཡིན།།
འཛིག་རྟེན་བསྐྱངས་པ་རང་འགན་རང་ཐེག་ཡིན།།
འཛིག་རྟེན་བསྐྱངས་པ་མི་རིགས་གསར་པའི་རྒྱན།།
འཛིག་རྟེན་བསྐྱངས་པ་དེང་རབས་བློ་ཅན་ཡིན།།
གནས་དབེན་རི་སྐྱིད་པའི་ཉི་མ་ཤར། །
སྐུ་མི་འགྱུར་བསླབ་གསུམ་རྒྱན་གྱིས་མཛེས།།
གསུང་མི་འགག་བདེན་གཉིས་ཆོས་སྒྲ་སྒྲོགས།།
ཐུགས་མི་འཁྲུལ་འོད་གསལ་སྙིང་པོ་རྟོགས།།
སྐྱབས་དྲན་མཆོག་རྣམས་ལ་སྙིང་ནས་འདུད།།
མི་ཡོད་མེད་མཐོང་གྲོལ་མིང་ཅན་ངེས།།
གནས་དབེན་རི་སྐྱིད་པའི་ཉམས་ཤར་ནས།།
གྲགས་སྟོང་སྙན་པའི་གླུ་ཞིག་ལེན།།
རྗེས་འབྲེང་རྣམས་ཀྱིས་གསན་པར་ཞུ།།
འབྲི་ལུང་དཔལ་གྱི་ཡང་དབེན་འདིར།།
རི་སྟོད་སྤང་རི་བརྗིད་ཆགས་ཤིང།།
སྤོ་མཐོན་གསེར་གྱི་མདོག་འདྲ་འདི།།
རྣལ་འབྱོར་སོ་ཐར་ལམ་ཞུགས་ནས།།
གཞན་གནོད་གཞི་བཅས་སྤངས་པའི་བརྡ།།
རི་སྐད་སྨན་སྤོས་མེ་ཏོག་འཚོགས།།
ལོ་འདབ་རྒྱས་ཤིང་འབྲས་བུ་སྨིན།།
རྣལ་འབྱོར་ཕར་ཕྱིན་ལམ་བསྒྲོད་ནས།།
བླ་མེད་འབྲས་བུ་ཐོབ་པའི་བརྡ།།
རི་མཐའ་ཆུ་མིག་ལྡིང་ཀ་འཁྱིལ།།
རྡུལ་སྙོགས་དྲི་མ་མེད་པ་དེ།།
རྣལ་འབྱོར་བལྟ་སྤྱོད་རྣམ་དག་ཅིང།།
བྱང་ཆུབ་ཆུ་རྒྱུན་འབྲུག་པའི་བརྡ།།
དྲང་སྲོང་དཀའ་ཐུབ་མཛད་པ་རྣམས།།
གནས་དབེན་རི་བསྟན་ན་ངོ་མཚར་ཆེ།།
ཡང་ཞིག་གསོན་དང་གླུ་ཞིག་ལེན།།
ཀུན་ཤོངས་ནམ་མཁའ་ཡངས་པ་འདི།།
རྒྱ་ཆད་ཕྱོགས་ལྷུང་མཐའ་དང་བྲལ།།
དེ་རྣལ་འབྱོར་གཞི་ཡི་ལྟ་བ་དེ།།
རྟག་ཆད་མཐའ་དང་བྲལ་འདི། །
འདུའི་འཕྲོ་མ་གསལ་བར་ཆད་བྲལ།།
བར་སྣང་ཉི་ཟླའི་འཁོར་ལོ་འདི།།
འོད་ཀྱིས་སྲིད་པའི་མུན་སྨག་སེལ།།
ལམ་སྒོམ་པ་འོད་གསལ་རང་ཤར།།
བྱིང་རྨུག་སྒྲིབ་པ་དག་པའི་བརྡ།།
སྤྲིན་དང་ཁུ་རླངས་འཇའ་མཚོན་རྣམས།།
མཁའ་ལས་བྱུང་ཞིང་མཁའ་ལ་ཐིམ།།
དེ་རྣལ་འབྱོར་ཉམས་སྣང་རྫུན་རིས་ཡལ།།
བློ་འདས་བརྗོད་བྲལ་རྟོགས་པའི་བརྡ།།
ཡང་ཟབ་བླ་མེད་ལམ་ཞུག་རྣམས།།
གནས་དབེན་པར་བསྒོམ་ན་ངོ་མཚར་ཆེ།།
ཡང་ཞིག་གསོན་དང་གླུ་ཞིག་ལེན།།
རི་མཐར་བྲག་དམར་རྩེ་མཐོ་ལ།།
བྱ་རིགས་སྣ་ཚོགས་འཕུར་ཞིང་བརླབས།།
རྣལ་འབྱོར་སྔགས་ཀྱི་ལམ་ཞུགས་རྣམས།།
འཁོར་བ་རླབས་ཀྱིས་གཅོད་པའི་བརྡ།།
རི་སྐད་རྩི་ཤིང་ལྗོན་ཚལ་ཕྱུགས།།
རྩ་ལག་ཡ་ག་ལོ་འབྲས་སྨིན།།
རྣལ་འབྱོར་དབང་བཞིའི་དོན་ལྡན་ཤིང།།
རྣམ་བཞིའི་ས་བོན་ཐེབས་པའི་བརྡ།།
རི་རྩེ་གངས་དཀར་རྩེ་རྒྱལ་ལ།།
སེང་ལྕམ་མ་བུ་རྩེ་ཞིང་འཆོང།།
རྣལ་འབྱོར་སྐུ་བཞི་མངོན་གྱུར་ནས།།
རྣམ་བཞིའི་འགྲོ་དོན་གྲུབ་པའི་བརྡ།།
གསང་སེམས་ཟུང་འཇུག་རྣལ་འབྱོར་རྣམས།།
གནས་དབེན་པ་བསྟོན་དང་ངོ་མཚར་ཆེ།།
རྗེ་བཙུན་ཨ་ཕྱི་ཆོས་སྒྲོན་དང།།
མཁས་པ་ཀླུ་སྨྱོན་ཞལ་རྩོག་དང།།
གྲུབ་ཐོབ་ནམ་མཁའི་རྣལ་འབྱོར་དང།།
རིག་འཛིན་མཁའ་འགྲོ་གླིང་པ་རྣམས།།
གནས་ཆེན་གཡའ་རི་གངས་ཁྲོད་དུ།།
བརྟུལ་ཞུགས་སྤྱོད་པས་འགྲོ་དོན་མཛད།།
གསང་སྒོམ་ཚེ་དབང་སྙིང་པོ་དང།།
དཀའ་ཐུབ་ཉི་མ་རྒྱལ་མཚན་དང།།
མཆོག་སྤྲུལ་ཨོ་རྒྱན་ཉི་མ་རྒྱལ།།
དྲན་པ་དངོས་བྱོན་བསྟན་པའི་མཚན།།
པད་འབྱུང་རྒྱལ་ཚབ་གསང་སྔགས་གླིང།།
དྲིན་ཆེན་རྩ་བརྒྱུད་རིམ་བྱོན་རྣམས།།
གཡའ་རི་གངས་བྲག་མཚོ་གླིང་དུ།།
ཉམས་རྟོགས་མཐར་ཕྱིན་འགྲོ་དོན་མཛད།།
བུས་ཕ་རྗེས་ཟིན་པར་བྱིན་གྱིས་རློབས།།
རྗེ་བླ་མས་རྣམ་ཐར་དྲན་ཙ་ན།།
དགྲ་ཀུ་ཤུ་ཡིད་སྨོན་མི་ཤོར་བར། །
ཡིད་མོས་གུས་དུང་ངེར་སྐྱོ་བ་སྐྱེས།།
སྐབས་འདུ་འཛི་དབེན་པའི་རི་སུལ་དུ།།
གནས་ངོ་མཚར་ཆེ་བའི་གླུ་ཞིག་བླང།།
འདི་མཐོང་དང་ཐོས་པའི་འགྲོ་བ་ཀུན།།
གནས་ངེས་མེད་གཡའ་རི་གངས་ཁྲོད་བསྟེན།།
དོན་ཐིག་ལེ་ཉག་གཅིག་རྟོགས་པར་སྨོན།།
སྤྲུལ་དབང་ཆེན་མ་འདུག་མྱུར་ཕེབས། །
དཔལ་ཧེ་རུ་ཀ་པའི་ལུང་བསྟན་ལ། །
ཐབས་མཁས་པས་ངེས་ཤེས་ཡོད་པར་མཛོད། །
མ་ཨ་ཕྱི་རྒན་མོའི་ཁ་ཏ་ཡིན། །
བུ་བསམ་ཤེས་ཚོ་ལ་སྙིང་ནས་གདམས། །
དབེན་པའི་གནས་སུ་རང་སེམས་དཀྲུགས་མཁན་མེད། །
དབེན་པའི་གནས་སུ་བཟོད་པ་སྒོམ་ཡུལ་མེད། །
དབེན་པའི་གནས་སུ་མཛེས་མ་མཐོང་ཡ་མེད། །
དབེན་པའི་གནས་ནས་བསྡོམ་པ་ཤོར་དོགས་མེད། །
དབེན་པའི་གནས་སུ་འབྱོར་ལྡན་ཕྱུག་བདག་མེད། །
དབེན་པའི་གནས་སུ་ཕྲག་དོགས་སྐྱེས་ཡུལ་མེད། །
དབེན་པའི་གནས་སུ་གཤེས་གཉེན་དམ་པ་མེད། །
དབེན་པའི་གནས་སུ་ཐར་ལམ་བསྟོན་མཁན་མེད། །
དབེན་པའི་བརྩེ་བའི་སྙིང་སྡུག་མེད། །
དབེན་པའི་གནས་སུ་རང་ཕྱོགས་ཆགས་པ་མེད། །
དབེན་པའི་གནས་སུ་དགྲ་བགེགས་འབྱུང་པོ་མེད། །
དབེན་པའི་གནས་སུ་གཞན་ཕྱོགས་སྡང་བ་མེད། །
དབེན་པའི་གནས་སུ་འདོད་པའི་ཡོན་ཏན་མེད། །
དབེན་པའི་གནས་སུ་མི་འདོད་སྡུ་བསྔལ་མེད། །
དབེན་པའི་གནས་སུ་དགྲ་གཉེན་ཕྱོགས་རིས་མེད། །
དབེན་པའི་གནས་སུ་རང་རྒྱལ་གཞན་ཕོམ་མེད། །
དབེན་པའི་གནས་སུ་བླ་ལོག་སྤྲུལ་ལོག་མེད། །
དབེན་པའི་གནས་སུ་ཚུལ་འཆོས་མཁན་པོ་མེད། །
དབེན་པའི་གནས་སུ་སྨྱོན་པའི་མིང་ཅན་མེད། །
དབེན་པའི་གནས་སུ་དྲ་བའི་འབུ་སྲིན་མེད། །
དབེན་པའི་གནས་སུ་དགེ་བསྐོས་མཁན་པོ་མེད། །
དབེན་པའི་གནས་སུ་དཔོན་པོ་གཡོག་པོ་མེད། །
དབེན་པའི་གནས་སུ་ལྐོག་ཟ་རུལ་སུང་མེད། །
དབེན་པའི་གནས་སུ་ཁྱོད་ཤུ་ང་བསོན་མེད། །
དབེན་པའི་གནས་སུ་སྐྱིད་པོ་ཡོད་རབས་བཤད་ཀྱང་འདུག་མཁན་མེད།
དབེན་པའི་གནས་སུ་ཉམས་རྟོགས་རྒྱས་རབས་བཤད་ཀྱང་བསྒོམ་མཁན་མེད།
དབེན་པའི་གནས་སུ་ཕུན་སུམ་ཚོགས་རབས་བཤད་ཀྱང་འགྲོ་མྱོངས་མེད།
དབེན་པའི་གནས་སུ་ལྷ་བླས་བྱིན་རླབས་སྩོལ་རབས་བཤད་ཀྱང་ཐོབ་མཁན་མེད།
དབེན་པའི་གནས་ལ་བསྟོད་མི་མང་ཀྱང་བརྒྱ་གྲོང་འགྲིམས།
དབེན་པའི་གནས་ལ་དགའ་རབས་བཤད་ཀྱང་གྲོང་ནག་འཁྱམས།
དབེན་པའི་གནས་ལ་ཡོད་རབས་བཤད་ཀྱང་ཟང་ཟིང་དགའ།
དབེན་པའི་གནས་ལ་ལེགས་རབས་བཤད་ཀྱང་ངེས་འབྱུང་མེད།
དབེན་གནས་རི་ཁྲོད་འགྲིམ་པར་བྱིན་གྱི་རློབས།
བོད་པའི་སྤྲུལ་སྐུ་ཡོངས་རྫོགས་དབེན་གནས་ལ་ཕེབས་རོགས། སྤྲུལ་སྐུ་བཞུགས་ས་དབེན་གནས་ཡིན།
གཞང་ཁང་ཆང་ཁང་མ་གཏོགས་པ། །
དབེན་གནའ་འགྲིམ་པར་མི་ནུས་པའི། །
སྤྲུལ་གོག་འདི་ཚོར་གྲོང་ཚོ་དགུའི། །
སྐྱག་པ་རློན་པའི་མཆོད་པ་འབུལ། །
ཧ་མེ་ཏོག་གིས་སྤྲུལ་གོག་སྤྲུལ་རྫུས་བླ་རྫུས་གྲུབ་རྫུས་དགེ་རྫུས་རྣམས་ལ་གསང་བའི་མཆོད་པ་ཞིག་ཕུལ་འདུག
དབེན་གནས་ཐོས་འབྱུང་འོངས་ས་རེད། །
དབེན་གནས་བསམ་འབྱུང་རྒྱས་ས་རེད། །
དབེན་གནས་སྒོམ་འབྱུང་བརྟན་ས་རེད། །
དབེན་གནས་ཁ་རྡར་ཡོང་ས་རེད། །
མཐོན་པོའི་ཁྲི་ལ་འགྱིང་ནས་དབེན་གནས་སྐྱིད་རབས་བཤད།
ཤ་ཆང་ཟས་སུ་རོལ་ཅིང་དབེན་གནས་ལེགས་རབས་བཤད།
ཅི་མཛེས་ཅི་ལེགས་གོན་ནས་དབེན་གནས་ཡག་རབས་བཤད།
བཟའ་ཉོག་མཐའ་ནས་བསྐོར་བཞིན་དབེན་གནས་འགྲིམ་དགོས་བཤད།
དབེན་གནས་ལེགས་རབས་ཁ་ནས་ཤོད་རྒྱུ་མ་ཡིན་པར།
ལུས་སེམས་དབེན་པའི་གནས་སུ་འགྲོ་བའི་དུས་ལ་བབ།
དབེན་པའི་གནས་སུ་འགྲོ་བར་ཆགས་སྡང་བདུད་རྣམས་སྤོང།
དབེན་པའི་གནས་སུ་འགྲིམ་པར་འཁོར་གཡོག་འདུ་འཛི་སྤོང།
དབེན་པའི་གནས་སུ་འདུག་པར་མཐོན་པོའི་ཁྲིར་འཛེགས་སྤོང།
དབེན་པའི་གནས་ཞིག་འདོད་ན་ཆོས་ལུགས་རུ་ཏྲ་སྤོང།
དེ་ལྟར་མེད་ན་དབེན་གནས་འགྲིམས་ཀྱང་རི་དྭགས་འདྲ།