གཡུང་དྲུང་ཚེ་བརྟན།
ཁྱེད་རང་ཁ་བརྡ་དང་དུས་བབ་དྲ་ངོས་ཀྱི་ཡི་གེ་བཀླགས་མྱོང་མཁན་ཞིག་ཡིན་ན། ཡང་ན། ཁྱེད་རང་ཁ་བརྡ་དང་དུས་བབ་དྲ་ངོས་ལ་བསམ་ཚུལ་ཡི་གེ་འབྲི་མཁན་ཞིག་ཡིན་ན། ད་དུང༌། ཁྱེད་རང་ཁ་བརྡ་དང་དུས་བབ་དྲ་ངོས་ཀྱི་ཟིན་བྲིས་པ་ཞིག་ཡིན་ན། གཤམ་གྱི་སྐད་ཆ་འདིས། ཁྱེད་ལ་ཕོག་ཐུག་ཅིག་གཏོང་ངེས་ཡིན། དེ་ནི། ཁྱེད་རང་ཚོར་དབྱེ་མཚམས་ཤིག་ཕྱེས་ཡོད་པས་ཡིན།
ང་ནི་ཀློག་མཁན་དཀྱུས་མ་ཞིག་ཡིན། ཁྱེད་ཚོས་གང་བྲིས་པ་ཕལ་ཆེ་བ་བཀླགས་མྱོང་མཁན་ཞིག་ཡིན། ད་ནི་བསམ་ཚུལ་ཞིག་སྤེལ་འདོད་བྱུང༌། གང་ཡིན་ལབ་ན། ཁྱེད་རང་ཚོ་རྩོམ་ཡིག་འབྲི་མཁན་རེད། ང་ནི་ཀློག་མཁན་དཀྱུས་མ་ཞིག་རེད། ཡིན་ནའང༌། ཁྱེད་ཚོས་སྤེལ་བའི་རྩོམ་ཡིག་མང་པོ་ཞིག་གིས་ཀློག་པའི་ཡི་ག་འདི་ཇེ་ཆུང་ལ་གཏོང་གི་འདུག དཔེར་ན། ད་ལྟའི་ཀློག་མཁན་ཚོའི་ཁྲོད་ན་དུས་རྒྱུན་གླེང་བཞིན་པའི་གནད་དོན་གསུམ་འདུག
དང་པོ་ནི། ཁ་བརྡ་དྲ་ཐོག་གི་ཡི་གེ་བ་ཚོར་སྐད་ཡིག་གི་རྨང་གཞི་མཐུག་པོ་ཡོད་པ་དང་དུས་བབ་དྲ་ཐོག་གི་ཡི་གེ་བའི་ནང་ན་དགེ་འདུན་རབ་གསལ་དང༌། ཁ་བ་དཀར་པོ། ལུང་རིགས། བོན་བརྒྱ་བསྟན་འཛིན་རབ་རྒྱས་བཞི་པོ་མེད་པའི་དབང་དུ་བཏང་ན། བྱིས་པ་ལོ་ཆུང་གི་རྩེད་ར་ཞིག་གི་རྣམ་པ་ཙམ་ལས་གཞན་ཅི་ཡང་མི་འདུག་ཟེར་བ་འདི་རེད།
གཉིས་པ་ནི། ཁ་བརྡ་དྲ་ཐོག་གི་ཡི་གེ་བ་མང་ཆེ་བ་བལྟ་རྒྱ་དང་ཐོས་རྒྱའི་ཀློང་ན་འགྱིང་བཞིན་པ་སྐོར་ཞིག་རེད། དུས་བབ་དྲ་ཐོག་གི་ཡི་གེ་བ་ཚོ་ནི། ཐ་སྙད་ཀྱི་མུ་གེའི་ཀློང་ན་འཁྱམ་ནས་ཡོད་མཁན་དང་སེམས་ཚོར་ཙམ་སྤེལ་སྡོད་མཁན་སྐོར་ཞིག་རེད་ཟེར་བ་འདི་རེད།
གསུམ་པ་ནི། ཁ་བརྡ་དྲ་ཐོག་གི་ཡི་གེ་བ་ཚོས་གནད་དོན་ཅིག་གླེང་སློང་བྱེད་ཀྱི་འདུག དུས་བབ་དྲ་ཐོག་གི་ཡི་གེ་བ་ཚོས་སེམས་ཚོར་ཞིག་སྤེལ་ནས་བསྡད་འདུག་ཟེར་བ་འདི་གསུམ་རེད།
དབྱེ་ཞིབ་ན་ན་ཏན་བྱས་པ་ཡིན་ན། གོང་གི་བཤད་སྟངས་འདིའི་ནང༌། བདེན་པའི་ཆ་དང་རྫུན་གྱི་ཆ་གཉིས་ཀ་ཡོད་སྲིད་པ་ཞིག་རེད། ཡིན་ནའང༌། བརྒྱ་ཆ་བདུན་ཅུ་ནས་བརྒྱད་ཅུ་ནི་འདི་ལས་འདའ་འགྲོ་ས་གཞན་མེད་པ་དྲ་ངོས་ཀྱི་ཡི་གེ་བ་ཚོས་ཀློག་མཁན་ཚོའི་མིག་ལ་བཤམས་ནས་འདུག་པ་འདི་རེད། དེར་ང་ཚོས་ཁས་ལེན་མི་བྱེད་སྙམ་ནའང༌། རྒྱུ་མཚན་ཚད་ཐུབ་མེད། དཔེར་ན། དུས་བབ་ཀྱི་དྲ་ངོས་ལ་གསར་འགྱུར་སྤེལ་མཁན་དང༌། ཟིན་བྲིས་སྤེལ་མཁན། བསམ་ཚུལ་འདོན་མཁན་མང་ཆེ་བ་སེམས་ཚོར་སྤེལ་མཁན་དང༌། ད་དུང་དེའི་ནང་གི་མང་ཆེ་བ་ནི་ཡིག་ནོར་སྤེལ་མཁན་ཡིན་པ་ནི། གཞི་རིམ་གྱི་རྨང་གཞི་དང༌། ད་ལྟའི་ཁྱེད་ཚོའི་ཡི་གེས་ཁ་གྲག་པའི་གནད་སྟངས་རེད། ད་ལྟ་གོང་ནས་མི་བཞི་བགྲངས་པ་དེའི་སྟེང་ལ་གསར་དུ་སྣོན་འདེབས་བྱེད་དགོས་ངེས་ཀྱི་ཟིན་བྲིས་པ་གཅིག་ཡོད་པ་ནི། བསེ་རུ་ལགས་རེད། འདི་ལྔ་ལས་གཞན་མང་ཆེ་བ་ཡིག་ནོར་སྤེལ་མཁན་རེད་སྟབས། སྐད་ཡིག་གི་རྨང་གཞི་བརྟན་པོ་མེད་མཁན་རེད་ལབ་ནའང་ཐལ་བར་མི་འགྱུར་བ་ལྟ་བུར་འདུག
འདི་ལྟར་བཤད་པས་ཡིད་ཆེས་མི་བྱེད་མཁན་ཡང་ཡོང་སྲིད། དེ་བས་འདིར། བདེན་པའི་རྟགས་ཀྱིས་ངོ་སྤྲོད་ཞུ་རྒྱུར། ད་ལྟ་དུས་བབ་དྲ་ངོས་ཀྱི་གསར་འགྱུར་གསར་ཤོས་༼ལྷ་སའི་ཞོ་སྟོན་༽ཞེས་པའི་ནང༌། ཉེ་༼ཁོར༽ ཁེ་བཟང་༼ལན་པ༽ གནས་ཚུལཱ་མདོ་༽བསྡུས། བོད་ཟླ་བདུན་པའི་ནང་བོད་ལ་ཞོ་༼འཕེལ༽ཞིང་ལེགས་པའི་སྐབས་ཡིན༼པ༽ན། ལྟ་བུའི་ཡིག་ནོར་སྤེལ་བ་ནི་རྒྱུན་ལྡན་གྱི་སྣང་ཚུལ་ཞིག་རེད།
འབོད་སྐུལ། ང་རང་གི་རེ་བ་ཆེ་ཤོས་ཞུ་འདོད་པ་གཅིག་ནི། བོད་ཀྱི་དུས་བབ་དྲ་སྟེང་གི་ཡི་གེ་བ་ཚོས། སེམས་ཚོར་གྱི་མུར་སེམས་ཚོར་སྤེལ་ནས་མི་འདུག་རྒྱུ་དེ་དང༌། གནད་དོན་ཆེ་ཆུང་ལ་གླེང་སློང་བྱེད་རོགས་ཞུ་རྒྱུ་དང༌། ནང་སྒོས་སུ་དུས་བབ་དྲ་སྟེང ་ལ་གནད་དོན་གལ་ཆེན་ཡི་གེར་བཀོད་པའི་རྩོམ་ཡིག་འགོད་ཀྱི་འདུག་པ་དེ་ཚོའི་མཇུག་ཏུ། ཡི་གེ་བ་ཚོས་མཆན་འདེབས་ཤེས་ཀྱི་མེད་པ་ཡིན་ན་གནས་ཚུལ་ཁ་ཁ་རེད། ཚང་མས་ཐུགས་བསམ་བཞེས་དགོས་པ་ཞིག་ཏན་ཏན་རེད་སྙམ། མཇུག་ཏུ་ཚང་མ་ལ་ཞུ་འདོད་པའི་ཚིག་གཅིག་ཡོད། དྲ་ངོས་ཀྱི་ཡི་གེ་བ་ཚོ། ང་ཚོ་ཀློག་མཁན་ཚོས་ཁྱེད་ཚོའི་ཡི་གེ་ཀློག་གིན་ཡོད། སྐུ་དྲིན་ཞིག་སྐྱོང་རོགས། ང་ཚོས་ཡིན་ནོར་མེད་པའི་ཡི་གེ་རེ་ཀློག་ན་འདོད་ཀྱི་འདུག སྐུ་དྲིན་ཞིག་སྐྱོངས་གནང་རོགས། ཡིག་ནོར་མ་སྤེལ་རོགས། ཐུགས་རྗེས་གཟིགས། ཐུགས་རྗེས་གཟིགས།
སྐུ་ཉིད་ཀྱི་རྩོམ་ཡིག་འདི་གནས་དངོས་དོན་ལ་གནས་པ་ཞིག་རེད།
སྐུ་ཞབས་གཡང་དྲུང་ཚེ་བརྟན་ལགས་ཀྱི་རྩོམ་ཡིག་འདི་འདྲ་སྤེལ་བ་གལ་ཆེན་པོར་མཐོང་སོང་། དེང་སང་མི་ཚང་མར་ཚད་དང་ཚོད་མེད་པར་བོད་ཡིག་དྲ་ཚིགས་དག་གི་ནང་གང་ཟག་སྒེར་ལ་གནོད་གཞིའི་ཚིག་མཚོན་འཕེན་པ་དང་། ཕྲན་དང་རྣམ་དབྱེ་མི་ཤེས་པའི་རྩོམ་པ་པོ་མང་དུ་འཕེལ་བཞིན་པ་འདི་བོད་ཀྱི་རིག་གནས་ཡར་རྒྱས་ཀྱི་བར་ཆད་ལྟ་བུ་ཞིག་ཀྱང་རེད། དངོས་གནས་ཁ་བ་དཀར་བོ་ཚང་དང་ཨ་ཁུ་བོན་རྒྱ་རྣམ་གཉིས་ཀྱིས་རྩོམ་ཡིག་རེ་སྤེལ་ན་ཚིག་དོན་གང་ནའང་གོ་རྒྱུ་རེ་འདུག་མ་གཏོགས། གཞན་དག་ཚང་མ་འུར་འདྲོགས་ཙམ་ཞིག་ལས་ཅི་ཡང་ལེན་རྒྱུ་མེད་པར་མཐོང་སོང་། རྩོམ་པ་པོར་རློམ་པའི་མི་ཁ་ཤས་ལ་ང་ཚོ་ཀློག་པ་པོ་ཞིག་གི་ཤེས་ཚད་ལས་ཀྱང་སྐྱོ་ནའང་། ད་དུང་རྩོམ་པ་པོ་ཡིན་ཟེར་ནས་མགོ་བོ་མཐོ་མཐོ་བྱེད་ཀྱིན་འདུག དགོད་བྲོ་བ་ཞིག་ལ་ལུང་རིགས་རྒྱལ་གྱིས་ཚགས་པར་དང་དྲ་ཚིགས་གཉིས་ཀྱི་ནང་ཡིག་ནོར་གཡག་རོ་འདྲ་བ་རེ་བྲིས་རྗེས། ད་དུང་གཞན་ལ་འཛུབ་མོ་ཀེར་ནས་ཡིག་ནོར་འབྲི་ཡི་འདུག་ཅེས་བཀའ་རྒྱ་ལྟ་བུ་སྒྲོག་གིན་འདུག བཤད་སྲོལ་ཞིག་ལ”གཞན་ལ་ལྟ་བའི་མིག་ཡོད་ཀྱང་། རང་ལ་བལྟ་ན་མེ་ལོང་དགོས”ཞེས་པའང་ཅིས་མི་བདེན། ཉེ་སྔོན་མེ་ཟེར་བ་ཞིག་དང་ལུང་རིགས་རྒྱལ་གཉིས་ཀྱིས་ཁོང་གཉིས་ཀས་ཁོང་གཉིས་ལ་བཅར་འདྲ་ཞིག་བྱས་ཏེ་ཡིག་ནོར་འབྲི་མཁན་ནི་ཁོང་གཉིས་མིན་པར་གཞན་དག་ཡིན་པའི་ཉེས་འཛུགས་ལྟ་བུ་བྱས་ནས། བོད་ནང་གི་ཧི་གཟུགས་ཟིན་བྲིས་སུ་སྤེལ་འདུག་མོད་། བདག་གིས་ཀྱང་བདེན་པར་བསམས་ཏེ་ཁོང་གཉིས་ཀྱི་རྩོམ་ཡིག་དང་མཆན་བུ་ཚོར་བལྟས་ཡོང་དུས་ཁོང་གཉིས་ཀའང་གཞན་དག་ཚོ་ནང་བཞིན་ཡིག་ནོར་སྤེལ་བའང་ཧ་མི་གོ་བའི་རིགས་ཤིག་རེད་འདུག ངས་བཤད་འདོད་པ་དེ་ཁྱེད་རྩོམ་པ་པོ་བྱ་རྒྱུར་དགའ་མཁན་ཚོས་སོ་སོའི་མཐོང་ཐོས་མྱོང་གསུམ་རེ་འབྲི་བར་སྤྲོ་ན་ཡིག་ནོར་ལ་ངེས་པར་དུ་གཟབ་གཟབ་བྱ་དགོས། འདི་ལྟར་དུས་ཡུན་རིང་མོ་ཞིག་བརྒྱུད་དགོས་ན་ངའི་བྱིས་པ་ཚོའི་འདུན་ལམ་བརླག་པར་ཞེ་སྣང་འདུག
ཕྲན་གྱིས་ཀྱང་འདི་ལ་ཚིག་གཉིས་ཞུས་ཆོག་པ། དང་པོ་དེ་ལུང་རིགས་ཀྱི་སྐོར་དེ་ཡིན། ལུང་རིགས་ཀྱིས་ཡིག་ནོར་བྲིས་པ་ང་ལ་དོ་སྣང་མ་བྱུང་། འོན་ཀྱང་ལུང་རིགས་ཀྱིས་ཕྱག་ལས་རླབས་ཆེན་གནང་བཞིན་པ་དེ་ང་ལ་རྒྱུས་མངའ་གསལ་པོར་ཡོད། ལུང་རིགས་དང་འདྲ་བའི་ལས་ཀའི་གྲུབ་འབྲས་འཁྱེར་ནས་ལུང་རིགས་ལ་སྐྱོན་བརྗོད་བྱས་ན་ཧ་ཅང་འོས་འཚམས་རེད་དྲན། སོ་སོ་ལ་སྟོན་རྒྱུ་མེད་པར་མི་ལ་སྐྱོན་བརྗོད་བྱེད་པ་ནི་འོས་པོ་ཡིན་མིན་ཆ་མ་འཚལ།
གཉིས་པ་ནི་ དག་ཆའི་སྐོར་ཡིན། དག་ཆ་ཡག་པོ་དགོས་པ་ནི་བཤད་མ་དགོས། རྒྱན་རེད། འོན་ཀྱང་དག་ཆ་ལས་དོན་དག་གལ་ཆེ། དོན་དག་ཡོད་ཚེ་དག་ཆ་ལ་ཞེད་ནས་སྦས་ན་ནི་གྱོང་རེད་དྲན། ཞོར་དུ་ཞུ་རྒྱུ་ཞིག་ལ། ང་ལ་དགེ་གྲོགས་ཤིག་ཡོད། ཁོས་ཉེ་ཆར་དབྱིན་ཇིའི་མཐོ་སློབ་ཀྱི་འཛིན་གྲྭ་ཞིག་ལ་ཡིག་ཚད་བཏང་། དྲི་ཤོག་མཐོང་ནས་མགོ་གཡུགས་གིན་འདུག གང་ཡིན་ནམ་ཞུས་པར། དག་ཆ་ལ་ལྟ་སྲོལ་ཞིག་མི་འདུག ཧ་ཅང་སྐྱོ་པོ་རེད། དེང་སང་གི་སློབ་མ་ཚོས་ཡི་གེ་འབྲི་དུས་གློག་ཀླད་དུ་བྲིས་སྟབས། གློག་ཀླད་ཀྱིས་ཡི་གེའི་དག་ཆ་བཅོས་ནས་དག་ཆ་སེམས་ནས་ཤེས་དགོས་པའི་དཀའ་ངལ་མེད། ད་ཤོག་གུའི་སྟེང་དུ་ཡི་གེ་འབྲི་སྐབས་རྒྱུན་སྤྱོད་ཀྱི་ཐ་སྙད་དེ་དག་གི་དག་ཆ་ཡང་ཤེས་གི་མི་འདུག ཅེས་བཤད་བྱུང་། གཅིག་བྱས་ན། ད་ལྟའི་ཆ་ལ་གློག་ཀླད་ཀྱིས་བོད་ཡིག་གི་དག་ཆ་བཅོས་ཐུབ་པ་མེད་བརྟེན་ང་ཚོའི་དག་ཆ་ཡག་ཙམ་ཡོང་གི་ཡོད་པ་འདྲ། ཕྱིས་སུ་སུས་ཤེས།
སྐུ་ཞབས་གཡུང་དྲུང་ཚེ་བརྟན་ལགས།
ཁྱེད་རང་གི་བཀའ་མོལ་འདི་གནད་དོན་གསར་པ་གང་ཡང་མིན་འདུག “དག་ཆར་གཟབ་གཟབ་བྱེད།”ཟེར་བ་ཙམ་ལས། དེ་མིན་གླེང་དགོས་རྒྱུ་དང་བསམ་དགོས་རྒྱུ་གང་མིན་འདུག
ཁ་བརྡའི་ནང་མཆན་འགོད་མཁན་ཁ་ཤས་ངོ་མ་ཁྱེད་ཀྱི་གསུངས་པ་ནང་བཞིན་མ་རེད། ངས་དཔེ་ཞིག་བཏོན་ན། རྔ་བའི་རྒྱལ་ཁམས་པ་ལྟ་བུ། རྩོམ་ཡིག་དང་། ལོ་རྒྱུས། མི་སྣ་ངོ་སྤྲོད། སྙན་ངག་སོགས་ཀྱི་ནང་དོན་ཕུན་སུམ་ཚོགས་པ། ཡི་གེའི་བརྗོད་པ་ལེགས་པ། ཀློག་པ་པོར་ཤེས་བྱའི་བློ་རྒྱ་ཕྱེ་བ་སོགས་ཀྱི་ཕན་པ་རྒྱ་ཆེ་སྦྱིན་བཞིན་འདུག གུས་པར་མཚོན་ན། ཁོང་གི་རྩོམ་ཡིག་དེ་དག་རེ་རེ་བཞིན་གསོག་ནས། ལས་ཀའི་ཞོར་ལ་ཉིན་ལྟར་ཀློག་བཞིན་ཡོད།
དེ་ནས་བེ་རི་འཇིགས་མེད་ལྟ་བུར་མཚོན་ན། བོད་ཡིག་གི་ཆུ་ཚད་ཕྲུ་གུ་ལྟ་བུ་མ་རེད། ཀླུ་སྨྱོན་དང་སྒོམ་སྡེ་ལྷ་རམས་པ་སོགས་ལ། ནང་དོན་རིགས་པའི་ཤེས་ཚད་བྱང་ཆུབ་པ་ཡོད་པ་དང་། ཁོང་ཚོས་བཏོན་པའི་རྩོམ་ཡིག་དེ་དག་ལ་ཀློག་པ་པོ་མང་པོས་གདེངས་འཇོག་ཡག་པོ་བྱེད་བཞིན་འདུག དེ་དག་བསམ་ཚུལ་གཅིག་པུ་མ་རེད།
གོང་གི་གནད་དོན་འདིས་ཅི་བསྟན་ཟེར་ན། སྐུ་ཞབས་ཁྱེད་ཀྱིས་མཆན་འགོད་པ་ཚང་མའི་རྩོམ་ཀློག་མེད་པའི་དཔང་རྟགས་བཏོན་བཞིན་འདུག
ཞར་ལ་འདྲི་རྒྱུ་ཞིག་ལ། ཁྱེད་ཀྱི་རྩོམ་དེའི་ནང། “ཁྱེད་ཚོས་སྤེལ་བའི་རྩོམ་ཡིག་མང་པོ་ཞིག་གིས་ཀློག་པའི་ཡི་ག་འདི་ཇེ་ཆུང་ལ་གཏོང་གི་འདུག “ཟེར་བ་ཞིག་འདུག དེའི་ནང་”ཡི་ག་”ཟེར་བའི་ཚིག་འདི་ལ་འགྲེལ་བཤད་ཞིག་ཡོད་མ་སྐུ་མཁྱེན། ཁྱེད་རང་གིས་ཚང་མར་དག་ཆ་འགྲིག་གི་མིན་འདུག ཡིག་ནོར་ལ་དོ་སྣང་བྱེད་གསུངས་སྟབས། གུས་པའི་སེམས་ནང་ཁྱེད་ལ་བཤད་མ་ཐག་པའི་སྐྱོན་དེ་ཡོང་མི་སྲིད་སྟབས། འདྲི་བ་འདི་བཀོད་པ་ཡིན།
རབ་གསལ་ལགས། ཁྱེད་ཀྱིས་འུར་བསྟོད་བྱེད་ཀིན་མ་འདུག རླབས་ཆེན་ཟེར་བ་དེའང་དེ་འདྲའི་ལས་སླ་བོ་ཞིག་ག་ལ་ཡིན། ལུང་རིགས་རྒྱལ་གྱིས་ལས་ཀ་གླ་མེད་དུ་ལས་ཀྱི་ཡོད་རབས་ཤིག་ཧ་གོ་མ་སོང་། ཁོང་ལའང་ལས་ཀ་དང་རན་པའི་གླ་ཕོགས་ཤིག་སྤྲོད་ཀྱི་ཡོད་རྒྱུ་རེད་བསམ་ཡོད་ལ། དེ་བཞིན་ཤུགས་ཀྱང་རྒྱག་དགོས་དྲན་སོང་། དེ་མིན་དངས་བླངས་ཀྱིས་ལས་ཀ་ལས་ཀྱི་ཡོད་ན་དངོས་གནས་བསྔགས་འོས་པ་ཞིག་རེད། ཡིན་ནའང་། དེ་དག་ནི་ང་ལ་འབྲེལ་བ་མེད་པ་ཞིག་རེད་མོད། ཁྱེད་ཀྱི་རླབས་ཆེན་ཟེར་བའི་འུར་བསྟོད་དེས་འདི་འདྲ་རེ་མི་བཤད་རང་བཤད་ལ་ཐུག་སོང་། ཡང་ཁྱེད་ཀྱིས་ཡི་གེ་དག་ཆ་ལས་དོན་དགོས་པར་བཤད་ཀྱིན་འདུག དོན་ལ་དག་ཆ་མེད་པར་གྱུར་ན་བརྗོད་དོན་ཡང་རབ་རིབ་འབའ་ཞིག་ཏུ་གྱུར་ནས་གསལ་བོ་ཞིག་རྟོགས་མི་ཐུབ་མི་ཤེས་སམ། དེ་ནི་རྩོམ་པ་པོ་ཡིན་ཟེར་མཁན་ཞིག་གིས་བཤད་རྒྱུ་ཞིག་མ་རེད་ལགས། སྤྱིར་ལུང་རིགས་ངེད་གཉིས་ལ་སྒེར་ངོས་ནས་བཤད་རྒྱུ་རྩོད་རྒྱུ་གང་ཡང་མེད། ཁོ་རང་གིས་ཁ་ལག་དོན་ལ་གནས་ཏེ་དུས་བབ་ཚགས་ཤོག་གི་ཡིག་ནོར་ལ་དོ་སྣང་རེ་བྱུང་ན་སྙམ་པའི་འབོད་སྐུལ་ཙམ་ལས། ཕྲག་དོག་དང་མི་གཞི་སོགས་ལ་དམའ་འབེབ་གང་ཡང་ཞུས་མེད་ལ། ཞུ་རྩིས་ཀྱང་མེད།
གཡུང་དྲུང་ཚེ་བརྟན་ལགས་ཀྱི་གཙོ་བའི་དྲ་ཐོག་གི་བོད་རིགས་སྤུན་ཟླ་དག་ལ་སེམས་བསམ་པའི་གཏིང་ནས་དྲི་བ་གཅིག་མ་གཏོགས་མེད། དེ་ལ་ཁྱེད་ཅག་གི་སེམས་བསམ་པ་ལ་སྐྱོན་མེད་པར་ལན་ཡང་རང་གི་གང་ཤེས་པ་ཙམ་ལ་བདེན་ཁ་མི་འཁྱེར་བར་བོད་སྤྱི་བའི་ལས་སུ་བསམ་བློ་བཏང་ནས་ལན་ཞིག་སྤྲོད་རོགས་ཞུ། གལ་སྲིད། ཡིག་ནོར་བསམ་བཞིན་དུ་འབྲི་འདོད་མེད་ཀྱང་། མཚམས་རེར་མ་ཤེས་པ་དང་སྐབས་རེ་བརྗེད་ཀྱི་བཟུང་། ལན་རེ་གཏན་ནས་མ་ཤེས་པར་ཡིག་ནོར་འབྲི་མཁན་ང་ལྟ་བའི་ཚོ་ནི་དྲ་ཐོག་ན་གང་ས་ནས་གནས་ན་འགྲིག་པ་ཞིག་རེད་དམ། ཡང་ན། གཏན་ནས་དྲ་ཐོག་ལ་ཟིན་བྲིས་དང་རྩོམ་ཡིག་ཆལ་ཆོལ་དེ་ཚོ་མ་སྤེལ་ན་ཡག་པོ་འདུག་ལགས།
དྲི་བ་འདི་ནི་བོད་ཀྱི་སྐད་ཡིག་གི་དག་ཆའི་ཐད་དུ་སེམས་འཁུར་བླ་ལྷག་བྱེད་མཁན་གྱི་བོད་ཀྱི་སྤུན་ཟླ་གང་ན་སུ་ཡོད་དེ་དག་གིས་ལན་གསལ་བོ་ཞིག་སྤྲོད་རོགས་ཞུ་ཟེར་ནས་ལག་ཟུང་བྲང་གར་སྤྱར་ནས་ཞུས་པ་ཡིན།
གོང་གི་ཟིན་བྲིས་དང་མཆན་ཚང་མ་ལ་ལན། ངས་འདི་ནས་བསམ་ཚུལ་ཅིག་འདོན་འདོད་པ་ནི། ང་ཚོ་ཚང་ཀ་ཁ་ནས་སློབ་སྦྱོང་རིམ་གྱིས་བྱས་པ་རྐྱང་རེད་མ་གཏོགས། དང་པོ་ནས་སེམས་ངོ་ལ་ཐམས་ཅད་པོ་ལྷ་བབས་པ་ལྟ་བུ་ཡོད་ཀྱི་མ་རེད། དེས་ན་སྐས་ཀྱི་རིམ་པ་ལྟར། རང་རང་གིས་གང་འཚམ་ཤེས་བ་དེ་དག་འབྲི་བཞིན་བསྡད་ན་ཡར་རྒྱས་འགྲོ་རྒྱུ་རེད། འདི་ལ་ཚིག་སྦྱོར་ལ་ནང་བྱན་ཆུད་མ་ཆུད་ཚང་མ་ལ་གོ་སྐབས་ཡོད་ན་ཡག་གི་བསམ། རང་རང་གིས་གང་ཤེས་བ་དང་གང་ལ་དགའ་བ་དེ་འབྲི་བཞིན་བསྡད་ན་ཡར་རྒྱས་ལ་འགྲོ་རྒྱུ་རེད་བསམ། མདོར་ན་དྲྭ་རྒྱ་ནི་བསམ་ཚུལ་སྤེལ་ས་གཅིག་བུ་མ་ཡིན་པར་སློབ་གྲྭ་ལྟ་བུ་ཤིག་ཀྱང་ཡིན་ན་བཟང་བསམ་མོད། དེ་ནི་གཙོ་བོ་དྲྭ་བདག་གིས་ཐུགས་བསམ་བཞེས་དགོས་ནི་རེད། ཟུར་ན་ཡོད་པ་ཚོས་ཆོག་མི་ཆོག་དང་།སྦོམ་བཤད་སྦོམ་བཤད་འདྲ་བྱས་ནས་ཕན་གྱི་མ་རེད་བསམ། གང་ཡིན་ཟེར་ན། དྲ
འ་འ་ད་ངའི་མཛུག་གུ་འདི་ཚོས་མནོན་དགོས་ས་མི་དགོས་ས་ཚང་མ་མནན་ནས། ཡི་གེ་བྲིས་མ་ཚར་སྔོན་ལ་དྲ་བའི་ནང་ལ་ཤོར་འགྲོ་གི་འདུག
འོ་ད་གོང་གི་རྒྱུ་མཚན་ནི། དྲ་བདག་གིས་དྲ་བའི་མ་ལག་དང་། དུས་ཚོད་། འགྲོ་གྲོན་བཏང་ནས་དྲ་བ་འདི་སྐྲུན་དུས། དེ་ལ་དམིགས་ཡུལ་ཅིག་ལོས་ཡོད་སྙམ། ད་དུང་འདིས་ནང་ན་སྐྱོན་བརྗོད་མཁན་ཙམ་མ་ཡིན་པར། གསར་བུ་དག་ལ་བསྔགས་བརྗོད་བྱེད་མཁན་ཡང་ཡོད་ན་ཧྲ་ནི་རེད་ཡ། ང་ཚོ་ཆུང་ཆུང་སྐབས་ལ་སྙན་ངག་སྦྱང་དུས་དགེ་རྒན་གྱིས་སྡིག་དམོད་བྱེད་པ་དང་བསྟོད་བསྔགས་བྱེད་པ་གཉིས་ཀ་ལ་ནུས་བ་ཆེན་པོ་ཡོད་ལ་ཟེ།། །།
ཁ་བརྡ་དང་དུས་བབ་སོགས་གོ་སྒྲིགས་གནང་མཁན་ཀུན་ལ་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བགྱི་ཡིན། གུས་པ་དྲྭ་ཐོག་ཏུ་བསམ་ཚུལ་ཀློག་པ་དང་བསམ་ཚུལ་སྤེལ་འོས་ཀྱི་ཡི་གེ་དག་ཆ་ནོར་མེད་ཤེས་ཞིང་། གཞན་ལ་མེད་པའི་བསམ་ཚུལ་སྤེལ་ཐུབ་མཁན་ཞིག་རྩ་བ་ནས་མིན། འོན་ཀྱང་དྲྭ་ངོས་སུ་རྩོམ་ཡིག་ཀློག་པ་ཤེས་ནས་བཟུང་དུས་ཚོད་ཞིག་རེག་ནས་ཀློག་པ་ལ་དགའ་བོ་ཡོད་མཁན་ཞིག་དང་། ཀློག་ན་གོ་དོན་ཅུང་ཟད་ལོན་མཁན་ཞིག་ཡིན། དྲྭ་ཐོག་འདིར་ཡོང་མཁན་ཕལ་ཆེ་བ་ནི་དེ་སྔོན་དགོན་སྡེའི་ཆོས་གྲྭ་ཁག་ལ་སློབ་སྦྱོང་བྱས་པ་ཞིག་ཡིན་པ་ནི་རྩོམ་བྲིས་ཀྱི་གཤིས་ལས་ཤེས་ཐུབ། དེ་དག་མང་ཆེ་བར་ནང་དོན་མ་དམན་པའི་ཐོག་ཏུ་དག་ཆ་དང་ཚིགས་སྒྲུབ་ཞན་ཆ་ཡོད་པའི་རྒྱུ་མཚན་གཙོ་བོ་ནི། ཆོས་གྲྭ་ཁག་ཏུ་སློབ་ཁྲིད་ངག་ཐོག་ནས་སྤྲད་པ་མ་གཏོགས་ནང་སྦྱོང་ཉིན་ལྟར་བྲིས་དགོས་པའི་ལུགས་སྲོལ་མི་རིགས་གཞན་ལ་ཡོད་པ་ནང་བཞིན་ཞིག་ད་བར་མེད་པ་ནི་མིག་མཐོང་ལག་ཟིན་ཡིན་པའི་རྒྱུ་མཚན་གྱིས་རྩོམ་བྲིས་ཀྱི་གོམས་གཤིས་མེད་པ་དང་། སློབ་གྲྭ་ཟིང་ནས་ཕེབས་པ་རྣམས་ལ་ཤེས་ཚད་སྐྱོ་བོ་ཡིན་པ་དང་། ཤེས་མཁན་རྣམས་ཀྱིས་གློག་ཀླད་ཀྱི་ཤེས་ཚད་ཞན་པ་དང་། གློག་ཀླད་དུ་ཡིག་རིགས་གཞན་ལ་ནོར་བཅོས་བྱེད་པའི་མཐུན་རྐྱེན་ཡོད་པ་ནང་བཞིན་བོད་ཡིག་ལ་དེ་སྔོན་མེད་པ་དང་། ལག་བྲིས་ཐོག་ལ་དག་ཆ་མ་དམན་པ་ཡོད་པ་རྣམས་གློག་ཀླད་ཐོག་ཏུ་གོམ་འདྲིས་ཆུང་བས་དག་ཆ་དེ་ནང་བཞིན་ཞིག་ཡོང་ཐུབ་ཀྱི་མེད་པ་དང་། བོད་ཡིག་དང་བོད་སྐད་ཀྱི་ཐོག་ནས་མེ་འཁོར་གྱི་འཛིན་ཤོག་ཉོ་བ་ཙམ་ཡང་ཐུབ་ཀྱི་མེད་པ་སོགས་ཀྱི་རྒྱུ་མཚན་གྱིས་རེད། དག་ཆ་ཡག་པོ་མེད་པའི་རྒྱུ་མཚན་གྱིས་དྲྭ་ཐོག་ཏུ་བསམ་ཚུལ་མ་སྤེལ་ན་དྲྭ་ངོས་སྟོང་པར་ཆགས་པའི་ཉེས་ཁ་ཡང་ཡོད་རེད་ལ། དྲྭ་བདག་རྣམས་ཀྱིས་བོད་ཡིག་དང་ནང་དོན་གཉིས་ཀར་ཡར་རྒྱས་གཏོང་པའི་དམིག་ཡུལ་ཡང་འགྲུབ་ཐུབ་ཀྱི་མ་རེད་། དེར་བརྟེན་ལེ་བར་སྟོང་ཕྲག་གི་འགྲུལ་བཞུད་ཀྱང་གོམ་པ་གཅིག་ནས་འགོ་རྩོམ་པ་ཡིན་པ་དང་། འཛམ་གླིང་གི་མི་འགྱོག་ཤོས་ཀྱང་ཕ་མའི་ལག་པས་གཏེགས་པ་ནས་འགོ་རྩོམ་པ་ནང་བཞིན་། བོད་ཀྱི་སྐད་ཡིག་དང་ཐ་སྙད་ཚང་མ་ཀ་ཁ་དང་ཨ་ཕ་ཨ་མ་སོགས་ནས་འགོ་རྩོམ་པ་ཡིན་པ་ཡིད་ལ་བཟུང་ནས། སྙིང་སྤོབས་ཞུམ་པ་མེད་པར་དྲྭ་ཐོག་ཏུ་ཕེབས་ནས་བསམ་ཚུལ་སྤེལ་བའི་བསྐུལ་མ་ཞུ་བགྱི་ཡིན། བསམ་ཚུལ་སྤེལ་བའི་སྐབས་སུ་ཡང་། རང་རེ་བོད་པར་གཞན་སྐྱོན་རྣམས་སྣང་མེད་སྒྲོགས་ཤིང་། གང་དྲན་བརྟགས་དཔྱད་མ་བྱས་པར་ཐོལ་བྱུང་དུ་སྨྲ་བའི་གོམ་གཤིས་དེ། ཁ་རི་ཁ་ཐུག་དང་ཁ་ཕོ་རུས་ཟེར་བའི་བྱེ་གཏེ་དེས་ལེན་པར་མངོན་པས། སྐྱོན་ལ་སྐྱོན་དུ་རིག་ནས་དོར་བ་དང་ཡོན་ཏན་ཀྱི་རིགས་རྐང་དྲུག་གིས་པད་མོའི་བཅུད་གཞིབ་པ་ལྟར་མཛད་རོག་གྱིས་ཞུ།
གཞོན་ནུ་ཟླ་མེད་ལགས་ཀྱིས་བསལ་ཚུལ་དེ་རྒྱུ་མཚན་ལྡན་པར་མཐོང་།
ཟེར་དགུ་བདེན་པར་མི་བཟུང་ལེགས་པར་དཔྱད་ནས་བཟུང་། །སྨྲ་དགུ་བསམ་ལ་སྨྲ་ཞིང་རང་གི་མདོན་དོན་བསྡམ།།ཞེས་གསུངས་བ་ལྟར། སོ་སོའི་ཤེས་ཡོན་ཡར་རྒྱས་གཏོང་རྒྱུའི་ཆེད་བསལ་ཚུལ་སྤེལ་རྒྱུ་དེ་དགོས་གལ་དུ་མཐོང་།
དྲ་གྲོགས་བསམ་ཤེས་ལགས།
ང་ནི་ཀློག་མཁན་ཞིག་ལས་འབྲི་ཤེས་མཁན་དེ་འདྲ་མིན་པ་ངས་བསམ་ཚུལ་ནང་བཤད་ཡོད། ད་ལྟ་ཁྱེད་རང་ནས་༼ཡི་ག༽ལ་འགྲེལ་བཤད་ཅིག་གི་སློང་མོ་བྱས་འདུག དེ་ལ་ལན་ནི། ༼ཡི་ག༽་ལབ་པ་དང་༼དང་ག༽་ལབ་པ་གཉིས་དོན་གཅིག་རེད། དོན་ནི། ཟ་མ་ཞིག་དཔེར་བཀོད་ནས་བཤད་པ་ཡིན་ན། ཟ་འདོད་དང་མི་འདོད་དེ་ལ་ཟེར་གྱི་ཡོད་པ་དང༌། ཡང༌། དོན་དག་ཅིག་ལ་དཔེ་མཚོན་ན། དོན་དག་དེ་ཡིད་ལ་འཐད་པོ་དང་འཇུག་པོ་ཡོད་མེད་དེ་ལ་ཟེར་གྱི་ཡོད་པ་རེད། དཔེར་ན། བཀའ་གདམས་བུ་ཆོས་ནང༌། ༼ཡི་ག་འཆུས་པར་གྱུར་པ་༽ཞེས་སོགས་མང་བ་དང་རིགས་བསྒྲེས་པས་རྟོགས་སླ། འདི་ཙམ་ཡིན།
དྲ་བའི་ངོས་ན་རྒན་གཞོན་མང་པོ་ཞིག།
མང་པོའི་ནང་ན་མགོ་འཁོར་མང་པོ་ཞིག།
མཁོ་འཁོར་གདོང་ཁ་ལམ་ནས་རྒྱག་ཐེངས་རེར།།
མི་དགོས་ལྟད་མོ་སྣ་ཚོགས་མིག་ལ་ལྷུང༌།།
ནད་ཅིག་ཡིན་ན་ལྷ་རྗེར་སྟོནརན་འདུག།
ཆག་སྒོ་ཡིན་ན་གཏོ་མཁན་བཙལ་རན་འདུག།
མི་དགོས་ནད་དང་སྐྱོན་འདི་ཁ་དར་ན།།
གད་སྙིགས་ཁྲོམ་ཞིག་ཆགས་ལ་ཉེ་ནས་འདུག།
ཁྱོད་བཟང་ང་བཟང་ཐམས་ཅད་བཟང་ངོ་ཞེས།།
བརྒྱ་བཤད་སྟོང་གིས་ཕན་རེ་མ་མཐོང་ན།།
ད་ནི་རང་དང་གཞན་གྱི་ནད་དང་སྐྱོན།།
ཕྱིར་འདོན་བཅོས་པའི་ཆོ་ག་དགོས་པར་མཐོང༌།།
ཚིག་གི་དག་ཆས་དོན་གྱི་གནད་འབྱིན་ཅེས།།
སྔོན་རབས་མཁས་པས་གཏན་ཚིག་རྡོ་རྗེའི་རྒྱ།།
ལག་ལེན་གོམ་པའི་བར་ནས་ཤོར་མང་བས།།
ཆལ་ཆོལ་ཚིག་གིས་ཞེ་ཡིད་སུན་པར་བྱས།།
བཀླགས་ཤིང་ཀློག་མུས་དྲ་བའི་ཡི་གེའི་ཚོགས།།
དག་ཆས་རྒྱ་ཡིས་བཏང་བའི་ཚུལ་མཐོང་ནས།།
ཡི་གེ་བ་ཚོར་འབོད་སྐུལ་ཞུ་བའི་ཚིག།
ལྷག་བསམ་སེམས་ཀྱིས་ཕུལ་ལ་ཡུད་ཙམ་དགོངས།།
ཀློག་མཁན་ཉམ་ཆུང་རི་བོའི་འདབས་ན་འདུར།།
ཡིག་མཁན་མཁས་པ་རི་བོའི་གསེང་ན་རྒྱུ།།
ཞུམ་པའི་སྐད་ཀྱིས་འབོད་པ་བཏང་བ་འདི།།
ཐུགས་ཀློང་རྒྱ་མཚོར་འདོགས་རོགས་ཡི་གེ་བ།།
ཡི་གེ་ནོར་འཁྲུལ་དང་བསམ་བློའི་ནོར་འཁྲུལ་གཉིས་ལས་ཕྱི་མ་འདི་ལ་ཐུགས་གཟབ་གནང་གལ་ཆེ། དྲ་གྲོགས་ཚོས་རྒྱུན་ཏུ་རང་གི་རིག་གཞུང་ལ་གཅེས་སེམས་ཁོ་ནས་གཅིག་གིས་གཅིག་ལ་དགོངས་བཞེས་གནངས་དགོས་རྒྱུའི་བསམ་ཚུལ་འདོན་རྒྱུར་ལེགས་པའི་ཆ་ལས། སྤྱི་ཚོགས་སྟེང་གསར་དུ་སྤོ་བཞིན་པའི་གསར་རྒོད་ཚའི་སྙིང་སྟོབས་ལ་བཀག་རྒྱ་དང་འཇིག་སྣང་བསྐུལ་ན། དག་ཆ་ཡོད་མེད་ཀྱི་སྐད་ཆ་པར་ཞོག་ཐ་ན་དྲ་ངོས་འདི་ལ་ཡང་ཞུགས་རྒྱུའི་ཡི་ག་ཆད་སྲིད་པའི་མཁྱེན་ལྡན་ཚོའི་དགོངས་པ་བཞེས་དགོ། ལྷག་པར་མྱིའི་མིང་བཏོན་ན་ཧྲ་ནི་མ་རེད་ཡ། ནེའུ་ཡོག་ལྟ་བུ་ལ་ཁྱིམ་གཅིག་ན་མི་མང་པོ་བསྡད་ཡོད་པའི་འུར་ཟེང་སེ་ནམ་འགྲོ་སུས་ཤེས། སེམས་ཆུང་ཤེས་འདི་སྙིང་གཏམ་ཡིན།
དགེ་བསྐོས་གཡུ་དྲུང་ཚེ་བརྟན་ལ་ན་མོ།
༄༅།། དྲ་གྲོགས་ཚོ་འཚམས་འདྲི་ཞིག་དང་ལྷན་དུ་བརྗོད་འདོད་པ་ཞིག་ནི། ཁ་བརྡ་དྲ་རྒྱའི་ནང་ཟིན་འབྲི་བ་ཚང་མ་རང་རང་གི་སྤྱི་ཚོགས་ཀྱི་འགྲོ་སྟངས་དང་དེ་བཞིན་རང་རང་གིས་བསམ་བློ་གཏོང་ཤེས་མཁན་ཀྱང་ཀྱང་ཡིན་མོད། ཡིན་ན་ཡང་མི་མི་འདྲར་བལྟ་རྒྱ་དང་ཐོས་རྒྱ་གཞན་ཡང་བསམ་རྒྱ་ཆེ་ཆུང་ཡོད་པ་ནི་ཆོས་ཉིད་ཅིག་ཡིན་ལ། མཛོ་གསུམ་ཅུར་རྭ་མི་འདྲ་དྲུག་བཅུ་ཞེས་པའི་འུ་ཚང་གི་ཞལ་དཔེ་ལས་མི་འགོང་ངོ། དེ་ལྟར་བསམ་རྒྱ་སོགས་མཐོ་བ་རྣམས་ཀྱིས་དམའ་བ་རྣམས་ལ་འཕྱ་དམོད་དང་མཐོང་ཆུང་མ་བྱས་པར། རང་ཉིདཀྱི་བསམ་ཚུལ་སོགས་དང་མི་འདྲ་བའི་ཆ་ག་རེ་ཡོད་པ་དེ་ལེན་དགོས་པ་ནི་གལ་འགངས་ཆོ་འོ། དེ་ནི་ས་སྐྱ་ལེགས་བཤད་ཀྱི་ནང་གསུངས་པའི་ མཁས་པ་ཡོན་ཏན་མཛོད་འཛིན་ཡང༌། གཞན་གྱི་ཡོན་ཏན་ཆུང་ངུ་ལེན་ཞེས་པ་དང་དེ་བས་མཐུན་ནོ༌། དེ་འདྲ་སོང་ཙང་ཟིན་འབྲི་བ་ཚང་མས་རང་རང་གི་བསམ་ཚུལ་བརྗོདོ་རྒྱུ་ནི་ཡར་རྒྱས་ཀྱི་ལམ་སྣེ་ངོ་མ་དེ་ཡིན༌། རང་ཉིད་དག་ཆ་ལ་ཞེ་ནས་རང་ཉིད་ཀྱི་བསམ་ཚུལ་བརྗོད་མ་ཕོད་པ་ནི་དངོས་གནས་རང་གཞན་གཉིས་ཀར་ཡར་རྒྱས་ཀྱི་ལམ་སྣེའི་འགག་རྡོ་གཤའ་མ་དེ་ཡིན་ནོ། སྤྱི་བཏང་ང་ཚོ་གདོང་དམར་ཚང་གི་ཞལ་དཔེ་ལ། བྱི་བ་དག་ཡིག་ཁ་་ནས་བསྐྱོར།་མི་དག་ཡི་གེ་ལག་པས་བྲིས༌། ཞེས་འཕྱ་མོད་དང་ཟུར་ཟ་བྱེད་ཀྱིས་ཡོད་པ་རེད་མོེད། ཡིན་ཡང་དག་ཆ་ལ་འཛེམ་ནས་རང་ཉིད་ཀྱི་བསམ་ཚུལ་མི་བརྗོད་པ་ནི་ཅི་འདྲའི་བློ་སྤོབས་ཆུང་བ་ཞིག་མི་ནམ༌། ཡིན་ཡང་ནམ་རྒྱུན་ནས་དག་ཆ་ལ་ཐུགས་སྣང་བྱ་རྒྱུ་ནི་གནད་ཆེ་འོ༌།།
འདི་འཆི་བདག་སྐྱབས་ཀྱི་ཁ་ནས་ཐོན་པའི་ལྷག་བསམ་གཅིག འདིའི་ཁ་ན་ཡང་འདི་འདྲ་ཐོན་རྒྱུ་འདུག དགའ བསུ་ཡོད།
འཆི་བདག་སྐྱབས་འདི་ཇི་འདྲའི་ཁྱད་མཚར་ལ།།
དག་ཆའི་རང་མགོ་རང་རྐྱ་འཕེར་བ་སྟེ།།
སྣ་ཚོགས་ཚོང་གི་མ་རྩ་མེད་པ་ལ།།
དོན་དག་ངོ་མའི་ཚོང་སྒོ་ཇི་ལྟར་འགྲིམ།།
ཧ་ཧ་འདི་ནི་གད་མོ་ཤོར་བའི་གཞི།།
ཨ་ཨ་འདི་ནི་འུ་ཐུག་མཐར་ཐུག་གཏམ།།
དག་ཆ་མེད་ན་ཡི་གེ་མ་འབྲི་རོགས།།
དག་ཆ་མེད་ན་བསམ་ཚུལ་མ་སྤེལ་རོགས།།
གང་ཡིན་ཟེར་ན་མ་དག་ཡི་གེའི་ཚོགས།།
སྤེལ་ལས་མ་སྤེལ་བ་དེ་བཟང་བར་འདུག།
ཅི་སྟེ་རང་གིས་དག་མགོ་མི་ཐོན་པའི།།
བློ་གྲོས་ན་ཚོད་རི་མོ་གསལ་མཐོང་ན།།
ཤེས་མཁན་གཞན་ལ་ཞུ་བ་འཐེན་པ་གནད།།
ལམ་འདི་དག་ཆས་ཕོངས་པའི་ཡི་གེ་བར།།
ཁས་འཆེའི་ཁྲོམ་ན་འདུར་དག་སྙིང་ལ་ཆོངས།།
དག་ཆས་མུ་གེས་མནར་བའི་ཚིག་ཚོགས་ནི།།
ངེད་ཅག་ཀློག་མཁན་དག་གིས་གོ་བ་མིན།།
གོ་རྒྱུ་མེད་པའི་ཚིག་གི་ཕྲེང་བ་དང༌།།
དག་ཆས་བཏང་བའི་རི་མོ་མང་པོ་ཞིག།
བསྟར་ལ་སྤྲོ་དག་དགོངས་པ་བཞེས་རོགས་གནོངས།།
ང་རངས་རྡག་ཆ་མ་ཤེས་རུངས། ཁྱེ་རངས་ཇུས་སྟོགས་རྩ་བ་ནས་མེད། ཁྱེད་རངས་འདི་ལ་དོད་ཀྱི་མི་འདུགས་ན། ཀྲུངས་གོའི་བོད་ལྗོངས་ཟེར་བའི་རྡྲ་སྒྱ་ལ་རྒྱུགས་དང་། དེ་ལ་དག་ཆ་ཡག་པོ་ཡོད་པ་མ་ཟས། ད་དུང་ཚིགས་ཀྱང་སྙན་པོ་འདུག
དྲ་ཐོག་འདི་ན་མདོ་སྔགས་ཀྱི་གཞུང་ཆེན་མོ་དང། འཕགས་ཡུལ་མཁས་གྲུབ་སྐྱེས་ཆེན་དག་གི་རིགས་ལམ་དྲི་མེད་པ་ལ་སྦྱངས་གོམས་ཡོད་པ་ཞིག་ཕར་ཟད། ཐ་སྙད་དང་འཆར་སྒོ་སོགས་ཧ་ཅང་སྐྱོ་བའི་ཁྱི་ལུད་མེར་བསྲེགས་བྱས་པའི་དྲི་ངན་དང། ཡུགས་ས་མའི་ངུ་རྔྱང་། རིགས་ལམ་རྣལ་མ་ལ་མ་གོམས་པའི་བྱིས་པའི་གོམ་འགྲོས་འཁྱར་འཁྱོར་ཙམ་ལས་མ་མཐོང་ཞིང། དུས་ཚོད་རེ་བྱུང་ན་ཁ་བརྡ་དྲ་ཐོག་གི་རྩོམ་འཆལ་ལོག་བཤད་དག་ཞིབ་མོ་རྣམ་འཐག་གི་སྒོ་ནས་ཚར་གཅོད་བྱེད་རྩིས་ཡོད་ཀྱང། ཉེ་སྔོན་མཁས་དབང་ཨ་ཁུ་ཡོན་ཏན་རྒྱ་མཚོ་གི་ཕ་གཞིས་ལ་འཇུག་སྐྱོང་ཅུང་ཟད་བྱས་པ་དང། ད་སྐབས་སློབ་གྲའི་མ་བྱན་གྱི་ལས་ཀའི་བྲེལ་རྐྱེན་གྱིས་མི་ལྕོགས་ཏེ། མི་འགྱངས་པར་ཁ་བརྡའི་གད་སྙིགས་ཀྱི་ཕུང་པོ་གཙང་འཕྱག་བྱེད་ངེས་ཡིན།
གྲོགས་པོ་ཚོ། གུས་པའི་གཤམ་གསལ་གྱི་ས་དཀར་འོད་ཟེར་གྱི་གསོལ་འདེབས་འདི་ཁ་འདོན་བྱེད་བཞིན་པའི་སྒང་ཡིན་པས། ད་ཐེངས་ས་དཀར་འོད་ཟེར་ཟེར་བའི་མིང་འདི་མཐོང་དུས་ས་དང་པོ་ཐོབ་པ་ལྟ་བུའི་དུས་དགའ་ཚོར་བྱུང་ཡང་། མཆན་བུ་དེ་བཀླགས་རྗེས་ས་དཀར་འོད་ཟེར་ངོ་མ་མིན་པ་ཤེས་སོང་། དེས་ན་ཨ་ཁུ་ཡོན་ཏན་རྒྱ་མཚོའི་གཞིས་ཀ་ཟེར་བ་ཅི་ཡིན་མི་ཤེས་ལ། སློབ་གྲྭའི་མ་བྱན་བྱེད་ཀྱི་ཡོད་མེད་ཀྱང་མི་ཤེས་ཡང་། མི་གཞན་གྱི་མིང་སྤྱད་ནས་མཆན་ལོག་འབྲི་བ་དེ་ཡག་པོ་མི་འདུག་པས། ས་དཀར་འོད་ཟེར་གྱི་གྲོགས་པོ་སུས་མཆན་འདི་མཐོང་ན་ཁོང་ལ་དེ་ལུགས་ཞུ་ཐུབ་པ་བྱེད་རྒྱུ་དང་། དྲ་དཔོན་གྱིས་ཀྱང་ས་དཀར་འོད་ཟེར་ངོ་མ་ཡིན་མིན་བརྟགས་རྗེས་ས་དཀར་འོད་ཟེར་ངོ་མ་མིན་ན་མཆན་འདི་བསུབ་རྒྱུ་དང་། ཕྱིན་ཆད་ས་འོད་རྫུན་མའི་མཆན་བཀག་དགོས་ཀྱི་འདུག
༡༢༩༽ སེངྒེ་རལ་པ་ཅན་ནས།
སྤྱི་ལོ་ ༢༠༠༩ ཟླ་ ༨ ཚེས་ ༢༡ གི་ཆུ་ཚོད་ ༠ སྐར་མ་ ༣༥
ཨོ་ཡ། གཡག་སྒོམ་གཉིས་ཀྱིས་གཙོས་པའི་དྲ་གྲོགས་ཚོ། ཁྱེད་ཚོས་རྒྱག་རེས་སྣ་ཚོགས་བརྒྱབ་འདུག ཨ་ཧ་ཧ། ཅིག་འཇིག་གི་ཡ། ངས་ནི་པདྨ་གླིང་པ་དང་རྗེ་རིན་པོ་ཆེ་གཉིས་གླེང་དགོས་དུས་གླེང་མི་ཤེས་ལ་གླེང་ཡང་མི་ཕོད། དེ་ལས་ཧོར་དང་ཧོར་གྱི་སྐྱག་པའི་ནང་གི་སྲིན་འབུ་འཆི་བདག་སྐྱབས་སོགས་ཀྱི་གནོད་པ་ཞི་ཆེད་ཧོར་འདུལ་གསོལ་འདེབས་འདི་གྲངས་གསོག་བྱས་ཏེ་གཉོམ་ཆུང་འདུག་ཤེས་བྱས་བསྡད་ན་ང་རང་ལ་དེས་དགའ་ས་རེད།
༄༅།། ཧོར་གཙང་སྤྲེའུ་ཞར་མའི་སྤྱི་བོ་རུ།། ལུང་རིགས་རྔ་ཆེན་དྲག་ཏུ་བརྡུངས་པ་ཡིས།། འཇིགས་མེད་འཇིགས་པའི་དྲི་ཆུ་ཤོར་མཛད་པ།། ས་དཀར་འོད་ཟེར་ཞབས་ལ་གསོལ་བ་འདེབས།། སྐྱེ་བ་ཀུན་ཏུ་མགོན་པོ་ཁྱོད་ཉིད་ཀྱིས།། རྗེས་བཟུང་ཧོར་གྱིས་གནོད་པ་ཞི་བ་དང་། ཧོར་གྱི་རྒྱུ་མའི་ནང་དང་སྐྱག་པ་དང་།། རྐང་བའི་སེན་མོ་སོགས་ལ་ཚང་བཅས་པའི།། སྲིན་བུ་འཁྲུགས་པའི་ནད་གདོན་བར་ཆད་ཀུན།། ཞི་ནས་བོད་ཁམས་ཀུན་དུ་བདེ་བར་མཛོད།། ཨོཾ་བཛྲ་ས་དཀར་ས་དཀར། འོད་ཟེར་འོད་ཟེར། རྡོ་རྗེའི་ཁྲོ་བོ་ཆེན་པོའི་རང་གཟུགས་བྱོན་བྱོན། ད་ཚུར་བྱོན། ད་ཚུར་བྱོན། གཤེད་མ་རྣམས་ཀྱི་མགོ་ཁོས་ཁོས། སྨྲ་བ་ངན་པའི་ལྕེ་ཆོད་ཆོད། ་་་་་་་་་་་་་་་་་་་་་འུམ་འུམ་འུམ།
༄༅།། སླར་ཡང་མཇལ་བ་དགའ་སྤྲོ་ཆེ། དྲ་གྲོགས་གཡུང་དྲུང་ཚེ་བརྟན་ལགས། ང་ཚོས་བྱ་གཞག་ཅི་འདྲ་ཞིག་སྒྲུབ་་ཀྱང་དེ་ལ་སྦྱོང་བརྡར་མ་སྤྲད་པ་ཡིན་ན་བྱ་གཞག་དེའི་ངོ་བོ་ལ་ཡར་རྒྱས་མེད་པ་ནི། ང་ཚོ་ཚང་མས་རང་རང་གི་ཉིན་རེའི་བྱ་གཞག་ནས་ཚམ་ཚོམ་མཻད་པར་འཁུམ་ཐུབ་མོད༌། མ་ཟད་དབྱིན་ཡིག་གི་གཏམ་དཔེ་ཞིག་ལ་practice make more perfect ཞེས་བརྗོད་ཀྱི་ཡོད་པ་དེ་བཞིན་ང་ཚོས་རང་རང་གི་དག་ཆ་ལ་མ་འཛེམ་པར་མུ་མཐུད་ནས་བསམ་ཚུལ་སོགས་ཡི་གེ་ཇེ་མང་འབྲི་ན་རང་ཉིད་དག་ཆའི་ངལ་དུབ་ནས་ཐར་ལོས་མོད། དེ་ཡང་རྒྱུ་མཚན་ནི། གལ་སྲིད་རང་ཉིད་ཀྱིས་ཡི་གེ་སྔན་མ་སོགས་ལ་ཡིག་ནོར་ཤོར་ཚེ་མི་གཞན་པས་དེ་ལ་ནོར་བཅོས་བྱེད་སྲིད་ལ། ཡང་ན་རང་གི་ཡིག་ནོེར་དེ་ལ་སྡིག་དམོད་དང་འཕྱ་མོད་བྱེད་སྲིད་པས། དེ་ལ་བརྟེན་ཐེངས་མ་རྗེས་མ་དེར་རང་ཉིད་ཀྱིས་ངོས་ནས་ཏན་ཏན་དེ་ལ་སྔོན་མ་དང་མི་འདྲ་བའི་དག་ཆ་ལ་ཡིད་ཟབ་སྤྲོད་པ་གདོན་མི་ཟ་འོ། དེ་ལས་ལྡོག་ཏེ་ཁྱེད་ཉིད་ནས་གསུངས་པ་བཞིན། དག་ཆ་མེད་ན་ཡི་གེ་མ་འབྲི་རོགས༌། དག་ཆ་མེད་ན་བསམ་ཚུལ་མ་སྤེལ་རོགས༌།ཟེར་བ་ལ་ཉན་ནས་བསྡད་ན་ནི་གང་ཟག་དེ་རིགས་ལ་ཡར་རྒྱས་ནམ་ཡང་མི་ཡོང་ངོ༌། ངས་དེ་ལྟར་བཤད་པ་དེ་ཡང་དྲ་གྲོགས་གཡུང་དྲུང་ཚེ་བརྟན་ལ་མི་འདོད་པའི་བརྒོལ་བ་བྱས་པ་ཞིག་གཏན་ནས་མིན་ལ༌། རང་མི་རིགས་གི་སྐད་ཡིག་གི་དག་ཆ་ལ་རིན་ཐང་མ་སྤྲད་པ་ཡང་དེ་བས་མིན་ནོ། ཚང་མས་མཁྱེན་ས་ལྟར་དེ་ནི་བསམ་ཚད་ཤིན་ཏུ་ནས་མཐོ་བོ་ཡོད་ཀྱང་དག་ཆའི་རྐྱེན་གྱི་བཤད་མ་ཕོད་པ་རྣམས་ལ་བློ་སྟོབས་བསྐྲུན་ཆེད་དང་དག་ཆ་ཡར་རྒྱས་གཏོང་ཐབས་ཞིག་ལས་གཞན་མ་མཆིས་སོ།།
རྩོམ་ཡིག་འདིར་བདེན་པའི་ཆ་མང་པོ་འདུག བདེན་པ་དེ་དག་གནས་ལུགས་དང་གནས་སྟངས་ཤིག་ཆགས་ཡོད་མེད་གནས་ཚུལ་ལོགས་ཀ་རེད་འདོད། གཤམ་དུ་བསམ་ཚུལ་འགའ་འདོན་པར་བརྩོན།
༡༽ ཁ་བརྡའི་དྲ་བདག་རྣམ་པར་མཚོན་ན་མང་ཤོས་བཙན་བྱོལ་སྤྱི་ཚོགས་ནང་གི་ཤེས་ཡོན་པ་རྒན་པའི་གྲས་རེད། དཔེར་ན་ཨ་ཁུ་པདྨ་འབུམ་དང་དགེ་འདུན་རབ་གསལ་སོགས་ལྟ་བུ་རེད། དེ་བཞིན་རྩོམ་ཡིག་འབྲི་མཁན་དང་མཆན་བུ་འདེབས་མཁན་ཚོ་ཡང་མང་ཤོས་ཤེས་ཡོན་པ་རྒན་པའི་གྲས་ཆགས་ཡོད། འོན་ཀྱང་ཁོང་རྣམ་པ་ལས་མང་ཤོས་ཤིག་སྨྱུག་མིང་དང་མིང་ཚབ་ཀྱི་འོག་ནས་ཕེབས་ཀྱི་ཡོད་ལ། དེ་ཡང་མི་གཅིག་ལ་སྨྱུག་མིང་དང་མིང་ཚབ་མང་ན་བཅུ་གྲངས་དང་ཉུང་ན་གཉིས་གསུམ་ཙམ་ཡོད། དུས་བབ་ཀྱི་གསར་འགོད་པ་ནས་ཟིན་བྲིས་པ་དང་། དེ་བཞིན་མཆན་བུ་འདེབས་མཁན་ལས་མང་ཤོས་གཞོན་སྐྱེས་ཚོ་ཆགས་ཡོད། ཁོ་ཚོར་ཁ་བརྡའི་དྲ་བདག་དང་རྩོམ་འབྲི་བ་། མཆན་འདེབས་པ་ནང་བཞིན་གྱི་ཤེས་ཚད་དང་། ཉམས་མྱོང་མེད་པ་མ་ཟད། ཁོང་རྣམ་པ་ནང་བཞིན་མི་གཅིག་ལ་སྨྱུག་མིང་དང་མིང་ཚབ་ཡང་མང་པོ་མེད། འདི་གོང་གི་རྩོམ་ཡིག་གི་བརྗོད་དོན་གཙོ་སྟེ། ཆེ་ས་གནད་དོན་ལས་སེམས་ཚོར་དང་། ཆུང་ས་དག་ཆ་ལས་ཡིག་ནོར་འབྲི་བཞིན་པའི་འབྱུང་ཁུངས་དེ་རེད་འདོད།
༢༽ རྒན་གཞོན་ལ་བར་ཁྱད་ཅིག་ཡོད། བསམ་བློ་དང་གཤིས་ཀའི་སྟེང་ནས་གཟབ་ནན་དང་བྲེལ་འཚུབ་ཀྱི་རྣམ་པ་མངོན་ཡོང་ལ། རྒྱུན་ལྡན་གྱི་འཚོ་བའི་ངོས་ནས་ཀྱང་བར་ཁྱད་ཆེ། དཔེར་ན། རྒན་པ་ཚོས་གསར་འགྱུར་དང་ཚགས་པར་ཀློག་སྐབས། གཞོན་པ་ཚོས་གླུ་གཞས་ལ་ཉན་བཞིན་ཞབས་བྲོ་འཚུབ་པོའི་ངང་འཁྲབ་པར་དྭངས་བ་འདྲེན། ཤེས་ཡོན་པའི་སྡེ་ལའང་དེ་བཞིན་རེད། རྒན་པ་ཚོས་གནད་དོན་གླེང་བཞིན་གནད་དོན་འཚོལ་མོད། གཞོན་པ་ཚོས་སེམས་ཚོར་བརྗོད་བཞིན་སེམས་ཚོར་སྙེག དེ་ཡང་གང་ཞིག་འབྲི་སྐབས་སྙན་ངག་གི་བརྗོད་སྟངས་འདེམས་ངེས། འདི་གཉིས་གང་ཡིན་ཡང་བརྒྱུད་རིམ་ཙམ་ལས་ཡག་ཉེས་མེད་ལ་མདོར་བསྡུས་ན་མཚུངས་རྟགས་ཡིན།
༣༽ དུས་བབ་དྲ་ངོས་དང་ཚགས་པར་གང་ཡིན་ཡང་ཡིག་ནོར་ཡོད་པ་བདེན་པ་རེད། ངས་དུས་བབ་དྲ་ངོས་འགོ་བཙུགས་པ་ནས་ད་བར་དུ་ཆད་ལྷག་མེད་པར་བཀླགས་པ་ཡིན། ཡིག་ནོར་ཚབས་ཆེན་དུ་བརྩིས་མཁན་གཙོ་བོ་བསྟན་འཛིན་ཚེ་དཔག་དང་། རྡོ་རྗེ་དབང་ཕྱུག བསྟན་འཛིན་ཟླ་བ། མེ་འོད། བསེ་རུ་སོགས་རེད། ད་ལྟ་གཡང་དྲུང་ཚེ་བརྟན་ཡང་ཁོང་རྣམ་པའི་གྲས་ལ་འཚང་གིན་འདུག བསེ་རུ་ངའི་ངོ་ཤེས་ཤིག་ཡིན་ལ་གཞུང་དྲང་གཤིས་དྲང་ཞིག་ཡིན། མེ་འོད་ལགས་ཀྱི་ཟིན་བྲིས་སྤེལ་སྐབས་འདྲ་པར་དང་ངོ་སྤྲོད་སོགས་འདུག གཞན་པ་ཚོས་ཡིག་ནོར་ཚབས་ཆེན་དུ་གླེང་བཞིན་པ་ལས་དོན་དངོས་སུ་དུས་བབ་དང་། དེ་དང་འབྲེལ་བའི་དོན་གནད་གཞན་ལ་ཡིད་མ་ཚིམས་པའམ། འདོད་བློ་མ་ཁེངས་བའི་རྣམ་པ་མངོན་སུམ་རེད། མ་གཞི་ཁོང་རྣམ་པ་ཚོ་ཡང་མི་གཅིག་དང་གཉིས་མིན་པའི་ངེས་པ་མི་འདུག