བཙན་གསེར་ཞུན།
ཁ་སང་དེ་རིང་ཁ་བའི་ཡུལ་ནས།།
ཁ་བའི་བུ་ཕྲུག་ལ་རྒྱ་ཅན་འགས།།
ཁ་ནས་ཁ་བའི་དྲང་བདེན་གླེང་བཞིན།།
ཁ་སེམས་ཡིད་བཞིན་ནོར་བུར་ཕྱོགས་ནས།།
ཁ་བ་རི་བའི་མདུན་ལྗོངས་ཆེད་དུ།།
ཁ་ངོ་ཐམས་ཅད་མེ་ལ་བསྲེགས་ཐལ།།
ཁ་བའི་ལྗོངས་དང་ཁ་ཐག་རིང་ས།
ཁ་བའི་འདབ་མའི་མཛེས་སྡུག་དབེན་ས།།
ཁ་ཞེ་མཐུན་པའི་འཐབ་གྲོགས་སྟོང་བའི།
ཁ་སྐད་མི་གཅིག་གཞན་ཡུལ་ལུང་པར།།
ཁ་བ་ཅན་པ་ཡིན་འདོད་བསམ་ན།།
ཁ་རོག་འདུག་པའི་དུས་ཤིག་མ་རེད།།
ཁ་སང་དེ་རིང་གང་སར་འཁྱམས་པའི།།
ཁ་བའི་བུ་ཕྲུག་རྐྱལ་སྟོང་ལོོ་ལོོ།།
ཁ་པར་བེད་སྤྱོད་ལོག་པར་མ་གཏོང་།
ཁ་བའི་དྲང་བདེན་གནས་ཚུལ་འདི་དག།།
ཁ་པར་ལམ་ནས་གང་སར་གསུངས་རོགས།།
ཁ་ནས་ཅི་བཤད་རྫོགས་རྒྱུ་མེད་པའི།།
ཁ་བ་ཚང་གི་བུ་མོ་ལོ་ལོ།།
ཁ་ལྕེ་ངལ་ནས་བསགས་པའི་སྒོར་མོ།
ཁ་ངོ་བཀྲུས་བྱེད་གཅིག་པོར་མ་གཏོང་།།
ཁ་བ་ཚང་ལ་ཞལ་འདེབས་ཕུལ་རོགས།།
ཁ་ནས་འཇིག་རྟེན་ཉེས་དམིགས་གླེང་བའི།།
ཁ་བ་ཚང་གི་གྲྭ་བཙུན་རྣམ་པ།
ཁ་རོག་གྲུབ་མཐའི་ཁེ་ཕན་བསམ་ནས།།
ཁ་འཛིང་རྩོད་རྙོག་ནང་ལ་མ་འཕེན།།
ཁ་བ་ཅན་པའི་རྣམ་ཤེས་འདྲེན་རོགས།།
ཁ་ནས་རྡ་རམ་ས་ལར་འབོད་པའི།།
ཁ་བའི་རྒྱལ་ས་གཉིས་པར་བཞུགས་མཁན།།
ཁ་རྗེ་དབང་ཐང་གཉིས་ཀ་ལྡན་པའི།།
ཁ་བ་ཚང་གི་བླ་དཔོན་རྣམས་ལ།
ཁ་ནས་རེ་བ་ཚིག་གསུམ་ཞུ་འདོད།།
ཁ་ཉིན་བྱུང་བའི་དོན་རྐྱེན་དེ་འདྲར།།
ཁ་རོགས་ཨ་ཧོ་ཟེར་བ་དེ་དང་།།
ཁ་ངོ་མིག་ཆུས་བཀང་བ་བདེན་ན།།
ཁ་སྟོང་ལྕེ་ལ་བརྡར་ནས་མ་འདུག།།
ཁ་ལག་འགུལ་བའི་དུས་ལ་སླེབས་འདུག།།
ཁ་སྔོན་ང་དགུ་ལོ་ནས་བཟུང་ཏེ།།
ཁ་བ་ཚང་གི་གཅེས་ཕྲུག་རེ་རེ།།
ཁ་བ་བོད་པའི་བདེ་སྐྱིད་སླད་དུ།།
ཁ་ངོ་ཁྲག་གིས་བརྫིས་ནས་ཕྱིན་ཐལ།
ཁ་བའི་དཔའ་རྒོད་ཚང་མ་ཚར་ན་
ཁ་བ་ཚང་གི་གཏམ་རྒྱུད་རིང་མོ།།
ཁ་རྡུལ་ཉི་མས་བཞུས་འདྲར་རྫོགས་འགྲོ།
ཁ་བཏགས་རླུང་གིས་བསྐྱོད་ལྟར་ཟད་འགྲོ།
ཁ་དོག་བཀྲ་བའི་འཇའ་བཞིན་ཡལ་འགྲོ།
ཁ་བའི་བུ་ཕྲུག་བདག་ལ་མཚོན་ན།།
ཁ་ལག་འགུལ་བའི་ནུས་བ་མེད་ཀྱང་།།
ཁ་བ་ཚང་ལ་དུང་ཞེན་ཆེ་བས།།
ཁ་ཁོག་མེད་པར་བསམ་གཞིགས་བྱས་མཐར།།
ཁ་ནས་རྙོག་གཏམ་འདི་འདྲ་ཤོར་ཐལ།།
ཁ་ཤས་མ་འགྲིག་པ་རེ་ཡོད་ན།།
ཁ་ཡོད་ལག་ཡོད་བསམ་ཤེས་བྱས་ཏེ།།
ཁ་མཚར་ཞིག་གི་ཚུལ་དུ་འཛིན་རོག།།
བདེན་པར་སྣང་ངོ་།
ཁ་ཞེ་མཐུན་པའི་དྲང་གཏམ། །
ཁ་བའི་ལྗོངས་ལ་ཕུལ་འདུག །
ཁ་ཚ་དགོས་གཏུགས་འབེལ་གཏམ། །
ཁ་ཁར་མ་སྡོད་གསུངས་རོགས། །
ཁ་དོག་བཀྲ་བའི་འཇའ་བཞིན་ཡལ་འགྲོ།
བདེན་པ་འདུག་མང་ཙམ་འགོད་རོགས།