རྔ་བ་རྒྱལ་ཁམས་པ།
ལེའུ་དང་པོ།
ལོ་ན་ཕྲ་མོའི་དུས་ཚོད།
མི་ལོ་བཞི་བརྒྱ་ལྷག་གི་སྔ་རོལ་གྱི་ཡུ་རོབ་་ལུང་བ་དང་། ང་ཚོའི་དེང་སང་གི་འཚོ་བ་གཉིས་ཀྱི་བར་ཆེས་ཧ་ཅིང་གི་ཧེ་བག་ཆེན་པོ་ཡོད་པ་ཞིག་སྟེ། སྐབས་དེ་དག་ཏུ་བཟོ་གྲའམ། ཡང་ན། ཚོང་ལས་སོགས་ཀྱི་འགྲིམ་འགྲུལ་འཁོས་ཀ་ཧ་ཅིང་དམན་སྟབས། མི་ཕལ་ཆེར་ཞིག་ཞིང་པ་དང་། ཤིང་བཟོ། ཡང་ན། རྫ་བཟོ་སོགས་ཀྱི་ལས་ཀ་གཉེར་ཞིང་། སློབ་གྲར་སློབ་སྦྱོང་གི་སྲོལ་ཀ་དེ་ཙམ་དར་སོ་མ་ཕྱིན་པས། ཡི་གེ་འབྲི་ྐློག་རང་སྐྱ་འཕེལ་མཁན་ཉིན་སྐར་ལྟར་ཆེས་དཀོན་པོ་ཡིན་ལ། དཔེ་ཆ་དང་དཔེ་རིན་ནི་དེ་བས་ཀྱང་དཀོན་པོ་རིན་གོང་ཆེ་ངེས་ཤིག་ཡིན་པར་སྨོས་མེད་རེད། མི་རྣམས་ཀྱིས་ཡི་ཤིའི་གཙུག་ལག་ཁང་དང་། མཁས་པ་དག་གིས་གཙུག་ཆེར་བརྩིས་པའི་གནའ་བོའི་རོམ་གྱི་སྐད་ཡིག་འབྲི་ྐློག་བྱེད་ཅིང་། ང་ཚོས་ད་ལྟའི་སློབ་གཉེར་བྱེད་པ་ལྟ་བུ་ནི། སྤྱི་ཚོགས་དེ་དག་གི་སྐབས་ལ་ལྟོས་ན་རྨི་ལམ་གྱི་ཡུལ་ཞིག་ཡིན། སྤྱི་ལོ༡༥༦༤ལོ་ཟླ༢ཚེས༡༢ཉིན་ཞིག་ལ། ད་ལྟའི་ཨི་ཏྲ་ལིའི་ནུབ་བྱང་ས་ཁུལ་ཞིག་ཏུ། དགའ་ལི་ལེའོ་དགའ་ལི་ལེ་མཆོག་ཡབ་རོལ་མོའི་དགེ་རྒན་བའི་སེན་ཟེ་ཡོ་དགའ་ལི་ལེ་ཞེས་པའི་སྲས་སུ་སྐུ་འཁྲུངས་ཤིང་། ཁོང་ལ་སྲང་མོ་གཉིས་དང་། སྤུན་མཆེད་གཅིག་ལས་མེད་ལ། ཁྱིམ་རྒྱུད་ཀྱང་འབྱོར་ཕྱུག་མཛོམས་པོ་དེ་འདྲ་ཞིག་ཡིན་ཚོད་མི་འདུག འོན་ཏེ་སྔོན་གྱི་བག་ཆགས་བཟང་བོ་ཞིག་གིས། བྱིས་པ་དགའ་ལི་ལེའོ་མཆོག་རང་བཞིན་ཉིད་ཀྱིས་རིག་པ་རྣོ་ཞིང་། ཤེས་བྱ་ཡོན་ཏན་ལ་སློབ་གཉེར་དྭང་འདུན་གྱི་རང་གཤིས་བཅོས་མིན་ཕྱི་ལ་མངོན་པའི་ཉེར་ལེན་ལས། ཁོང་སྐུ་ན་ཕྲ་མོའི་སྒང་ནས་ཁྱིམ་ཚང་གི་གཅེས་སྐྱོང་འོག སྒེར་གཉེར་སློབ་དཔོན་ཞིག་བསྟེན་ཐུབ་པའི་གོ་སྐབས་བཟང་བོ་ཐོབ་ཅིང་། སྤྱི་ལོ༡༥༧༤ལོར་ཁོང་གི་ཁྱིམ་གཞིས་དེ་བཞིན་སྤི་ལོ་རེན་སི་ཞེས་པའི་ས་ཁུལ་ནང་གནས་སྤོས་བ་དང་། ས་གནས་དེའི་ཁ་མོལ་སྒྲོལ་སི་དགོན་པའི་གྲ་བ་དག་གིས་བརྩེ་གཟིགས་སློབ་ཁྲིད་འོག དགའ་ལི་ལེའི་སེམས་ཀྱི་ཞིང་སར་ཡོན་ཏན་གྱི་སྨྱུ་གུ་ཐོག་མར་འབུས་པའི་མགོ་ཚུགས་འདུག
ཡོམ་ཡོམ་གཡུགས་པའི་སྒྲོན་མེ
དགའ་ལི་ལེའོ་མཆོག་དགུང་གྲངས་བཅུ་བདུན་དུ་ཕེབས་པ་ན། སྨན་རམ་པ་ཞིག་ཏུ་ཆགས་འདོད་ཀྱི་ཐུགས་འདུན་ཤུགས་དྲག་ཅིག་གིས་རྒྱུད་དྲངས་ཏེ། སྤྱི་ལོ༡༥༨༡ལོར་ཕེ་ས་གཙུག་ལག་སློབ་གྲ་ཆེན་མོར་སློབ་ཞུགས་ཀྱིས་གསོ་རིག་ཐུགས་སྦྱོང་གནང་། ཉིན་ཅིག་གཙུག་ལག་ཁང་གི་ནང་ངོས་ཐོག་ཁེབ་ལས། ལྕགས་ཐག་རིང་བོས་བཏགས་པའི་སྒྲོན་མེ་ཆེན་པོ་ཞིག་ཕར་གཡུག་ཚུར་གཡུག་བྱེད་བཞིན་པ་གཟིགས་ནས། རང་ཉིད་ཀྱི་ཕྱག་རྩས་ཆུ་ཚོད་ཀྱི་ཚབ་བྱས་སྟེ། དེའི་འགུལ་སྐྱོད་ལ་བརྟག་པ་མཛད་པས། མདུན་རྒྱབ་གཉིས་སུ་གཡུགས་པའི་ནུས་པ་གཉིས་འདྲ་མཚུངས་ཡིན་པར་ཐུགས་ལ་ངེས་ཤིང་། དེ་རྗེས་རིང་བོར་མ་ཐོག་པར་སློབ་ཆེན་གྱི་དབྱིབས་ཚད་རྩིས་རིག་གི་སྐོར་ལ་སྦྱོང་བ་མཛད་འདུག འདི་ཙམ་ནི་ཁོང་ཐོག་དང་བོར་ཚན་རིག་གི་ཕྱོགས་སུ་འདུན་པ་གཡོས་པའི་ཚུལ་ཡིན་ལ། དེང་སང་ང་ཚོས་འདི་དག་ལ༼དངོས་ཁམས་རིག་པ་དང་། རྩིས་རིག༽ཅེས་འབོད་བཞིན་ཡོད། སྤྱི་ལོ༡༥༨༣ལོ་ནས་བཟུང་ས་གནས་དཔོན་པོའི་ཁྲིམས་ཁང་གི་སློབ་སྟོན་པ། དགའ་ལི་ལེའོའི་ཡབ་གཞིས་ཀྱི་གྲོགས་པོ་སྐུ་ཞབས་ཨོ་སི་གྲེ་རེ་མེ་ཞེས་འབོད་པའི་མཁས་པ་དེ་ཉིད་ཀྱིས་ཁོང་བར་དཔེ་ཁྲིད་ཞལ་ཏ་གནང་འདུག ལར་ནས་དུས་རབས་བཅོ་ལྔ་བའི་སྟོད་ཙམ་ནས་འཇིམ་བཟོ་དང་། བརྐོས་དཀྲོལ། ཚོན་བྲིས། ཁང་རྩིག་བཟོ་རིག་སོགས་ཀྱི་སྒྱུ་རྩལ་ཐད། དམིགས་བསལ་དོ་སྣང་གསར་བ་ཞིག་གི་མགོ་ཚུགས་ཤིང་། རིམ་པས་ཚན་རིག་གི་ཕྱོགས་ལའང་མཉམ་འཇོག་གི་དུས་སྐབས་གསར་བ་ཞིག་གི་སླེབས་ཡོད། ལོ་རྒྱུས་ཐོག་དུས་རབས་དེ་དང་མི་རབས་དེར་༼སྒྱུ་རྩལ་དང་ཡི་གེ་ཕྱི་དར་གྱི་དུས༽ཞེས་འབོད་པ་ཡིན། སྤྱི་ལོ༡༨༨༥ལོར་སློབ་ཡོན་སྤྲོད་མ་ཐུབ་པའམ། ཐུགས་དེ་ཙམ་མ་མཉེས་པ་གང་ཡིན་གསལ་བོར་མ་ཤེས་མོད། རྐྱེན་ཅི་ཞིག་གིས་དགའ་ལི་ལེའི་མཆོག་གློ་བུར་སློབ་ཆེན་ནས་ཕྱི་ལ་ཐོན་ཅིང་། དེ་རྗེས་ལོ་བར་ཆ་ཤས་རིང་སྤི་ལོ་རེན་སི་སློབ་གཉེར་ཁང་གི་ལེགས་སྦྱར་བའི་ཕྱག་ལས་གནང་། དེ་དང་ཆབས་ཅིག་པོ་ལོ་ཐང་དུ་འགྲིལ་བའི་གཡོ་འགུལ་དང་། རྩེད་གྲུ་ཆུ་ཁར་གཡེངས་པའི་རྣམ་འགྱུར། ཆུ་ཚོད་འཁོར་ལོའི་དཔྱངས་རྡོའི་ཡོམ་ལང་བཅས་ཀྱི་ཐོག ཉམས་ཞིབ་མཛད་ནས་དེ་དག་གི་འགུལ་ཤུགས་དང་། དུས་ཚོད་སོགས་རྩིས་རིག་གི་ལམ་ནས་གཏན་འབེབས་འགྲེལ་བརྗོད་ཞུས་ཤིང་། སྤྱི་ལོ༡༥༨༦ལོར་རང་ཉིད་ཀྱི་ཐུགས་སྦྱོང་ཉམས་མྱོང་དང་བསྟུན། ཆུ་ཚད་བརྟག་རིག་གསར་བ་ཞིག་གསར་གཏོད་བྱས་པས། ཨི་ཏྲ་ལིའི་རྒྱལ་ཁམས་ནང་སྙན་པ་ཆེས་ཆེར་རྒྱས་ནས་དངུལ་ཡང་དགའ་རབ་ཅིག་བཟོ་ཐུབ་པ་བྱུང་བས་མ་ཚད། དངོས་པོ་ཐམས་ཅད་ལ༼དབུས་ཀྱི་འཐེན་ཤུགས༽ཤིག་ཡོད་སྐོར་ཚན་རིག་གི་བསམ་བློའི་ལྟ་ཚུལ་གསར་བ་ཞིག་འདོན་སྤེལ་མཛད་པས། རྩོམ་ཡིག་དེས་མི་མང་བོར་གཡོ་འགུལ་ཐེབས་ཏེ། ཁོང་ཁེ་ས་གཙུག་ལག་སློབ་ཆེན་གྱི་རྩིས་རིག་མཁས་པའི་གོ་སར་ཕེབས་ཐུབ་པར་དངོས་འབྲེལ་གྱི་རོགས་ཕན་ཤུགས་ཆེ་ཞིག་བྱས་འདུག ལོ་བར་བརྒྱ་ཕྲག་མང་བོའི་རིང་མི་མང་དག་གིས་གནའ་བོའི་དགུ་རིག་གི་མཚན་ཉིད་པ་ཆེན་པོ་ཨ་རེ་སི་ཁྲོ་ཁྲལ་མཆོག་གི་ལྟ་གྲུབ་ཐད། ལུང་རིགས་ཚད་ལྡན་གྱི་བརྟག་པ་ཅིའང་མ་བྱས་པར་ཡིད་ཆེས་ཚད་མར་བཟུང་ཞིང་། དགའ་ལི་ལེའོ་ཕེབས་ནས་ཨ་རེ་སི་ཁྲོ་ཁྲལ་མཆོག་གི་འདོད་པ་ལྟར་གྱི་དངོས་པོ་ལྕི་ཤོས་གང་ཡིན། ཡང་ཤོས་ལས་ཐང་དུ་ལྷུང་བ་ཆེས་མྱུར་ཅིང་སྔ་བར་བཤད་པའི་ལྟ་ཚུལ་དེར་དངོས་སུ་བརྟག་པ་མཛད་དེ། ཆེ་ཆུང་གཅིག་མོད་ལྕི་ཡང་མི་མཚུངས་པའི་དངོས་པོ་གཉིས་མཉམ་པོར་གཡུགས་པ་དུས་གཅིག་ཐང་དུ་སླེབས་པ་སོགས། སྲོལ་རྒྱུན་གྱི་ལྟ་ཚུལ་དངོས་དོན་ལ་མ་རེག་པའི་རིགས་ལ་ཚན་རིག་དང་མཐུན་པར་ཞིབ་འཇུག་བྱས་ནས། བདེན་རྫུན་དབྱེ་འབྱེད་ཀྱི་ཕུ་ཐག་གསལ་བོར་བཅད་ཅིང་། ཁོང་མ་ཕེབས་ཡར་སྔོན་གྱི་དུས་རབས་བཅོ་བརྒྱད་ཡས་མས་ཤིག་གི་ནང་བྱུང་བའི་གནའ་རབས་ཀྱི་རྩིས་པ་སྙན་གྲགས་ཅན། ཨར་ཆས་མེ་སྒྲི་སི་མཆོག་གི་ལྗིད་ཚད་བརྟག་རིག་ལ་ལེགས་བཅོས་ཡར་རྒྱས་བཏང་སྟེ། སྐབས་དེའི་སྤྱི་ཚོགས་ནང་གསེར་དངུལ་གྱི་མགར་བ་དག་གིས་བཟང་ངན་གཉིས་སླད་ཀྱིས། མི་སེར་དག་ལ་མགོ་གཡོག་རྫུན་སྐོར་བྱེད་བཞིན་པ་ཚར་བཅད་རྗེས་གནོན་གྱིས་རྟིང་འཛིན་ནན་པོ་བྱས་འདུག དེ་ཡང་ལྗིད་ཚད་བརྟག་ཆས་དེ་བཞིན་ང་ཚོའི་དཀྱུས་མའི་རྒྱ་མ་ལྟ་བུ་ཞིག་ཡིན་ཞིང་། ཕྱོགས་གཅིག་གི་སྲང་ལྡེར་ཐོག་རྒྱ་རྡོ་དང་། ཕྱོགས་གཞན་གྱི་རྒྱ་ཐག་སྣེ་མོར་གཞལ་བྱའི་གསེར་དངུལ་སོགས་གང་ཡིན་བཏགས་ནས། འོག་ཏུ་ཆུ་ཟོ་བ་གང་བཞག་པའི་སྟེང་བརྟག་པས་དངོས་རིགས་ཡང་མོ་དག་ཆུ་ཁར་གཡེངས་ཤིང་། ལྕི་མོ་རྣམས་ཆུ་ལྐུབ་ཏུ་པྱིང་འགྲོ་བ་ལྟ་བུ་ཞིག་ཡིན་ཚོད་ལ། རང་རེས་བཀོལ་སྤྱོད་བྱེད་བཞིན་པའི་དཀྱུས་མའི་རྒྱ་མའང་དེ་འདྲ་ཞིག་ལ་བརྟེན་ནས་བྱུང་བ་ཞིག་ཨེ་ཡིན་སྙམ་མོ།།
ལེའུ་གཉིས་པ།
རྩིས་རིག་མཁས་ཆེན།
སྐུ་ཞབས་དགའ་ལི་ལེའོ་མཆོག་ཕེ་སར་ལོ་བར་གསུམ་བཞུགས་རྒྱུན་རིང་། བྱ་དངོས་འགུལ་སྐྱོད་སྐོར་གྱི་རྩོམ་ཡིག་གང་མང་ཞིག་སྤེལ་ཞིང་། ཁོང་གིས་དངོས་པོ་གང་ཞིག་མགྱོགས་ཚད་ངེས་ཅན་ཞིག་གི་ཐོག ཐང་དུ་ལྷུང་བའམ། འགྲིལ་བཞིན་པའི་སྐབས་གསེད་འགྲོས་བྱེད་པའི་རྒྱུ་མཚན་གྱི་ཐོག་བསམ་གཞིགས་མང་བོ་གནང་ཞིང་། དེ་བཞིན་པོ་ལོ་དང་། འཁོར་མདའ། ཤུགས་མཆོང་ཚུན་ཆོད་ཀྱི་ཐོག་ཏུའང་བརྟག་ཞིབ་གནང་སྟེ། དེ་དག་གི་གྲུབ་དོན་རྩིས་ཀྱི་ལམ་ནས་གཏན་འབེབས་ཞུས་འདུག ཁོང་གིས་དགེ་སློབ་ཚང་འཛོམས་ཤིག་གི་དབུས་སུ་དབྱིབས་དང་ཆེ་ཆུང་གཅིག་ཀྱང་། ལྕི་ཡང་མི་མཚུངས་པའི་དངོས་པོ་གཉིས་ས་ཁུལ་དེའི་ཁང་རྩེག་མཐོ་ཤོས་ཀྱི་སྟེང་ཁྱེར་ནས། ཁང་ཐོག་ནས་མཉམ་པོར་ཐང་དུ་གཡུགས་པ་སྲོལ་རྒྱུན་རིག་པ་ལྟར་ན། པོ་ལོ་ལྕི་ཤོས་དེ་སྔ་མོར་ཐང་དུ་ལྷུང་དགོས་མོད། པོ་ལོ་གཉིས་ཆ་དཀྱུས་གཅིག་ཐང་དུ་སླེབས་འདུག དེ་ལྟར་ནའང་། དགེ་སློབ་ཚང་མས་སྲོལ་ལུགས་མཁྲེགས་འཛིན་ལྟ་བུས། ཁོང་གི་ལྟ་ཚུལ་དེར་ངོས་ལེན་ཉན་འཇོག་མ་གནངས་སྟབས། གནས་ཚུལ་དེ་བཞིན་གཙུག་ལག་སློབ་ཆེན་དེའི་རྩོད་གླེང་གི་ལྟེ་བར་ཆགས་ཡོད། དགའ་ལི་ལེའོའི་བརྟག་དཔྱད་ཞིབ་འཇུག་གི་གྲུབ་དོན་མང་བོ་ཞིག ཨ་རེ་སི་ཁྲོ་ཁྲལ་གཙོ་བོར་གྱུར་པའི་གནའ་བོའི་མཚན་ཉིད་པ་དག་གི་ལྟ་ཚུལ་དང་། གཏན་མ་མཐུན་པར་འགལ་བ་ལྟག་སྤྲོད་ལྟ་བུར་སོང་ཞིང་། ཁོང་གིས་ཕྱག་ལས་དེ་དག་གིས་དགེ་སློབ་གཉིས་ཆར་ཁོང་ཁྲོ་ཆེན་པོ་ཞིག་བསླངས་འདུག་པར་གཞིགས་ན། སྐབས་དེའི་མཁས་བླུན་ཚང་མ་བྱ་བརྒྱ་འུར་གཅིག་གིས་དེད་པ་ལྟར། ལུང་གི་ཁ་འཛིན་ཧ་ཅིང་ཤུགས་ཆེན་པོ་ཞིག་ཡིན་པར་སྨོས་མ་དགོས་པ་ཞིག་རེད། རྩོད་རྙོག་མང་བོ་ཞིག་ལ་གཟུར་ཆེད་སྤྱི་ལོ༡༥༩༢ལོར་དགའ་ལི་ལེའོ་མཆོག གྲོང་ཁྱེར་བེ་ན་སི་དང་ཁད་ཉེ་བའི་སློབ་གྲ་ཕ་སྒྲོའི་ཨ་ཞེས་པར་བཞུགས་གནས་སྤར་ཞིང་། སློབ་ཆེན་དེ་ཉིད་ཀྱི་ནང་རྩིས་རིག་མཁས་ཆེན་གྱི་མཚན་གནས་བཞེས་པས། སློབ་གྲའི་དབང་འཛིན་དག་གིས་ཁོང་གི་ངོ་སོར་བལྟས་ཏེ། མི་རྣམས་ལ་རང་རང་གི་ལས་ཀའི་ཐད་སྨྲ་བརྗོད་ཀྱི་རང་དབང་སྤྲད་ཅིང་། དགའ་ལི་ལེའོས་ཀྱང་དངུལ་འབོར་ཆེན་ཞིག་བསགས་ཐུབ་པ་བྱུང་འདུག འོན་ཏེ། སྟབས་མ་ལེགས་པ་ཞིག་ལ། སྤྱི་ལོ༡༥༩༡ལོར་ཁོང་གི་ཡབ་འདས་གྲོངས་སུ་སོང་སྟབས། སྲང་མོ་གཉིས་ཀྱི་བག་རྫོང་དུ་འགྲོ་སོང་ཆེན་པོ་སོང་བ་དང་། གཅུང་རོལ་མོ་བ་མེ་ཁོ་ལན་ལྗི་ལོ་མཆོག་ལའང་དངུལ་ཁྱོན་ཆེ་ཞིག་སྦྱིན་གཏོང་བྱས་པ་སོགས། ཁྱིམ་ཚང་གི་འཚོ་བའི་ཐོག་ལྟ་རྟོགས་མ་ཞུས་མཐུ་མེད་བྱུང་བས། ཁོང་ནམ་ཡང་འབྱོར་ལྡན་ཞིག་ཏུ་ཆགས་མ་ཐུབ། ལར་ནས་རྒྱ་གར་བའི་ངག་རྒྱུན་ཞིག་ཏུ། ཤེས་རབ་ཅན་ལ་ནོར་རྒྱུན་མ་མི་དགྱེས། འབྱོར་བ་ཅན་ལ་དབྱངས་ཅན་མ་མི་མཉེས། ལྷ་མོ་དེ་གཉིས་ཤེས་རབ་དང་འབྱོར་བའི་དབང་གིས་ཕན་ཚུན་ཕྲག་པ་དོག་ཅེས་བརྗོད་སྲོལ་ཡོད་པ་ལྟར། ང་ཚོས་ཞིབ་ཚགས་བསམ་བློ་ཞིག་གཏོང་རྒྱུ་ཡིན་ན། མཁས་ཆེན་འབྱོར་ལྡན་ཞིག་དང་ཕྱུག་པོ་མཁས་པ་ཞིག་ནི། རེ་ཟུང་མ་གཏོགས་ཆེས་ཧ་ཅིང་གི་དཀོན་པོ་ཞིག་ཡིན། སྐུ་ཞབས་དགའ་ལི་ལེའོ་མཆོག་གིས་ལོ་བར་བཅོ་བརྒྱད་རིང་། ཕ་ར་སྒྲོའི་གཙུག་ལག་སློབ་ཆེན་གྱི་མཁས་པའི་གོ་གནས་བཞེས་ཤིང་། སློབ་ཆེན་དེར་ཁོང་གིས་གཙོ་བོར་དངོས་ཁམས་རིག་པ་དང་། གནམ་རིག་སློབ་ཁྲིད་གནང་བས་མ་ཚད། སྔར་རྒྱུན་གཡོ་འགུལ་དང་མྱུར་ཚད་ཀྱི་ཐོག་ཕྱག་ལས་མུ་མཐུད་གནང་ཡོད། ཁོང་གིས་ནམ་ཡང་གཉེན་སྒྲིག་བྱས་མ་མྱོང་མོད། སློབ་ཆེན་དེར་བཞུགས་རྒྱུན་རིང་བུ་མོ་མ་རིའི་ན་ཁམ་བྷ་ཞེས་པ་དང་མཉམ་པོར་སྲས་མོ་གཉིས་དང་། སྲས་གཅིག་འཁྲུངས་འདུག
ཁོ་ཕུར་ནེ་ཁོས་སི།
སྤྱི་ལོ༡༥༩༧ལོའི་ནང་དགའ་ལི་ལེའོས་རང་ལས་དུས་རབས་ཕྱེད་ཀ་ཙམ་གྱིས་སྔོན་དུ་ཕེབས་པའི་ཕོ་ལི་ཤིའི་གནམ་རིག་པ། ནེ་ཁོ་ལ་སི་ཁོ་ཕུར་ནེ་ཁོས་སི་ཞེས་པའི་ཕྱག་ལས་སྐོར་ྐློག་སྦྱོང་བྱས་ཤིང་། ཕྱག་དཔེ་དེར་རྩོམ་པ་པོས་སའི་གོ་ལ་དང་། གཟའ་སྐར་གཞན་དག་གིས་ཉི་མའི་མཐའ་འཁོར་ན་སྐོར་བ་རྒྱག་བཞིན་ཡོད་པར་རྒྱུ་མཚན་བཅས་གསལ་བོར་བཤད་ཅིང་། ལྟ་ཚུལ་དེ་ནི་སའི་གོ་ལ་འཇིག་རྟེན་གྱི་ལྟེ་བར་འདོད་པའི་གྲུབ་མཐའ་དང་གཏན་མི་མཐུན་པ་ཞིག་ཡིན། དགའ་ལི་ལེའོས་ལྟ་ཚུལ་དེ་བཞིན་རང་གི་བསམ་འཆར་དང་ཧ་ཅིང་མཐུན་པོ་ཡོད་པར་གཟིགས་པ་མ་ཟད། དཔེ་ཆ་དེས་ད་དུང་ཁོང་གི་འདོད་པ་ལྟར་གྱི་རྒྱ་མཚོའི་རྦ་རླབས་གྱེན་དུ་འཕྱོ་བ་དང་། རྦ་རྒྱུན་མཚོ་ལ་འཇགས་འགྲོ་བའི་རྒྱུ་མཚན་ཐད་འགྲེལ་བརྗོད་ཁ་གསལ་ཞིག་གནང་འདུག་པ་གཟིགས་པས། ཐུགས་འགུལ་ཆེན་པོ་ཞིག་ཐེབས་ཏེ་ཁོ་ཕིར་ནེ་ཁ་སི་མཆོག་གི་ཕྱག་བཞེན་རྒྱུན་འཛིན་བདག་ཉར་གནང་མཁན། འཇར་མན་གྱི་གནམ་རིག་པ་དང་རྩིས་རིག་པ་གྲགས་ཅན་སྐུ་ཞབས་ལྗོ་ནེ་སི་ཁེབ་ལིར་དམིགས་བསལ་ཕྱག་ཡིག་ཅིག་སྤྲིངས་ཤིང་། ཡི་གེ་དེར་ཁོང་གིས་བརྗོད་གསལ༼ངོས་ནས་སྐུ་ཞབས་ཁོ་ཕུར་ནེ་ཁ་སི་མཆོག་གི་ལྟ་ཚུལ་དེ་དག་བདེན་པ་རེད་བསམ་གྱིན་འདུག འོན་ཀྱང་། ཁོང་གིས་བསམ་ཚུལ་དེ་ཡོངས་བསྒྲགས་བྱས་ན་སྲོལ་རྒྱུན་ཆོས་རིག་གི་ལྟ་ཚུལ་ལ་རྒོལ་གཏམ་བྱས་དོག་ལྟ་བུས་ཡོངས་བསྒྲགས་མ་བྱས་པ་ཞིག་ཡིན་པར་སྣང༽ཞེས་གསུངས་འདུག
ཉི་མའི་ཁྱིམ་རྒྱུད་ཀྱི་ལྟ་ཚུལ་ཆེ་ཁག་གཉིས།
སྤྱི་ལོ་མ་ཚུགས་ཡར་སྔོན་གྱི་ལོ་བརྒྱ་དང་སུམ་ཅུ་ཡས་མས་ཀྱི་ནང་བྱོན་པ། གནའ་བོའི་དགུ་རིག་གི་གནམ་རིག་པ་ཆེན་པོ་ཕི་ཁྲོ་ལེ་མའི་མཆོག་གིས། ཨ་རེ་སི་ཁྲོ་ཁྲལ་གྱི་ལུགས་ཡར་རྒྱས་དར་སྤེལ་བཏང་སྟེ། སའི་གོ་ལ་དང་། ཉི་ཟླ་གཙོ་བོར་གྱུར་པའི་ནམ་མཁའི་གཟའ་སྐར་གྱི་འགུལ་བསྐྱོད་དེ་ཕན་ཚུན་གཅིག་གིས་གཅིག་ལ་འབྲེལ་བ་ཡོད་པར་འགྲེལ་བརྗོད་གནང་ཞིང་། ཁོང་ལྟར་ན། སའི་གོ་ལ་འདི་བཞིན་ཀུན་གྱི་ལྟེ་བ་ནམ་ཡང་གཡོ་འགུལ་མེད་ལ། གཟའ་སྐར་གཞན་དག་དེ་ཉིད་ཀྱི་མཐའ་འཁོར་དུ་སྐོར་བ་རྒྱག་བཞིན་ཡོད་ཚུལ་གསལ་བཤད་བྱས་པ་དེ་ལ། ཡོངས་གྲགས་༼ཕི་ཁྲོ་ལེ་མའི་ལུགས་ཀྱི་དངོས་ཁམས་བརྒྱུད་རིམ༽ཞེས་བརྗོད་ཅིང་། ལྟ་བ་འདི་ལ་དུས་རབས་བཅུ་དྲུག་བར་དུ་མི་ཚང་མས་ཡིད་ཆེས་བྱས་ཡོད། ལྟ་ཚུལ་གཞན་པ་དེ་ནི། ཁོ་ཕིར་ནེ་ཁ་སའི་ལུགས་ཡིན་ལ། ལུགས་འདི་ལྟར་ན་ས་གཞི་ལྟེ་བ་མ་ཡིན་པར་ཉི་མ་རེ་རེར་རང་འཁོར་རྒྱག་བཞིན་ཡོད་པ་དང་། དེ་ཉིད་ཀྱིས་ཉི་མའི་མཐའ་འཁོར་དུ་གཟའ་སྐར་གཞན་དང་མཉམ་པོར་སྐོར་བ་བྱེད་བཞིན་ཡོད་སྟབས། ཉི་མ་ནི་ཉི་མའི་འོད་ཁྱིམ་གྱི་ལྟེ་གནས་ཡིན་པར་བཤད་པ་དེ་ལ། ཡོངས་གྲགས་Heliocentric System ཞེས་བརྗོད་ལ། ལྟ་ཚུལ་དེ་དངོས་འབྲེལ་གྱི་བདེན་དོན་ཞིག་ཡིན་པར་གནམ་རིག་པ་དག་གིས་ངོས་འཛིན་ཐག་གཅོད་ཞུས་ཡོད། དེར་བརྟེན། དུས་རབས་བཅོ་ལྔ་བའི་མགོ་སྟོད་དུ་བྲིས་པའི་ཉི་མའི་འོས་ཁྱིམ་གྱི་བཀོད་དབྱིབས་ནང་སའི་གོ་ལ་ལྟེ་བ་དང་། དུས་རབས་བཅུ་དྲུག་པའི་མགོར་བྲིས་པའི་བཀོད་པའི་ནང་ཉི་མ་ལྟེ་བར་བྱས་ཡོད་དོ།།
ལེའུ་གསུམ་པ།
མཚན་དུས་ཀྱི་མཁའ་ཞིབ།
སྤྱི་ལོ༡༦༠༤ལོར་ཧ་ཅིང་རྒྱང་ཐག་རིང་བོའི་འཇིག་རྟེན་གྱི་མཁའ་ྐློང་ཡངས་པོར། དེ་སྔ་མཐོང་མ་མྱོང་བའི་དངོས་པོ་འོད་ཆེན་ཞིག་གློ་བུར་བྱུང་ཞིང་། མི་ཆེས་ཉུང་ཤོས་ཤིག་མ་གཏོགས་དེའི་སྐོར་གསང་བ་ལྐོག་གྱུར་གྱི་གནས་སུ་གྱུར། དོན་དངོས་ཐོག་དེ་ནི་སོས་པོར་ན་བ་ཞེས་པའི་རྒྱུ་སྐར་ཆེན་པོ་ཆུ་ཚོད་གཅིག་གམ་ཉིན་གཅིག་ཡས་མས་ཀྱི་རིང་། གློ་བུར་བཀྲངས་མདངས་ཆེན་པོ་རྒྱས་པས་ཉིན་མོའང་མཐོང་ཐུབ་པ། དེ་རྗེས་ག་ལེར་ཡལ་འགྲོ་ངེས་ཞིག་ཡིན། དེའང་ད་ཕན་ང་ཚོའི་འཛམ་གླིང་འདིའི་ལོ་རྒྱུས་ནང་སྤྱི་ལོ༡༠༥༤ལོ་དང་། ༡༥༧༢། ༡༦༠༤བཅས་ཐེངས་གསུམ་ཙམ་ལ་ཡོང་མྱོང་བ་ལས། ཕྱི་མ་དེ་དགའ་ལི་ལེའོས་དངོས་སུ་གཟིགས་མྱོང་ཡོད་པ་དེ་ཡིན། དེ་ལ་བརྟེན་ནས་སྐབས་དེའི་སྤྱི་ཚོགས་གྱི་གནམ་རིག་པ་དག་གིས། གཟའ་སྐར་གྱི་གནས་སྟངས་དེ་བཞིན་ཨ་རེ་སི་ཁྲོ་ཁྲལ་དང་། ཡུ་ཤིའི་ཆོས་བརྒྱུད་ཀྱི་འདོད་པ་ལྟ་བུའི་ཕུན་སུམ་ཚོགས་ལ་འཕོ་འགྱུར་བྲལ་བ་དེ་འདྲ་ཞིག་མ་ཡིན་པར་ཡིད་ཆེས་ངེས་རྙེད་ར་སྤྲོད་གསལ་བོ་བྱུང་ཞིང་། དགའ་ལི་ལེའོ་མཆོག་ལ་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་སྔར་ལྷག་ཡར་བསྐྱེད་དར་སྤེལ་གྱི་སྤོབས་པ་ནོན་མ་ཞིག་འཁྲུངས་འདུག སྤྱི་ལོ་༡༦༠༤ལོར་ཁོང་གིས་གསར་གཏོད་བྱས་པའི་༼ཐིག་ཚད་ཕྱོགས་སྟོན་འཁོར་ལོའི༽འགྲེལ་དཔེ་ཞིག་པར་སྐྲུན་ཞུས་ཤིང་། དེ་ནི་པར་སྐྲུན་བྱས་པའི་ཁོང་གི་དཔེ་དེབ་ཐོག་མ་དེ་ཡིན་ལ། དེ་རྗེས་སྤྱི་ལོ༡༦༠༩ལོར་ཁོང་གིས་ཧོ་ལན་སྒྲིའི་ལུང་པ་ནས། ཧན་སི་ལེ་ཕིར་ཤེ་ཞེས་པའི་མི་ཞིག་གིས་ཐིག་ཐིག་ཕྲན་གྱི་འགུལ་ཤུགས་ལས་། བལྟ་ཡུལ་རང་གནས་ལས་ཐག་ཇེ་ཉེར་འཐེན་ཐུབ་པའི་རྒྱང་ཤེལ་གསར་བ་ཞིག་གསར་གཏོད་བྱས་པའི་གནས་ཚུལ་གོ་ཐོས་བྱུང་ཞིང་། དེས་དགའ་ལི་ལེའོར་རང་ཉིད་ཀྱིས་རྒྱང་ཤེལ་ཞིག་བཟོ་སྐྲུན་བྱེད་པའི་འདུན་པ་འཁྲུངས་ནས། ཟླ་ཤས་ནང་བལྟ་ཡུལ་བརྒྱ་ཆ་སུམ་ཅུ་སོ་གཉིས་ཙམ་ཆེ་རུ་གཏོང་ཐུབ་པའི་ནུས་པ་ཅན་ཞིག་བཟོ་སྐྲུན་མཛད་ཅིང་། དེ་ནི་གོང་གི་རྒྱང་ཤེལ་ལས་ལྡབ་ལོག་གིས་ཤུགས་ཆེ་ཞིང་ཇེ་གསལ་དུ་སོང་འདུག་པར་མངོན་ལ། རྒྱང་ཤེལ་དེ་དག་ནི་མཚན་མོའི་ནམ་མཁར་གཟིགས་རྟོགས་བྱས་ཐུབ་པའི་རྒྱང་མཐོང་ཐོག་མ་དེ་ཡིན་ལ། དེ་ནས་རིང་བོར་མ་ཐོགས་པར་ཡུ་རོབ་ཀྱི་ལུང་བ་དག་གི་ནང་། ཡོངས་ཁྱབ་ཀྱིས་བེད་སྤྱོད་བཏང་འདུག དགའ་ལི་ལེའོར་རྒྱང་མཐོང་བཟོ་སྐྲུན་བྱས་པའི་ཆེ་བསྟོད་བདག་རྒྱན་དུ། བེ་ན་སའི་གྲོང་གི་སྤྱི་ཁྱབ་པ་དག་གིས་ཁོང་བར་མི་ཚེའི་མཁས་ཆེན་གྱི་གོ་མིང་བསྩལ་ཐོག གླ་ཕོག་ཆེན་པོ་སྤར་བ་ནས་བཟུང་དཔལ་འབྱོར་གྱི་ཐུགས་ངལ་གཞི་ནས་མེད་པར་ཆགས་འདུག་གོ།
གནམ་རིག་ནང་གི་གསར་བརྗེ།
དགའ་ལི་ལེའོ་མཆོག་གིས་ཟླ་ཁོངས་ཉུང་ཉུང་ཞིག་གི་ནང་། སྐར་དཔྱད་བྱས་ཏེ་གལ་གནད་ཆེ་བའི་ཤེས་བྱ་མང་བོ་ཞིག་ཤེས་རྟོགས་བྱུང་བ། ཁོང་གི་བརྩམས་ཆོས༼སྐར་ཚོགས་ཕོ་ཉ༽ཞེས་པའི་ནང་པར་འགོད་གནང་ཡོད་ལ། དཔེ་ཆ་དེར་ཁོང་གིས་ཟླ་བའི་གོ་ལ་འདི་ཉིད་ང་ཚོས་མཐོང་སྣང་ལྟ་བུའི་ལེབ་མོ་འཇམ་ཐང་ཞིག་མ་ཡིན་པར། སྒང་གཤོངས་ཅན་གྱི་རི་ཚོགས་མང་བོ་ཡོད་པ་དང་། སྐར་མ་ས་ཡ་མང་བོ་ཁྱུ་འདུས་བྱས་པ་ལས་ནམ་མཁའ་སྟོང་བའི་དབྱིངས་སུ་དགུ་ཚུགས་གྲུབ་པ་དང་། གཟའ་ཆེན་ཕུར་བུའི་མཐའ་འཁོར་ན་ཟླ་བ་མང་བོ་རྒྱུ་འགྲུལ་བྱེད་བཞིན་ཡོད་ཚུལ། ཉི་མ་རང་ངོས་ན་ཡོད་པའི་ནག་ཐིག གཟའ་སྐར་གཞན་གྱི་ངོས་ན་ཡོད་པའི་གྲུབ་ནག་གི་ཆ། གཟའ་སྤེན་པ་དེ་བཞིན་ཟླུམ་པོ་ཞིག་མ་ཡིན་པར་དབྱིབས་རིང་བོར་རྒྱ་བསྐྱེད་བཞིན་ཡོད་ཚུལ་ལས་བརྩམས་ཏེ་གསང་བ་ལྐོག་གྱུར་གནས་མང་བོ་ཞིག་གསལ་བཤད་བྱས་ཡོད། དུས་ཕྱིས་གཟའ་སྤེན་པ་ཟླུམ་པོ་མ་ཡིན་པར་བཤད་པ་དེ་གཟའ་དེའི་གདུབ་གོར་གྱི་དབྱིབས་ལ་བརྟེན་ནས་དེ་ལྟར་གསུངས་པ་ཞིག་ཡིན་པར་ར་སྤྲོད་བྱུང་འདུག དེ་ཡང་དགུ་ཚུགས་ཀྱི་སྐོར་ལ་དགོད་བྲོ་བའི་གཏམ་རྒྱུད་འདི་འདྲ་ཞིག་མཐོང་སྟེ། གནའ་བོའི་དགུ་རིག་དག་གི་བཤད་སྲོལ་ཞིག་ལ། ནམ་མཁའི་ལྷ་མོ་ཞིག་གིས་རང་གི་བུ་རྒྱུད་དག་གསོ་སྐྱོང་སྐྱེད་སྲིང་ཆེད། འོ་འཛིན་ཕྱག་གིས་གཅུན་པའི་འོ་མ་མཁའ་ལམ་དུ་བྲན་པ་དགུ་ཚུགས་ཀྱི་ངོ་བོར་གྱུར་པ་ཞིག་ཡིན་ཞེས་ཟེར་རོ།། གང་ལྟར་ཡང་། སྐབས་དེར་དགའ་ལི་ལེའོས་གཟའ་ཆེན་ཕུར་བུའི་མཐའ་འཁོར་ན་ཟླ་བ་མང་བོ་ཞིག་སྐོར་བ་བྱེད་བཞིན་པ་ཤེས་རྟོགས་བྱུང་བ་ནི། ཆེས་ཧ་ཅིང་གི་གནད་འགག་ཆེན་པོ་ཞིག་སྟེ། དེ་ཉིད་ཀྱིས་ཕུ་ཁྲོ་ལེ་མའི་ལུགས་ལྟར་གྱི་ས་ལྒང་འཇིག་རྟེན་གྱི་ལྟེ་བར་བྱས་པའི་གྲུབ་མཐར་དངོས་དོན་དཔང་བཙུགས་ཀྱིས་སུན་འབྱིན་བྱས་པ་རེད། དེར་བརྟེན་དགའ་ལི་ལེའོས་དེ་སྐོར་སློབ་ཆེན་དང་མཉམ་པོར་ཉོག་དྲ་ཞིག་ཡོང་རྒྱུ་ཡིན་པ་སྔ་བོ་ནས་ཚོད་གིས་ཐུག་སྟེ། ཁོང་གི་གཟིམས་ཤག་སྤི་ལོ་རིན་སི་ཞེས་པའི་སར་གནས་སྤོས་འདུག་གོ། སྤྱི་ལོ༡༦༡༡ལོར་ཁོང་གིས་རང་ཉིད་ཀྱི་རྒྱང་ཤེལ་གསར་བ་ཚན་རིག་པ་དང་། གལ་གནད་ཆེ་བའི་མི་སྣ་དག་ལ་གཟིགས་མོར་འགྲེམས་ཆེད་རོམ་དུ་ཕེབས་ཤིང་། ཡུ་ཤིའི་གཙུག་ལག་ཁང་གི་དབང་འཛིན་མི་སྣ་དང་། ཚན་རིག་པ་དག་གིས་ཁོང་གི་ཕྱག་བཞེས་དེ་དག་ལ་བཟང་ཕྱོགས་ཀྱི་ངོས་འཛིན་གདེངས་འཇོག་ཞུས་པའི་ཉེར་ལེན་ལས། སྤྱི་ལོ༡༦༠༦ལོར་རྩ་འཛུགས་བྱས་པའི་ཨི་ཏྲ་ལིའི་ཚན་རིག་མཐུན་ཚོགས་ཀྱི་ཚོགས་མིར་ཚུད། དེ་ནས་སྤྱི་ལོ༡༦༡༣ལོར་ཁོང་གིས་ཉི་མའི་བཞིན་རས་ཀྱི་ནག་ཐིག་ཐད་ཉམས་ཞིབ་རྩོམ་བྲིས་སྤེལ་བ། ཚན་རིག་མཐུན་ཚོགས་ཀྱི་ངོས་ནས་པར་འདེབས་མཛད་ཅིང་། ཡི་གེ་དེར་ཁོང་གིས་ཁོ་ཕིར་ནེ་ཁོ་སིའི་ལུགས་ལ་མངོན་གསལ་དོད་པོས་རོགས་སྐྱོར་བྱས་སྟབས། རང་ཉིད་ཀྱི་སྐུའི་བདེ་འཇགས་ཐད་ཉེན་ཚབ་ཆེན་པོར་ཐུག་འདུག དེ་ཡང་གོང་གསལ་ཉི་མའི་ནག་ཐིག་ཅེས་པ་ནི། ང་ཚོས་ཉི་མའི་བཞིན་རས་ལ་གཟབ་བལྟས་བྱས་ན་ནག་ཐིག་ལྟ་བུ་མང་བོ་ཞིག་མཐོང་རྒྱུ་ཡོད་ཅིང་། དོན་དངོས་ཐོག་དེ་ནི་དཀྱུས་མའི་ནག་ཐིག་ཅིག་མ་ཡིན་པར་འོད་དང་བཅས་པ་ཞིག་ཡིན་མོད། རང་གི་ཁོར་ཡུག་གི་ཉི་ཟེར་དག་ཧ་ཅིང་བཀྲགས་མདངས་ཆེ་སྟབས། དེའི་འོད་མདངས་རང་བཞིན་གྱིས་བཅོམ་པའམ། ཉམ་དམའ་བར་བྱས་པས་ནག་ཐིག་ལྟ་བུ་ཞིག་མཐོང་སྣང་ལ་ཤར་གྱི་ཡོད་པར་སྣང་ངོ་།།
ལེའུ་བཞི་བ།
ཡུ་ཤིའི་དབང་འཛིན་དང་གྱོད་ལ་ཐུག་པ།
མི་སུ་ཞིག་གིས་ཡུ་ཤིའི་ཆོས་གཞུང་གི་བསྟན་དོན་ངོས་ལེན་མ་བྱས་པ་ཡིན་ན། ལྟ་ལོག་པ་ཞིག་ཏུ་ངོས་འཛིན་གྱིས་ཆད་པ་ཇི་དགར་གཅོད་ཐུབ་པའི་དབང་ནུས་ཡོད་སྟབས། དུས་རབས་བཅུ་བདུན་པའི་སྐབས་ཀྱི་ཨུ་ཏྲ་ལིའི་རྒྱལ་ཁམས་དེ་བཞིན་ཀ་ཏོ་ལུག་ཆོས་བརྒྱུད་ཀྱི་དབང་འཛིན་དག་གི་མངའ་འབངས་སུ་གནས་པ་ཞིག་ཡིན་ཞེས་བཤད་ཆོག དགའ་ལི་ལེའོས་རང་གི་གནམ་རིག་ལྟ་སྟངས་ལས། ཀ་ཏོ་ལུག་ཆོས་བརྒྱུད་ཀྱི་དབང་འཛིན་པ་རྣམས་དང་རྩོག་རྙོག་ཅིག་ལངས་ངེས་ཡིན་པར་གསལ་བོར་ཤེས་ཀྱི་ཡོད་སྟབས། སྤྱི་ལོ༡༦༡༥ས་གནས་ཀྱི་དཔོན་རིགས་མཐོ་གྲས་ཁུར་སི་གྲིའི་ན་མ་སྨད་ལ་ཕྱག་ཡིག་ཅིག་སྤྲིངས་ཤིང་། ཁོང་ནས་ཡི་གེ་དེར་ཚན་རིག་པ་དག་ལ་ཤེས་བྱ་གང་ལའང་རང་མོས་བརྟག་ཞིབ་བདེན་རྫུན་དབྱེ་འབྱེད་ཀྱི་བསམ་ཚུལ་འདོན་པའི་རང་དབང་ཡོད་དགོས་སྐོར་ནན་བརྗོད་བྱས་ཡོད། དེང་སང་ཆོས་གང་ལའང་བརྟག་དཔྱད་དང་། ཉམས་ཞིབ་བརྒྱུད་གནད་དོན་རྒྱུས་ལོན་བྱེད་པ་ནི་ཚན་རིག་གི་ལྟེ་བ་ཡིན་ལ། སྐབས་དེ་དག་གི་ནང་སྲོལ་རྒྱུན་གྱི་ཆོས་ལ་ཧོབ་འཇུག་བྱེད་པ་ནི། ཆོས་རིག་དེ་དག་འཛིན་སྐྱོང་གི་གཙོ་བོའི་ཆ་ཤས་ཤིག་ཡིན་པར་སྣང་ངོ་།། ཕྱག་ཡིག་དེས་དོན་ཕན་ཅིའང་མ་བྱུང་རྐྱེན། དགའ་ལི་ལེའོ་སྐུ་ངོས་རོབ་ཏུ་ཕེབས་ནས་སྐབས་དེའི་ཡུ་ཤིའི་བླ་ཆེན་པོབ་ཕོལ་དྲུག་པ་མཆོག་ལ། ཚན་རིག་ལ་རང་དབང་ཡོད་དགོས་པ་དང་། སྐུ་ཞབས་ཁོ་ཕུར་ནེ་ཁ་སིའི་འཇིག་རྟེན་ལྟ་ཚུལ་བདེན་པ་ཞིག་ཡིན་སྐོར་ཞིབ་སྦྱངས་མཛད་ཀྱང་། བླ་ཆེན་པོབ་ནས་ངོས་ལེན་མ་གནངས་པར་སྤྱི་ལོ༡༩༡༦ལོར། ཡུ་ཤིའི་གཙུག་ལག་ཁང་གི་ཞིབ་རྩད་པས་དགའ་ལི་ལེའོར་ཐད་ཀར་བཀའ་ཕབ་སྟེ། སླད་ཕྱིན་དུས་ནམ་ཡང་ཁོ་ཕུར་ནེ་ཁ་སི་ལ་རོགས་སྐྱོར་གྱི་གཏམ་ཡིག་གང་ཡང་སྤེལ་མི་ཆོག་པར་བཤད་ཅིང་། གལ་སྲིད་སྤེལ་ཚེ་བཙོན་འཇུག་བྱ་རྒྱུའི་ཉེན་བརྡ་བཏང་འདུག དེ་ནས་ཐུགས་ཉམས་སྐྱོ་བོའི་ངང་ཁོང་ཕྱིར་སྤི་ལོ་རིན་སིར་ཕེབས་ཏེ། ཕྱི་དོན་དང་། འགུལ་བསྐྱོད། འཕྲུལ་བཟོའི་རིག་པ་བཅས་ཀྱི་ཐད་ཉམས་ཞིབ་དང་། ཕྱག་ལས་མུ་མཐུད་རྒྱུན་འཁྱོངས་གནང་ནས་གནའ་བོའི་སྲོལ་རྙིང་གི་འཇིག་རྟེན་ལྟ་སྟངས་ལས། དངོས་དོན་དཔང་བོར་བཙུགས་ནས་འཛམ་གླིང་གི་གནས་ལུགས་སྲོལ་བོར་བརྗོད་པའི་གྲུབ་འབྲས་རྣམས། སྤྱི་ལོ༡༦༢༣ལོར་པར་སྐྲུན་བྱས་པའི་དཔེ་ཆ་མཚན་བྱང་དུ་༼བརྟག་མཁན༽ཞེས་པའི་ནང་ཆ་ཚང་བཀོད་འདུག་ལ། ལོ་དེ་གའི་ནང་ཁོང་རང་ཉིད་ཀྱི་གྲོགས་རྙིང་མ་སྤིའི་ཨོ་བྷར་བྷིར་རེ་ནའི་ཞེས་འབོད་པ། བླ་ཆེན་པོབ་ཡོར་བྷ་བརྒྱད་པར་ཆགས་ཤིང་། དེ་ཉིད་ནས་ཁོང་བར་གནམ་རིག་གསར་རྙིང་བར་གྱི་ལྟ་བ་དབྱེ་འབྱེད་དཔྱད་བསྡུར་གྱི་རྩོམ་ཡིག་ཅིག་འབྲི་ཆོག་པར་བཀས་གནང་སྟབས། ཞལ་བྱང་དུ༼འཇིག་རྟེན་གྱི་ལྟ་ཚུལ་གཙོ་བོ་གཉིས་ཀྱི་ཐད་བསམ་གཞིགས་བྱས་པའི་བགྲོ་གླེང༽ཞེས་པའི་རླབས་ཆེན་གྱི་ཚན་རིག་དཔེ་ཆ་དེ་སྤྱི་ལོ༡༦༣༣ལོར་པར་སྐྲུན་བྱེད་ཐུབ་པ་བྱུང་ཡོད། དཔེ་ཆ་དེའི་ནང་ཁོང་གིས་སྲོལ་རྒྱུན་ལྟར་གྱི་ལྷ་ཡུལ་དང་། ས་གཞི་གཉིས་ཀྱི་རང་བཞིན་ཆོས་ཉིད་ཀྱི་ལྟ་ཚུལ་ཐོག བདེན་རྫུན་དབྱེ་འབྱེད་ཀྱི་སྤྲོས་པ་རྒྱ་ཆེར་བསྐྱངས་ནས་ཕྱི་སྣོད་ཀྱི་འཇིག་རྟེན་སའི་གོ་ལ་འདི་དང་། ནང་བཅུད་ཀྱི་སེམས་ཅན་འགྲོ་བ་མིའི་རིགས་གཉིས་ལྷའི་ཡུལ་ཁམས་ཀྱི་ཆ་ཤས་ཤིག་མ་ཡིན་པར། ས་ལྒང་འདི་བཞིན་ཉི་མའི་འོད་ཁྱིམ་གྱི་ཆར་གཏོགས་གོ་ལ་ཞིག་ཡིན་པ་དང་། ཉི་མའི་འོད་ཁྱིམ་ཡང་རང་ལས་ལྡབ་འགྱུར་གྱིས་ཆེ་བའི་འཇིག་རྟེན་ཁམས་ཀྱི་ཆ་ཤས་ཤིག་ཡིན་པ། ས་གཞི་འདིའི་ཐོག་གི་སྣོད་བཅུད་ཀྱི་ཆོས་ཐམས་ཅད་རང་བྱུང་ཁམས་ཀྱི་ཆོས་ཉིད་ཀྱིས་བྱས་པ་ཞིག་ཡིན་པར་ཕྱི་དོན་ཚན་རིག་དང་། རྩིས་རིག་ཟུང་འབྲེལ་གྱི་ལམ་ནས་འགྲེལ་བཤད་གནད་སྨིན་གནང་ཡོད་པ་བཅས། ཕྱི་དོན་འཇིག་རྟེན་གྱི་ཁྱབ་ཁོངས་མང་བོར་དགོས་གལ་ཆེ་བའི་དཔེ་ཆ་རྩ་ཆེན་ཞིག་ཡིན། སྐབས་དེའི་དཔེ་ཆ་ཕལ་མོ་ཆེ་ཞིག་རོབ་ཀྱི་སྐད་ཡིག་ཐོག་བྲིས་པ་ཤ་སྟག་ཡིན་མོད། ཁོང་ནི་དེ་ལས་ཟློག་སྟེ་རང་ཉིད་ཀྱི་འཇིག་རྟེན་ལྟ་ཚུལ་མི་ཚང་མས་ཤེས་རྟོགས་ཐུབ་ཆེད། དཔེ་ཆ་དེ་བཞིན་ཨི་ཏྲ་ལིའི་ཕལ་སྐད་ཐོག་ནས་བརྩམས་གནང་ཡོད་ལ། དེ་ཉིད་ཚན་རིག་པ་དང་། མཚན་ཉིད་རིག་པ་བ་དག་གིས་ཧ་ཅིང་གཙིགས་ཆེར་བརྩིས་ནས་ཡུ་རོབ་ཀྱི་ལུང་བར་ལམ་སེང་དར་ཁྱབ་ཏུ་ཕྱིན་འདུག གང་ལྟར་ཡང་རིམ་པས་དཔེ་ཆ་དེ་འཇིག་རྟེན་ལྟ་ཚུལ་གཉིས་ཀྱི་ཐད་དཔྱད་བསྡུར་བྱས་པ་ཙམ་མ་ཡིན་པར། ཚན་རིག་གི་བདེན་དཔང་ལ་བརྟེན་ནས་ཁོ་ཕུར་ནེ་ཁོ་སིའི་ལུགས་ལ་རྒྱབ་སྐྱོར་ཤུགས་ཆེ་བྱས་ཡོད་པས། སྐབས་དེར་ཡོངས་ཁྱབ་ཀྱིས་ངོས་ལེན་བྱེད་བཞིན་པའི་ཨ་རེ་སི་ཁྲོ་ཁྲལ་གཙོ་བོར་གྱུར་པའི་གནའ་བོའི་མཁས་མང་བོ་ཞིག་ལས་བྱུང་བའི་སྲོལ་རྒྱུན་གྱི་དཔེ་ཁྲིད་ཚང་མ་སྐྱོན་ཅན་དུ་ངང་ངམ་ཤུགས་ཀྱིས་ཆགས་འདུག་པ་ཤེས་རྟོགས་བྱུང་སྟེ། སྤྱི་ལོ༡༦༣༣ལོ་ཟླ༡ནང་དགའ་ལི་ལེའོ་མཆོག་རོམ་དུ་འབོད་འགུགས་བྱས་ཤིང་། ཁོང་གི་གྲོགས་རྙིང་བླ་ཆེན་པོབ་ནས་ཀ་ཏོ་ལུག་ཆོས་བརྒྱུད་གཙུག་ལག་ཁང་གི་ནང་དགའ་ལི་ལེའོར་ཆིངས་དོན་ལས་འགལ་ཚུལ་ཉེས་མིང་བསྒྲགས་ནས། དྲི་བ་མང་བོ་ཞིག་བཏོན་པའི་ལན་དུ་ཁོང་གིས་ཚན་རིག་དང་མཐུན་པའི་བརྟག་དཔྱད་དང་། བདེན་དོན་ལ་ནོར་འཁྲུལ་ཡོང་མི་སྲིད་པ་ཞིག་ཡིན་པར་ཞིབ་སྦྱངས་མཛད་མོད། བྱ་སྤྱོད་དེ་དག་ཧ་ཅིང་ཐལ་དྲགས་པའི་ཉེས་སྐྱོན་བཙུགས་མཐར་ཁོང་གི་དཔེ་ཆ་ཚང་མ་དམ་སྦྲགས་བྱས་ཤིང་། གསར་དུ་བརྩམས་པའི་༼བགྲོ་གླེང༽དེ་ཉིད་ཞུགས་སྦྱངས་ཐོག མི་ཚེ་བཙོན་འཇུག་གི་ཆད་པ་བཅད་འདུག་གོ།
ལེའུ་ལྔ་བ།
སྐུ་ཚེའི་མཇུག་གི་ནམ་ཟླ།
སྐུ་ཞབས་དགའ་ལི་ལེའོ་མཆོག་ལ་ཚེ་གང་བཙོན་འཇུག་གི་ཉེས་ཆད་ཕོག་ཀྱང་། སྤྱི་ལོ༡༦༣༣ལོར་བླ་ཆེན་པོབ་ཀྱིས་གནས་སྟངས་དེར་འགྱུར་བ་བཏང་སྟེ། ཁོང་རང་ཁྱིམ་དུ་བཟང་བཙོན་ལྟ་བུར་བཞག་པས་གཟིམས་ཁང་དང་། ལྡུམ་ར་གཉིས་ནི་ཁོང་གི་མི་ཚེའི་ངལ་གསོ་ཡུལ་གཅིག་པུར་གྱུར་ཡོད། ཁོང་སྐུ་སྒེར་གྱི་ངོས་ནས་མདུན་བསྐྱོད་ཀྱི་རང་བཞིན་ལྡན་པའི་མཛད་སྤྱོད་ཅན་ཞིག་དང་། ཚོན་བྲིས་དང་། སྙན་ངག ལེགས་སྦྱར་སོགས་ལའང་ཐུགས་མཉེས་པོ་ཡོད་པའི་མཛད་སྤྱོད་ཅན་ཞིག་ཡིན་པར་སྣང་ལ། མཁས་ཆེན་རིགས་དང་། སྐུ་དྲག་མི་དྲག ཀ་ཏོ་ལུག་ཆོས་བརྒྱུད་ཀྱི་ཚོགས་མི། སྒྱུ་རྩལ་བ། ཚོང་བ་བཅས་ཐེ་བས་གྲོགས་པོ་ཆེ་ཕྲ་ཧ་ཅིང་མང་བོ་ཞིག་འདུག་ཀྱང་། བླ་ཆེན་པོབ་དང་ཀ་ཏོ་ལུག་དབང་བཙན་སྟབས། ཁོང་ཚེ་བཙོན་དུ་བཞུགས་རྒྱུན་རིང་སྐུ་གཟུགས་ལ་སྙུང་གཞི་ལྕི་མོ་ཞིག་གིས་ཟིན་མོད། ལྷ་རྗེ་དག་ལ་བསྟེན་གཏུགས་ཀྱང་གནང་བཅུག་མི་འདུག དགའ་ལི་ལེའོ་མཆོག་གི་གྲོགས་པོ་ཡུ་ཤིའི་མཁན་ཆེན་སས་ན་མཆོག་གིས་ཐུགས་སྐུལ་ཞུས་པ་ལྟར། རིང་བོར་མ་ཐོགས་པར་ཁོང་གིས་གཟིམས་ཁང་དུ་སླར་ཡང་ཕྱག་ལས་ཀྱི་དབུ་བརྩམས་ཤིང་། ཞལ་བྱང་དུ༼འཕྲུལ་བཟོ་རིག་པའི་ཐད་ཚན་རིག་གསར་བ་གཉིས་དང་འབྲེལ་བའི་རྩིས་ཀྱི་བགྲོ་གླེང་༽ཞེས་བཏགས་པའི་རླབས་ཆེན་ཀྱི་དཔེ་ཆ་དེ་ལེགས་པར་བརྩམས་གྲུབ། སྤྱི་ལོ་༡༦༣༨ཡུ་རོབ་རྒྱལ་ཁབ་ཀྱི་ནེ་ལྡིར་ལན་སྒྲིར་གསང་བའི་ཐོག་གདན་དྲངས་ནས་པར་དུ་བཏབ་འདུག དེ་བཞིན་སྤྱི་ལོ༡༦༣༧ལོར།།།།།ལོར་རྗེས་མའི་ནང་ཁོང་གི་སྤྱན་ཤུགས་ཇེ་ཞན་དུ་སོང་ནས་ལོང་བ་ལྟ་བུར་ཆགས་ཀྱང་། ད་དུང་ཐུགས་བྲེལ་ཚུབ་ངང་གསར་གཏོད་ཀྱི་ཕྱོགས་སུ་བརྩོན་པ་རྒྱུན་འཁྱོངས་གནང་ཞིང་། ཕྱོགས་མཐའི་ཚན་རིག་པ་དག་ལ་ཕྱག་ཡིག་སྤྲིངས་ནས། རང་གི་ཐུགས་གསང་ན་གབ་པའི་ཚན་རིག་གི་ཤེས་བྱ་དང་། འཇིག་རྟེན་གྱི་གནས་ལུགས་མང་བོ་ཞིག་གླེང་སློང་བྱས་འདུག སྐབས་དེར་ཁོང་གི་གྲོགས་པོ་སྙན་གྲགས་ཅན་སྤི་ལོ་རིན་སིའི་གྲོང་ཁྱེར་གྱི་དཔོན་པོ་དང་། དབྱིན་ཇིའི་སྙན་ངག་པ་ལྗོན་མེལ་ཁྲོན། དབྱིན་ཇིའི་ཚན་རིག་དང་མཚན་ཉིད་པ་མཁས་པ་ཐོ་མ་སི་ཧབ་བྷེ་སོགས། ཡོངས་ཁྱབ་ཀྱི་མི་སྣ་སྙན་གྲགས་ཅན་མང་བོ་ཁོང་བར་གཟིགས་སྐོར་དུ་ཕེབས་ཤིང་། ཁོང་རང་ཁྱིམ་བཙོན་ཁང་ལས་གློད་གྲོལ་དགོངས་ཡངས་ཡོང་ཐབས་འབད་བརྩོན་ཤུགས་དྲག་ཅིག་ཞུས་མོད། ཁོང་རང་ངོས་ནས་ཉན་འཇོག་མོས་མཐུན་མ་གནང་བར་ངས་ནམ་ཡང་དགོངས་ཡང་ཡོང་བར་རེ་བ་རྒྱག་ཐུབ་ཀྱི་མི་འདུག དགོངས་ཡང་ཟེར་བ་མི་ནག་ཅན་ཞིག་ལ་ཡོང་སྲིད་པ་ཞིག་ཡིན་ཞེས་གསུངས་ཤིང་། ཆུ་ཚོད་འཁོར་ལོའི་དཔྱངས་རྡོའི་ཡོམ་ལང་དང་། དངོས་པོ་གཉིས་བརྡབས་ནུས་ཤུགས་ཀྱི་བསམ་བློའི་སྐོར་ལ་ཕྱག་ལས་མུ་མཐུད་གནང་མུར། ཚ་བ་ཛ་དྲག་ཅིག་ཐེབས་པ་ལྟ་བུས་རྐྱེན་བྱས་ཏེ་སྤྱི་ལོ༡༦༤༢ཟླ༡ཚེས༨ཉིན་རང་ཤག་ཏུ་སྐུ་གཤེགས་འདུག ཁོང་འདས་རྗེས་གྲོགས་པོ་དག་དང་། རྗེས་འབྲིང་བ་རྣམས་ཀྱིས་མི་ཆེན་པོ་ཞིག་ལ་འོས་པའི་དུར་འཇུག་གི་དགེ་བསྔོ་བྱ་རྒྱུའི་འཆར་གཞི་ཞིག་འཐེན་འདུག་མོད། རོ་མན་ཀ་ཏོ་ལུག་ཆོས་བརྒྱུད་ཀྱི་དབང་འཛིན་དག་གིས་ཁོང་བར་མི་ལྟ་ལོག་ཅིག་ཡིན་ཚུལ་གྱི་ཉེས་པ་བསྒྲགས་རྐྱེན། དཀྱུས་མའི་དུར་ས་ཆུང་ངུ་ཞིག་གི་ནང་ཁ་ཁུ་སིམ་པོའི་ངང་དུར་འཇུག་གི་ཆོ་ག་མ་བྱས་ཐུ་མེད་བྱུང་ཡོད། དུས་རབས་ཕྱི་མའི་ནང་ཁོང་གི་ཕྱག་བཞེས་ཁག་ལ་ལ་བདེན་པའི་ངོས་འཛིན་ཐོབ་སྟེ། ཤུལ་ལྷག་སྐུ་ཆས་རྣམས་སན་གྲ་ཁུ་རོ་སི་ཞེས་པའི་གཙུག་ལག་ཁང་གི་ནང་གདུང་སྒམ་ཚད་ལྡན་ཞིག་བཞེངས་སྐྲུན་གྱིས་དེར་བཞག་ནས། ཚན་རིག་གི་ལོ་རྒྱུས་ཁྲོད་དུས་ནམ་ཡང་ཚན་རིག་པ་ཆེན་པོ་ཞིག་གི་མཚན་གནས་ཆེ་བསྟོད་རྗེས་དྲན་ཞུས་འདུག
ལེའུ་དྲུག་པ།
འདས་རྗེས་ཀྱི་བྱུང་བ།
དགའ་ལི་ལེའོ་མཆོག་སྐུ་གཤེགས་རྗེས། ཁོང་གི་ཕྱག་རོགས་རྣམས་དང་དེ་དག་གི་སློབ་རྒྱུད་དག་གིས། དེ་ཉིད་ཀྱི་ཕྱག་བཞེས་ཁག་ཨི་ཏྲ་ལིའི་ལུང་བར་འཛིན་སྐྱོང་དར་སྤེལ་མཛད་ཅིང་། གསར་བཞེངས་བྱས་པའི་ཁོང་གི་རྒྱང་ཤེལ་ལས། ཡུ་རོབ་ཀྱི་ལུང་བར་གསར་བརྗེ་རང་བཞིན་ལྡན་པའི་གནམ་རིག་པ་མང་བོ་ཆར་རྗེས་ཀྱི་ཤ་མོ་ལྟར་བརྡོལ་ཏེ་གནམ་རིག་གི་བརྟག་པ་གསར་བ་ཞིག་གི་དབུ་ཚུགས་འདུག འོན་ཏེ་ཚན་རིག་པ་རེ་ཟུང་གིས་དགའ་ལི་ལེའོའི་དཔྱད་འབྲས་རྣམས་ཁོང་གི་ཚད་མར་མ་གྲུབ་པའི་རྒྱང་ཤེལ་ཉག་ཅིག་གི་ནུས་པ་ལ་བརྟེན་ནས་བྱུང་བ་ཞིག་ལས། ཁོང་རང་ཉིད་ཀྱི་དཔྱད་སྟོབས་ལས་བྱུང་བ་ཞིག་གཏན་མ་ཡིན་ཞེས་ྐླན་ཀ་བསླངས་པའང་མཐོང་རྒྱུ་འདུག གང་ལྟར་ཡང་། གཞུག་མའི་ལོ་དུས་དག་གི་ནང་ཚན་རིག་པ་དག་གིས་རྒྱང་ཤེལ་སྔར་ལྷག་ནུས་ལྡན་འཛུགས་སྐྲུན་ཀྱིས་བརྟག་དཔྱད་བྱས་པར། དགའ་ལི་ལེའོ་མཆོག་གི་སྔ་མོའི་གཟིགས་སྟངས་མཐའ་དག་བདེན་པ་ཡིན་པར་ར་སྤྲོད་བྱུང་སྟེ། ཚན་རིག་གི་ལོ་རྒྱུས་ཐོག་གནམ་རིག་གི་རྨང་གཞི་བརྟན་པོ་ཞིག་འཛུགས་ཐུབ་པ་བྱུང་ཡོད། ཁོང་གི་ལྟ་བའི་ལྟེ་བར་གྱུར་པའི་བརྩམས་གཞུང་མཚན་བྱང་དུ༼བགྲོ་གླེང༽ཞེས་བཏགས་པའི་བསྟན་བཅོས་ཁག་གཉིས་ཀྱིས། ཡུ་རོབ་ཀྱི་གནམ་རིག་ལོ་རྒྱུས་ཁྲོད། དགའ་ལི་ལེའོ་མཆོག་གིས་གནམ་རིག་པ་ཡག་ཤོས་ཀྱི་ས་ཁུངས་བཟུང་ཡོད། བོད་དཀྱུས་མཁས་པ་དག་གིས་བརྩམས་པའི་བརྡ་དག་ལོ་རྒྱུས་ཀྱི་སྐོར་མང་བོ་ཞིག་པར་སྐྲུན་ཆོག་མཆན་མ་ཐོབ་པར། ལྷ་ལྡན་སྤྲུལ་བའི་གྲོང་ཁྱེར་ན་ད་ལྟའང་ལྷག་ནས་ཡོད་པ་ལྟར། རོ་མན་ཀ་ཏོ་ལུག་ཆོས་བརྒྱུད་ཀྱིས་བཀག་སྡོམ་དམ་དྲག་བྱས་རྐྱེན། ཁོང་གི་ཕྱག་བྲིས་མང་བོ་ཞིག་པར་འདེབས་བྱ་མ་ཐུབ་པར་ད་དུང་ཨི་ཏྲ་ལིའི་ལུང་བར་ལྷག་ཡོད་ལ། བརྩམས་ཆོས་ཁ་ཤས་རེ་ཡུ་རོབ་ཀྱི་ལུང་བ་གཞན་དུ་གསང་བའི་རྐུ་འཁྱེར་གྱིས་པར་དུ་བཏབས་པ། ཚན་རིག་པ་དག་གིས་ཁོང་བའི་སྙིང་དང་དཔྲལ་བའི་མིག་ལྟར་གཅེས་སྤྲས་ལྟ་ྐློག་བྱས་ཏེ། གསར་བརྗེ་རང་བཞིན་ལྡན་པའི་ལྟ་ཚུལ་གང་མང་ཞིག་འཛུགས་སྐྲུན་བྱས་དང་བྱེད་བཞིན་ཡོད། དགའ་ལི་ལེའོ་མཆོག་གིས་ཁོང་གི་དཔེ་ཆ་༼བགྲོ་གླེང་༽ཞེས་པའི་ནང་དྲོད་དང་། འོད། སྒྲ། མྱུར་ཤུགས། འགུལ་བསྐྱོད། འཕྲུལ་བཟོ་སོགས་ཕྱི་དོན་འཇིག་རྟེན་གྱི་ཁྱབ་ཁོངས་མང་བོ་ཞིག་གི་ཐོག འགྲེལ་བརྗོད་ཞིབ་རྒྱས་གནང་ཡོད་པ་མ་ཟད། ཉམས་མྱོང་བརྟག་དཔྱད་བརྒྱུད་ལྟ་བ་གསར་བའི་རིགས་ལ་ཚོད་སྒམ་བྱེད་སྟངས། རྩིས་རིག་ལ་བརྟེན་ནས་དེ་དག་གི་གྲུབ་དོན་དབྱེ་ཞིབ་བྱེད་པ། ཆེས་ཆུང་ཤོས་ཀྱི་དངོས་རིགས་རྣམས་ཀྱང་ཆ་སོ་སོར་བགོ་བ་སོགས། རྡུལ་ཕྲ་རབ་ཀྱི་སྐོར་ལའང་འགྲེལ་བ་ཞིབ་མོའི་ལུགས་སུ་མཛད་ཡོད་སྟབས། གཞུང་འདི་ཉིད་ཀྱིས་ཚན་རིག་གི་ནང་བརྟག་དཔྱད་དང་། རང་དབང་གསར་བ་ཞིག་གི་མགོ་འཛུགས་ཐུབ་པར་ཐུགས་སྨོན་ཡང་ཡང་གནང་དོན་ལྟར། ཁོང་སྐུ་གཤེགས་ལོ་རང་ལ་གནའ་རབས་ཚན་རིག་གི་ཤིང་རྟར་གྲགས་པ། ཨ་ས་ཁུ་ནོས་ཁྲོན་མཆོག་དབྱིན་ཇི་ལུང་བར་སྐུ་འཁྲུངས་ཏེ། དེ་ཉིད་ཀྱིས་མི་ལོ་སུམ་ཅུ་ལྷག་གི་རིང་དགའ་ལི་ལེའོའི་འཇིག་རྟེན་ལྟ་ཚུལ་གྱི་རྒྱུན་ལེགས་སྤེལ་ཉེས་འགོག་གི་སྒོ་ནས་འཛིན་སྐྱོང་དར་སྤེལ་བྱས་ཤིང་། དེ་བཞིན་སྤ་རན་སིའི་ཚན་རྩིས་རིག་པའི་མཁས་ཆེན་དེང་རབས་ཚན་རིག་གི་གཞི་འཛིན་རེན་ནའི་སྒྲིའི་ཁར་ཁྲེ་སི། དབྱིན་ཇིའི་རྫས་འགྱུར་རིག་པའི་མཁས་ཆེན་རོ་བྷིར་གྲི་བྷོ་ཡོལ་སོགས་ཀྱི་དཔེ་གཞུང་ལའང་སློབ་དཔྱད་ཞིབ་མོར་གནང་ནས། མཁས་པ་དེ་དག་གི་ལྟ་གྲུབ་རྩེ་བཏུ་མཛད་ཐོག རང་ཉིད་ཀྱི་བསམ་བློའི་ཟུར་བརྒྱན་ཏེ་བྲིས་པ་མཚན་བྱང་དུ༼རང་བཞིན་མཚན་ཉིད་རིག་པའི་རྩིས་ཀྱི་གཞི་རྩ༽ཞེས་སྙན་པའི་གྲགས་དཀར་སྲིད་པའི་ཁོངས་འདིར་གཡོ་བའི་གཞུང་ལུགས་དེ་བརྩམས་པ་ཡིན་ནོ།།
བཀའ་དྲིན་ཆེ་ཡང་ཡང་ཡོང་གི་ཡོད།
དགའ་ལི་ལེའོ།(Galileo)ཞེས་པའི་ཡག་པོ་བསྒྱུར་འདུག་པས་ཐུགས་རྗེ་ཆེ།