ཐེའུ་རང་བིང་གུ། པདྨ་ཚེ་དབང་ཤཱསྟྲིས་བསྒྱུར།
————————–
ངའི་མི་ཚེའི་ནང་དུ་ང་རང་ད་ལྟ་ལས་གཞོན་པ་ཞིག་ཡིན་ན་ཅི་མ་རུང་སྙམ་པའི་གོ་སྐབས་དཀོན་པོ་འགའ་ཞིག་བྱུང་། དེ་ཡང་རྒྱུན་དུ་བློ་འགྱོད་དང་། རང་ཁྱིམ་དྲན་པའི་ཡིད་གདུང་འདྲེས་མ་ཞིག་གིས་དེ་ལྟ་བུའི་སྙིང་པོ་མེད་པའི་སེམས་ཚོར་གྱི་རྗེས་སྙེགས་པ་ཡིན། ད་ལྟ་ཀོ་ཕི་ཚོང་ཁང་ཞིག་གི་ནང་དུ་བསྡད་དེ་གཡུ་འབྲུག་བོད་ཕྲུག་རོལ་དབྱངས་ཚན་པས་རྨི་ལམ་ཞེས་པའི་གླུ་གཞས་གཏོང་བ་མཐོང་སྐབས་ང་ཡང་སྐྱར་སེམས་ཚོར་དེ་དག་གིས་མནན་བྱུང་། ངས་ང་རང་གཞོན་ནུ་ཡིན་སྐབས་འདི་རིགས་མྱོང་ཚོར་བྱ་རྒྱུ་བྱུང་ཡོད་ན་ཅི་མ་རུང་བསམས། ང་རང་པེ་ཅིང་དུ་མཐོ་སློབ་སློབ་མ་གཞོན་ནུ་ཞིག་ཡིན་སྐབས་བསིལ་པོ་དང་། བོད་པ་ཞིག་དུས་མཉམ་དུ་བྱེད་པའི་གོ་སྐབས་ཤིག་ཐོབ་ཡོད་ན་ཅི་མ་རུང་སྙམ།
དེ་དུས་ང་རང་སུ་ཞིག་བྱེད་འདོད་པའི་འདུན་པ་ཕྱིར་མངོན་བྱེད་རྒྱུར་དཀའ་ལས་བྱུང་། ད་ལྟ་ཕྱིར་བལྟ་བྱེད་སྐབས། ངས་བསིལ་པོ་དང་བོད་མི་ཞིག་དུས་མཉམ་དུ་བྱེད་རྒྱུའི་ལམ་ཞིག་འཚོལ་གྱིན་ཡོད་པ་མཐོང་ཐུབ། སྐབས་དེ་དུས་བོད་རྒྱ་གཉིས་ཀའི་སྐད་ལ་ བསིལ་པོ་ ཞེས་པའི་ཐ་སྙད་དེ་མེད། ཐ་སྙད་ཀྱི་གོ་དོན་གང་ཡིན་ལ་མ་ལྟོས་པར། བསིལ་བ་ཉིད་ ཅེས་པ་དེ་བོད་མི་དང་འབྲེལ་བ་ཡོད་པའི་ཁྱད་ཆོས་ཞིག་ཡིན་པ་རྒྱ་རིགས་ཚོའི་རྟོག་འཆར་ལའང་མེད། རྒྱ་ནག་གི་ཤེས་ཡོན་ལམ་ལུགས་ནང་དུ་འཚར་ལོངས་བྱུང་བའི་བོད་རིགས་གཞོན་པ་ཞིག་ལ་མཚོན་ན། ང་ཚོས་རྒྱ་རིགས་ཀྱི་རྟོག་འཆར་གྱི་ཕྱི་ལ་ཇི་ལྟར་སྡོད་དགོས་པའང་མ་ཤེས།
རྒྱ་ཡུལ་གྱི་སྙིང་དབུས་སུ་བསྐྱོད་པའི་ངའི་ཐོག་མའི་འགྲུལ་སྐྱོད་དེ་ད་ལྟའང་གསལ་པོར་དྲན་གྱི་འདུག ངས་ཚྭ་འདམ་བྱེ་ཐང་གི་ན་གོར་མོའི་གྲོང་ཁྱེར་སྐམ་ཐེར་དེའི་ནང་དུ་དུས་དེ་ནས་བཟུང་ལོ་བཞི་བསྐྱེལ་དགོས་པའི་ས་ཆ་གསར་པ་དེའི་ནང་དུ་ཇི་ལྟར་བྱས་ཏེ་བོད་མི་ཞིག་ཡིན་པའི་ངོ་བོ་ནས་སྡོད་དགོས་མིན་གྱི་སྐོར་ལ། ཚང་མ་མཐོ་སློབ་ཏུ་སྐྱོད་མཁན་གྱི་གསར་བུ་བ་ཤ་སྟག་ཡིན་པའི་ངའི་འགྲུལ་རོགས་བོད་རིགས་གྲོགས་པོ་ཚོ་དང་གླེང་མོལ་བྱས། སློབ་ཕྲུག་གཅིག་རྐང་པོལ་རྩེད་མཁན་གྲས་ལ་རྒྱ་ནག་ཏུ་འགྲོ་མྱོང་འདུག ཁོས་ང་ཚོར་བརྗོད་རྒྱུ་ལ། ང་ཚོས་བོད་ཀྱི་འདོགས་གྲི་རེ་རེ་འཁྱེར་ཏེ་ཀླ་ཀློའི་སྤྱོད་ཚུལ་ཅུང་ཟད་འཁྲབ་དགོས་ཟེར། རྒྱུ་མཚན་འགའ་ཞིག་ལ་བརྟེན་ནས། ན་གོར་མོའི་ཁྲོམ་རྭ་ཐལ་འཚུབ་ཅན་དེའི་ནང་དུ་བོད་པའི་འདོགས་གྲི་མང་པོ་ཉོ་རྒྱུ་འདུག ངས་དྲན་སོས་པར་བྱས་ན། གྲི་ཉོ་རྒྱུ་ལ་བྲེལ་བ་མི་བྱེད་མཁན་དེ་ང་རང་གཅིག་པུ་ཡིན་པ་ཡོད། བོད་པའི་འདོགས་གྲི་རིང་མོ་ཞིག་ངའི་སྐེད་པར་དཔྱང་ནས་རྒྱ་ནག་གི་རྒྱལ་སའི་ནང་དུ་ཕོ་སྒྲོབ་དང་བཅས་འགྲོ་རྒྱུ་དེ་ངའི་བསམ་བློར་ཚུད་ཐུབ་མ་སོང་།
ངས་བོད་པ་དང་དེང་རབས་པ་ཟུང་འབྲེལ་བྱེད་པའི་ལམ་ཞིག་འཚོལ་རྒྱུའི་རྨི་ལམ་གཞན་ཞིག་གཏོང་གིན་བསྡད། འོན་ཀྱང་ང་ཚོ་སླེབས་མ་ཐག་ཏུ་ངས་ཤེས་གསལ་ལ། རྒྱ་ནག་རྒྱལ་ཡོངས་ཀྱི་རྟོག་འཆར་གྱི་ནང་དུ་ང་ལ་ (བོད་པ་དང་དེང་རབས་པ་) ཟུང་འབྲེལ་བྱེད་རྒྱུའི་གོ་ཡུལ་དེ་མི་འདུག ང་སུ་ཡིན་ཆོག་མིན་དེ་སྔོན་མ་ནས་ཐག་བཅད་ཚར་འདུག
རྒྱ་ནག་གི་དབང་སྒྱུར་བོད་ནང་སླེབས་འགོ་ཚུགས་པ་ནས་བཟུང་སྤྱི་ཚོགས་ཀྱི་དཔལ་ཡོན་དང་། བཅིངས་གྲོལ་དགོས་མཁོ་ཅན་གྱི་ཀླ་ཀློ་དང་། ཚིལ་ཞག་ཅན། པགས་མདོག་ནག་པའི་ཆེས་མུན་ནག་དང་ཀླ་ཀློ་ཅན་གྱི་བོད་མིའི་སྣང་བརྙན་ཞིག་བསྐྲུན་ཏེ་དྲིལ་བསྒྲགས་བྱས་ཡོད། སྣང་བརྙན་འདི་ནི་ ཞིང་བྲན་ ཞེས་པའི་གློག་བརྙན་ནང་གི་མི་སྣ་གཙོ་བོ་བྱམས་པ་ལྐུགས་པའི་འཁྲབ་སྟོན་བརྒྱུད་དེ་ཁྱབ་བརྡལ་བྱུང་བ་རེད། སྒྲུང་དེ་གཞིར་བཞག་བྱས་ན། ལོ་མང་རིང་ཁ་གྲག་མ་མྱོང་བའི་བྱམས་པ་ཟེར་བའི་མི་དེ་མཐའ་མར་མི་མང་བཅིངས་གྲོལ་དམག་གིས་ཁོའི་བྲན་བདག་གི་ལག་ནས་བཅིངས་གྲོལ་གཏོང་སྐབས་ཁོས་བཀའ་དྲིན་ལེགས་གསོལ་གྱི་ཆེད་དུ་ “མའོ་ཀྲུ་ཞི་སྐུ་ཚེ་བརྟན་པར་ཤོག” ཅེས་སྐད་འབོད་བྱས་ཡོད། བརྙན་རིས་དེ་རྒྱ་ནག་རྒྱལ་ཡོངས་ཀྱི་རྟོག་འཆར་ནང་རྡོ་ལ་རི་མོ་བརྐོས་པ་ལྟར་གྱུར་བ་མ་ཟད། དེང་རབས་རྒྱ་ནག་གི་རྒྱལ་ཡོངས་གཏམ་གླེང་ནང་ཁ་བྲལ་དུ་མེད་པའི་ཆ་ཤས་ཞིག་ཏུའང་གྱུར་ཡོད།
དོན་དམ་པར་ཞུས་ན། དེང་རབས་རྒྱ་ནག་གི་སྨྱོན་པའི་ཟློས་གར་གྱི་ནང་དུ་ཏང་གིས་བཀོད་ཁྱབ་འོག་ཆོག་མཆན་ལྡན་པའི་བོད་པའི་འཁྲབ་སྟོན་པ་རིགས་གཉིས་ཁོ་ན་ཡོད། ང་ཚོར་ཡང་ན་བཅིངས་གྲོལ་སྔོན་གྱི་ཀླ་ཀློ་འཁྲབ་རྒྱུ་དང་། དེ་མིན་ན། ཏང་གིས་ང་ཚོ་ང་རང་ཚོ་ལས་བསྐྱབས་པར་དྲིན་ལན་འཇལ་དགོས་པའི་བཅིངས་གྲོལ་རྗེས་ཀྱི་སྲིད་དོན་སྤྲེལ་ལད་པ་འཁྲབ་རྒྱུའི་གདམ་ཁ་དེ་ཡོད།
ང་ཚོ་མང་ཆེ་བ་བཅིངས་གྲོལ་རྗེས་ཀྱི་སྲིད་དོན་སྤྲེལ་ལད་པ་འཁྲབ་རྒྱུར་ཆེས་གྲུང་པོ་དང་སྤོབས་པ་ཅན་ཡིན་པས་ད་གཟོད་ཀླ་ཀློའི་ཆས་ཞུགས་པ་འཁྲབ་རྒྱུ་ལས་ལྷག་མེད། བོད་ནང་དུ་ཡོད་སྐབས་ང་ཚོ་ཁ་ཁུ་སིམ་པོ་དང་། སྤྱོད་ལམ་འཇམ་པོ། དེར་མ་ཟད་སློབ་ཕྲུག་སྙོམ་ཆུང་ཡང་ཡིན། འོན་ཀྱང་རྒྱ་ནག་ཏུ་ང་ཚོ་སྲང་ལམ་གྱི་རྒྱ་འདྲེ་པར་གྱུར། ང་ཚོས་ཟ་ཁང་གི་ནང་དུ་ལག་འཛིང་བྱས་པ་དང་། སློབ་གྲྭའི་ནང་དུ་སློབ་ཕྲུག་གཞན་ལ་ཉེས་རྡུང་བཏང་། ཚང་མས་ང་ཚོར་ཞེད་སྣང་བྱེད་ཁུལ་དང་ང་ཚོས་ཀྱང་ང་ཚོ་མ་དུལ་བའི་རྩིང་སྤྱོད་ཅན་གྱི་མི་ཡིན་ཁུལ་བྱས། དེ་ནི་ང་ཚོ་བོད་པ་ཡིན་ཙང་། གནས་སྐབས་རིང་ངའི་བསིལ་པོ་དང་དེང་རབས་ཀྱི་བོད་མི་ཞིག་ཏུ་གྱུར་ན་སྙམ་པའི་རྨི་ལམ་དེ་ཐག་རིང་ཞིག་ཏུ་མི་མངོན་པར་ལུས།
དེང་སང་རྒྱ་ནག་ནང་གི་བོད་རིགས་མཐོ་སློབ་ཀྱི་སློབ་གཉེར་བ་ཚོ་ལ་བོད་རིགས་ཡིན་པའི་ཆ་ནས་གདོང་ལེན་བྱེད་དགོས་པ་འགའ་ཤས་ཡོད་པ་ངས་ཤེས། འོན་ཀྱང་ཇི་ལྟར་རྒྱ་ནག་གི་སྒྲུང་དེ་སྣ་ཚོགས་པ་དང་རྙོག་འཛིངས་ཆེ་རུ་འགྲོ་བཞིན་པ་དེ་ལྟར་བོད་རིགས་ཚོ་ཡང་བཅིངས་གྲོལ་གཏམ་གླེང་གི་གྲིབ་ནག་འོག་ནས་ཕྱིར་ཐོན་ཡོང་གིན་ཡོད། ད་ཆ་རྒྱ་རིགས་ཀྱི་སེམས་ཁམས་ནང་དུ་ཆེས་འགལ་ཟླ་ཅན་གྱི་བོད་རིགས་ཀྱི་སྣང་བརྙན་དག་འཆར་ཡོང་གིན་ཡོད། ད་ཆ་ང་ཚོ་ནི། ཟིང་འཁྲུག་སློང་མཁན་དང་། མཁས་ཤིང་མཛངས་པའི་ནང་པ། ལྐོག་ཟ་རུལ་སུང་གིས་ཁྱབ་པའི་ཏང་གི་དབུ་ཁྲིད། རྣམ་རིག་བཀྲ་བའི་མཐོ་སློབ་ཀྱི་སློབ་ཕྲུག རྒྱ་ནག་ནང་གི་སྐྱེས་པ་གཟུགས་བཟང་ཤོས། ཆོས་པ་མགོ་མཁྲེགས་ཅན་ཡིན་པ་མ་ཟད། ང་ཚོ་ནི་བསིལ་ཞིང་དཔེ་གསར་ཧིཔ་(hip)དང་འདྲ་བའི་གཡུ་འབྲུག་ཚན་པའི་ཕོ་གཞོན་བཞི་ཡང་ཡིན།
གཡུ་འབྲུག་གི་བྱ་གཞག་དེས་བོད་རིགས་རྣམས་བསིལ་པོ་ཡོང་ཐུབ་པ་མ་ཟད། བོད་རིགས་ཡིན་པ་ཙམ་གྱིས་བསིལ་པོ་ཡིན་པའང་བསྟན་ཡོད། འདི་ནི་འགྱུར་བ་ཤུགས་ཆེ་ཞིག་རེད། འོན་ཀྱང་འགྱུར་བ་དེས་བོད་མིའི་ངོ་བོ་མཚོན་པའི་ཆ་ཤས་ཞིག་གིས་ཀྱང་བསིལ་བའི་རྩེ་མོར་སོན་ཡོད་པ་བསྟན་ཡོད་ལ། དེ་བཞིན་དུ་བོད་མིའི་སྣང་བརྙན་ཞིག་གསར་བསྐྲུན་ཐུབ་པ་དང་། རྒྱ་རིགས་ཀྱི་རྟོག་འཆར་གྱི་ཕྱི་རོལ་དུ་ཡོངས་སུ་གནས་ཐུབ་པ་དེ་ཡང་གསལ་སྟོན་བྱས་ཡོད། འདི་ནི་བོད་མི་རང་གིས་བོད་མིའི་ཆེད་དུ་བཟོས་པའི་བོད་མིའི་ངོ་བོ་མཚོན་ཐབས་ཀྱི་གྲས་ཞིག་ཡིན།
ང་མདང་དགོང་རྨི་ལམ་ཡག་པོ་རྨིས་བྱུང་།
བོད་ཁ་བ་ཅན་གྱི་ཡུལ་ལྗོངས།
ཚོན་སྣ་ལྔའི་མེ་ཏོག་བཞད་པ་རྨིས།
འབྲུག་སྔོན་མོ་ས་ལ་བབས་པ་རྨིས།
ངས་བསིལ་ཞིང་ཧིཔ་ཅན་གྱི་བོད་མི་རྣལ་མ་ཡིན་པའི་གཞོན་སྐྱེས་གཞས་པ་འདི་དག་ལ་བལྟས་ཚེ་ཁོང་ཚོའི་སེམས་ལ་བོད་རིགས་གཞོན་སྐྱེས་ཀྱི་གདུལ་བྱ་གསར་པ་ཞིག་ཡོད་པ་ངས་མཐོང་ཐུབ། ཁོང་ཚོས་ད་ཆ་རྒྱ་ནག་རྒྱལ་ཡོངས་ཀྱི་སྒྲུང་གི་ནང་དུ་ཚུད་ཐབས་བྱེད་རྒྱུ་དོར་ནས་དེའི་ཚབ་ཏུ་ཁོང་རང་ཚོས་རང་ཉིད་ཀྱི་སྒྲུང་ཞིག་གསར་བསྐྲུན་བྱེད་ཀྱི་ཡོད།
དེ་ནི་ལེགས་བྱང་གསར་པའི་དུས་ཚོད་ཅིག་ཡིན་པས་བོད་མི་གཞོན་སྐྱེས་ཚོར་གོ་སྐབས་གསར་པ་ག་རེ་ཐོབ་ཀྱི་ཡོད་མེད་ཀྱི་ཐད་ལ་ང་སྤྲོ་སེམས་འཁོལ་ནས་བསྡད་ཡོད། ཁོང་ཚོས་བོད་མི་ཡིན་བཞིན་པའི་ཐོག་ནས་དུས་གཅིག་ཏུ་ངོ་བོ་དུ་མ་འཛིན་པའི་གོ་སྐབས་ལེན་རྒྱུའི་འགོ་འཛུགས་བྱེད་ཀྱི་འདུག ཡིན་ནའང་། འདི་དང་དུས་མཚུངས་སུ་འདོར་ཐབས་དཀའ་ལ་བཏང་འཛིན་མི་ཐུབ་པའི་གཉའ་མནོན་ལྡན་པའི་ལོ་རྒྱུས་ཀྱི་གྲིབ་མ་དེར་བསམས་ཚེ་། བརླག་ཟིན་པའི་ང་རང་གི་གཞོན་ནུའི་གནས་སྐབས་དེར་ང་རང་སྐྱོ་བ་ཡང་ཤུགས་ཀྱིས་སྐྱེས། །
ཟུར་མཆན། འདི་ཟླའི་ཚེས་༡༡ ཉིན་ཕ་ཡུལ་དྲ་གནས་ཀྱི་ནང་དུ་འདོན་སྤེལ་བྱས་པའི་གོང་གསལ་གྱི་རྩོམ་དེ་རྩོམ་པ་པོས་ཐོག་མར་སྐད་ཡིག་གང་གི་ནང་དུ་བྲིས་མིན་གསལ་པོ་མི་ཤེས་ཀྱང་། རང་རིགས་གཞིས་བྱེས་གཞོན་སྐྱེས་དུ་མ་ཞིག་ལ་རྩོམ་འདིའི་ནང་ནས་གོ་རྒྱུ་དང་། བསླབ་བྱ་གནད་དུ་སྨིན་ངེས་པ་འགའ་ཤས་ལེན་རྒྱུ་ཡོད་པའི་ཆ་ནས་བོད་སྐད་དུ་བསྒྱུར་བའི་ངལ་བ་བསྟེན་པ་ཡིན།
དབྱིན་སྐད་ཀྱི་ཐ་སྙད་ cool ཞེས་པ་དེ་སྤྱིར་བཏང་ བསིལ་པོ་ ལ་འཇུག་པ་དེ་ལྟར་ཡང་། སྐབས་འདིར་གོ་དོན་གཞན་ཡིན་པ་དང་། དེ་ཡང་སྐབས་འདིར་བསྟན་ cool ཞེས་པའི་ཐ་སྙད་དེས་གང་ཟག་མི་འདྲ་བར་གོ་དོན་མི་འདྲ་བ་རེ་ཡོང་བའང་སྲིད།
གཞིས་སུ་ཐ་སྙད་ག་རེ་བེད་སྤྱོད་གནང་གི་ཡོད་མིན་མི་ཤེས་མོད། བྱེས་སུ་གཞོན་སྐྱེས་ཚོས་ སིར་རྐང་ དང་། སིར་པོ། ལྟ་བུ། དཔེར་ན། ད་རིང་ཁོས་གཞས་སིར་རྐང་ཞིག་བཏང་སོང་། མི་དེ་སིར་པོ་ཞིག་འདུག ཁོས་སྐད་ཆ་སིར་པོ་བཤད་སོང་། ཞྭ་མོ་འདི་སིར་རྐང་འདུག་ལྟ་བུའི་ཐ་སྙད་སྤྱོད་སྲོལ་འདུག་ཀྱང་། དག་ཆ་ག་རེ་འབྲི་དགོས་མིན་མི་ཤེས། སྒྱུར་པ་པོས་སྐབས་འདིར་ བསིལ་བ་ ཞེས་བསྒྱུར་ཡོད་ཀྱང་དེར་རྒྱུ་མཚན་དམིགས་བསལ་གང་ཡང་མེད། ཡང་ ཧིཔ་(hip) ཞེས་པ་ནི་དབྱིན་སྐད་དུ་རང་འཇགས་བཞག་ཡོད།
པད་མ་ལགས། ཐུགས་རྗེ་ཆེ། ཁྱེད་ཀྱི་འགྱུར་ལ་བརྟེན་ནས་ང་ལ་ཡང་ཅི་མ་བདེན་སྙམ་པའི་ཚོར་བ་མནན་ནས་མི་ནོན་པ་ཞིག་བྱུང་། དེ་ནས་ཐེ་རང་གི་ཟིན་བྲིས་ཞིག་ཀྱང་རྙེད་བྱུང་བ་འདིར་ཀློག་མཁན་ཚོའི་ཆེད་བཞག་ཡོད། གུས་བཅས།
http://thebrang.blogspot.com/
པད་ཚེ་ལགས་ཀྱིས་བསྒྱུར་བའི་ངལ་བར་བསྟེན་པར་བཀའ་དྲིན་ཆེ་ཞུའོ། སྐུ་ཉིད་ཐུགས་བྲེལ་མེད་ན་ཟིན་བྲིས་ལ་བརྡ་ལན་སྤྲོད་རོགས་ཞུ་རྒྱུ་ཡིན།
བསམ་ཚུལ་འགའ་ཤོད་ཆོག་པ་ཞུ།
cool གྱི་དོན་དབྱིན་ཡིག་ཏུ་གང་ཡོད་པ་ཇི་བཞིན་བོད་ཡིག་ཏུ་བཀོལ་ནས་ “བསིལ་པོ་” འབྲི་ལ་སྐྱོན་ཡོད་རྒྱུ་མ་རེད་བསམས། རྒྱུན་དུ་སྤྱོད་པ་ཡིན་ན་བསིལ་པོ་བསིལ་པོ་ཟེར་གྱིན་ཟེར་གྱིན་ལ་ cool གྱི་གོ་དོན་སླེབས་ཐུབ་པ་ཞིག་ཡོང་གི་རེད།
བརྩམས་ཆོས་འདི་དེ་སྔོན་ཁོང་གི་ཟིན་བྲིས་དང་ཕ་ཡུལ་དྲ་རྒྱ་གཉིས་ཀ་ནས་མཐོང་སོང་། སྐབས་འདིའི་ cool དང་ fashionable གཉིས་ཀྱི་གོ་དོན་ཉེ་བར་འདུག་བསམས་སོང་། དེར་བརྟེན། ལྟ་བཟོ་དོད་པོ། ལྟད་ཟོ་དོད་པོ། མྱིག་ལམ་འགྲོ་བོ། ལྟ་སྣང་མཛེས་པོ་སོགས་གང་ཞིག་སྤྱོད་ནའང་མི་ཆོག་པ་མིན་འདུག་སྙམ། མཛེས་ཆོས་གསར་པ་དང་དོད་ཅན་ཞིག་བསྟན་དགོས་ཀྱི་འདུག་བསམས་སོང་། འདིའི་དཔེ་ཡག་ཤོས་ཤིག་ནི་རྨ་ཆུའི་གཡུ་འབྲུག་ཚན་སྡེབ་ཀྱི་གླུ་གཞས་འདི་དག་རེད།
སྣང་བར་འགྲོ་བོ་འདུག་ལ་མདུན་སྐྱོད་ཀྱི་(progressive)་གོམ་ཁ་ཡངས་མོ་རེད། ཡག་པོ་ཞེ་དྲག་འདུག
གོང་གི་ཁོང་ཚོའི་གཞས་ཆ་ཚང་ཞིག་ནི།
ང་མདངས་དགོང་རྨི་ལམ་ཡག་པོ་རྨིས་བྱུང་།
བོད་ཁ་བ་ཅན་གྱི་ཡུལ་ལྗོངས།།
ཚོན་སྣ་ལྔའི་མེ་ཏོག་བཞད་པ་རྨིས།།
ང་མདངས་དགོང་རྨི་ལམ་ཡག་པོ་རྨིས་བྱུང་།
བོད་ཁ་བ་ཅན་གྱི་ཡུལ་ལྗོངས།།
ཚོན་སྣ་ལྔའི་མེ་ཏོག་བཞད་པ་རྨིས།།
འབྲུག་སྔོན་མོ་ས་ལ་བབས་པ་རྨིས།།
མེ་ཏོག་མཛེས། འབྲུག་སྒྲ་སྙན།
གངས་དཀར་བོའི་དབུ་རྩེ་མཐོ་བ་རྨིས།།
སེང་དཀར་མོའི་གཡུ་རལ་ངོམ་པ་རྨིས།།
མེ་སྒྱོགས་རྒྱ་མཚོ་ནས་གསུངས་པ་ལ་མངོན་པར་བསྟོད་དོ།། མཚམས་མཚམས་ལ་ཞབས་འདྲེན་ཞུ་བཞིན་པ་རེད།
འདི་ནང་གི་ཚིག་ཁ་ཤས་ཞིག་གོ་རྒྱུ་ཅང་མི་འདུག དཔེར་ན། audienceལ་གདུལ་བྱ་ཟེར་བ་དེར་མི་འཐད་དོ།།
ད་དུང་controlལ་བཏང་འཛིན་ཟེར་བ་དེ་ཟམ་གདོང་གི་རྗེས་འཇུག་ཡིན་པའི་ཁུལ་ཡིན་ས་རེད།
མེ་སྒྱོགས་རྒྱ་མཚོས་གསུངས་པ་ལ་མངོན་པར་བསྟོད་དོ། མཚམས་མཚམས་ལ་པདྨ་མིང་ཅན་ལྟ་བུས་ཞབས་འདྲེན་ཞུ་གི་འདུག
ཁོང་གི་འགྱུར་ལ་བལྟས་ནས་ཅང་མགོ་མ་འཚོས་ཀྱང༌། ཕ་ཡུལ་དྲ་རྒྱར་དབྱིན་ཡིག་ཏུ་བསྟས་རྗེས་འཚོས་སོང༌། ཁོང་གིས་རྙལྗལྗལྒ ལ་བསིལ་པོ་བསྒྱུར་བ་ནི་བོད་ཀྱི་སྐད་མ་བྱང་བའི་རང་མདོག་བསྟན་པ་རེད་ལ།
ད་དུང་གཡུ་འབྲུག་ཚན་བསྡེབས་ལ་གཡུ་འབྲུག་བོད་ཕྲུག་རོལ་དབྱངས་ཚན་པ་ཞེས་བསྒྱུར་བ་ནི། དགེ་འདུན་རབ་གསལ་གྱིས་སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་འགྱུར་ལས་ཅང་ཅེ་ཧྲིས་ལ་ཅང་ཀེ་
ཤག་ཅེས་བསྒྱུར་བ་དང་གཅིག་རེད། འདི་ལྟར་བསྒྱུར་བས་ཁོང་ཚོ་དེ་དག་ལ་རྒྱུས་ཅི་ཡང་མེད་པ་སྟོན་པ་མ་རེད་དམ།
ད་དུང་ CONTROL་བཏང་འཛིན་ཞེས་བསྒྱུར་བ་ནི་ཟམ་གདོང་བླ་མའི་རྒྱུགས་ཁྱི་བྱེད་འདོད་པས་ཡིན་ས་རེད།
AUDIENCEགདུལ་བྱ་ཞེས་བསྒྱུར་བ་ནི་ཅི་ཡིན་ཁྱོན་ནས་ཤེས་མ་སོང༌།
འདི་རིགས་སྒྱུར་སྟངས་ལ་བསམས་གཞིགས་དང་གྲོས་བསྡུར་དགོས་པ་གལ་ཆེ།
Be cool ཟེར་བའི་ cool སྐབས་འདིར་གྲང་མོ་དང་བསིལ་པོར་མི་གོ་བར་་ཡག་པོ་དང་དར་སོ་ཅན། དེང་དུས་ཅན་སོགས་དོན་སྣ་མང་ལ་འཇུག་པས་སྒྲ་སྒྱུར་བྱས་ན་ལེགས་སྙམ། དེ་མིན་བོད་སྐད་ནང་བསིལ་པོ་ཟེར་བའི་ཐ་སྙད་ལོ་བརྒྱ་ཕྲག་གི་གོང་ནས་ཡོད་བཞིན་དུ་༼སྐབས་དེ་དུས་བོད་རྒྱ་གཉིས་ཀའི་སྐད་ལ་ བསིལ་པོ་ ཞེས་པའི་ཐ་སྙད་དེ་མེད།༽ཅེས་བསྒྱུར་བས། ཀློག་མཁན་མགོ་བོ་རྨོངས་པར་གྱུར་པ་འདི་རེད།
ཐབས་ལམ་གཞན་ཞིག་ནི། Cool ལ་བོད་ཀྱི་ཐ་སྙད་གསར་པ་ཞིག་བཟོ་རྒྱུ་དེ་རེད། དེ་ཡང་མི་ཆོག་པ་མེད། དཔེར་ན་དེང་སྐབས་ལྷ་སའི་ནང་གཞོན་ནུ་ཚོ། ཨེ། ཁོ་གྲུང་བསིལ་བསིལ་ཆགས་འདུག་ག་ཞེས་བརྗོད་ཀྱི་འདུག སྐབས་འདིའི་གྲུང་བསིལ་བསིལ་ཟེར་བ་དེ་ལུས་སེམས་གྲུང་ཉམས་དོད་ལ་སྣང་བར་འཐད་པ་དང་། གྱོན་གོས་སོགས་ཀྱང་རྫིག་པོ་གྱོན་པར་གོ་བཞིན་འདུག །དེ་འདྲ་བོ་ཞིག་བཟོས་ནས་མཆན་བཀོད་ན་ཅི་འདྲ་འདུག
ལྷ་ས་བའི་སྐད་ལ།
བོད་པ་བྱེད་ཡས་འདི་དབྱིངས་རེད་འདུག་ཟེར།
མི་དེ་དབྱིངས་ཚ་པོ་ཞིག་འདུག་ཟེར་ན། This man is really cool.
མཚམས་རེ། མི་དེ་ལྟ་བཟོ་འདོད་པོ་འདུག་ཟེར། He looks cool
ལོ་ཤས་སྔོན་ཧོར་འཇིགས་ལགས་ནས་སེམས་པ་རྦད་དེ་བྱ་དངོས་ཤིག་ལ་འཁོར་བའི་སྐད་དོད་དབྱིངས་ཞེས་པ་འདི་དབྱིན་སྐད་རེད་ཅེས་ཁུངས་སྐྱེལ་དང་བཅས་བྲིས་ཡོད་པ་ཞིག་མཐོང་མྱོང་། ཁོ་བོར་མཚོན་ན་འདོད་པའི་སྐད་དོད་yearnཞེས་པ་འདི་མ་གཏོགས་མ་རག་པས། དྲ་གྲོགས་ཚོའི་ཁྲོད་དུ་དེང་སྐབས་ང་ཚོས་བེད་སྤྱོད་གཏོང་བཞིན་པའི་དབྱིངས་ཞེས་པ་སེམས་པ་རྦད་དེ་ཅིག་ལ་ཟུག་པའམ་འཁོར་བའི་སྐད་དོད་འདིའི་དབྱིན་ཚིག་ངོ་སྤྲོད་གནང་ཐུབ་མཁན་རེ་ཡོད་དམ།
ང་ཚོར་དབྱིན་སྐད་དུ་coolཞེས་པ་འདི་བོད་སྐད་དུ་སྒྲ་གདངས་ཇི་བཞིན་དང་ནང་དོན་ལྡོག་ཕྱོགས་ནས་བསྒྱུར་ཏེ་ཁོལ་ཞེས་བཏགས་ན་འདྲ་འདུག བོད་སྐད་དུ་ཁོ་རང་དེང་སང་ཁོལ་འདུག་ལབ་དུས་ཁོ་རང་དེང་སང་རླུང་རྟ་འདྲ་ཞིག་བརྒྱུགས་ནས་བྲེལ་བ་འཚུབ་ཏུ་འགྲོ་འདུག་ཅེས་པར་མི་གོའམ། དེ་བཞིན་ཁོལ་ཞེས་པ་འདི་བོད་སྐད་དུ་གྲང་བའི་ལྡོག་ཟླ་ཚ་བོ་ཆགས་པར་གོ་བས། དབྱིན་བོད་གཉིས་ཀའི་སྐད་དུ་སེམས་པའམ་སྙིང་ཚ་བོ་ཡོད་ཅེས་པ་ནི་མི་དེ་སེམས་པ་བཟང་པོ་ཡོད་པའི་དོན་ཞིག་ལ་གོ་གིན་འདུག
ང་ཚོར་་་་ང་ཚོས་་་་་
སྐུ་ཞབས་ཀླུ་སྨྱོན་ལགས།
ལྷ་སའི་ཕལ་སྐད་ནང་ལ། ཁོལ་ཟེར་བ་འདི་”སྡོད་མི་ཚུགས་”པའི་ནང་དོན་ལ་བེད་སྤྱོད་གཏོང་གི་འདུག
དཔེར་ན། “ད་པུ་གུ་འདི་ཁོལ་ཡོང་གི་འདུག ཉེས་བརྡུང་ཟེད་འགྲབ་འདུག”ཟེར་ན། བྱིས་པ། སྡོད་མི་ཚུགས་པར། ཚ་གི་ཚ་གི་དང་། སེམས་གནས་མི་ཐུབ་མཁན་ལ་ཕ་མས་ཉེད་རྡུང་གཏོང་རན་པར་”ཟེར།
ཡང་ཁོལ་ཟེར་བ་འདི།
“ད་ཁྱེད་ལག་པ་ཁོལ་ཡོང་གི་འདུག་གས། སྡུག་ཚོད་ཟིན་ཐུབ་ཀྱི་མིན་འདུག་གམ་”ཞེས་ཀྱང་གོ་མྱོང་ཡོད།
ཀླུ་སྨྱོན་ལགས། ཧོར་གཙང་གིས་དབུས་གཙང་ཁུལ་གྱི་དབྱིངས་ཚ་བོ་ཞེས་པའི་དབྱིངས་དེ་རྒྱ་སྐད་ཀྱི་ཡིང་ནས་བྱུང་བར་བཤད་པ་ལས་དབྱིན་ཡིག་ནས་བྱུང་བར་བཤད་མི་འདུག་ལགས།
ཚངས་དབྱངས་ཀྱིས་བཤད་པ་བཞིན་Cool ལ་དབྱིངས་ཞེས་བསྒྱུར་ནའང་འཚམ་པོ་འདུག
བོད་སྐད་དུ་དབྱིངས་ཚ་པོ་ཞེས་པའི་དབྱིངས་དང་དོ་སྣང་དང་དབྱིངས་ཞུགས་ཞེས་པའི་དབྱིངས་སོགས་འདུག་པས་འདི་ཚོ་ཆ་ཚང་ཧོར་གཙང་གིས་བཤད་པ་ལྟར་རྒྱ་སྐད་ནས་བྱུང་བ་ཡིན་ནམ་་་་་་་་་་་་་་་་་་་
ཞེས་པ་དེ་ཀླུ་སྨྱོན་གྱིས་བཤད་པ་ལྟར་ཁོལ་ལའང་བསྒྱུར་ཆོག་པར་སྙམ། རྒྱ་སྐད་དུའང་ཐད་སྒྱུར་བྱས་ཡོད་པ་རེད་མོད་ཁོལ་ཞེས་བེད་སྤྱོད་དུས་བདེ་བོ་ཞིག་མི་འདུག ཐ་སྙད་གསར་བ་ཡིན་པས་ཡིན་རྒྱུ་རེད།
པདྨ་མིང་ཅན་ཁོས་གཡུ་འབྲུག་ཚན་བསྡེབས་ལ་གཡུ་འབྲུག་བོད་ཕྲུག་རོལ་དབྱངས་ཚན་པ་ཞེས་བསྒྱུར་བ་ནི། དགེ་འདུན་རབ་གསལ་གྱིས་སངས་རྒྱས་ཀྱི་དཔའ་རྟུལ་ཚོ་ཞེས་པའི་འགྱུར་ལས་ཅང་ཅེ་ཧྲིས་ལ་ཅང་ཀེ་
ཤག་ཅེས་བསྒྱུར་བ་དང་གཅིག་རེད། འདི་ལྟར་བསྒྱུར་བས་ཁོང་ཚོ་དེ་དག་ལ་རྒྱུས་ཅི་ཡང་མེད་པ་སྟོན་པ་མ་རེད་དམ།
སྐབས་འདིའི་དབྱིན་ཡིག་coolཅེས་པ་འདི་སྐབས་དོན་ལ་བལྟས་ནས་བསྒྱུར་སྟངས་འདྲ་མིན་ཡོད་ཆོག་གི་རེད་དྲན་གི། ༧གོང་ས་མཆོག་ལྟ་བུ་He looks cool.ཟེར་བའི་སྐབས་འགྲན་ཟླ་མེད་པ་དང་ཡང་ན་ཡག་པོ་ཞེ་དྲག་ལྟ་བུ་དང་། མི་དཀྱུས་མའི་རིགས་ལ་དབྱིངས་ཚ་བོ་དང་སྙིང་རྗེ་བོ་ལྟ་བུ། མ་གཞི་དབྱིན་ཚིག་འདིའི་རིགས་ཕལ་སྐད་རེད་ལ། དར་སྲོལ་ཀྱང་དེ་ཙམ་ཡོད་ས་མ་རེད། ཡིན་ནའང་འདིའི་དོད་ཐུབ་ཀྱི་མིང་ཚིག་དབྱིན་སྐད་ལ་མང་བོ་འདུག དཔེར་ན། Very good, Wonderful, Perfect, Excellent, Matchless, Greet, Terrific, Fantastic,ལྟ་བུ།
གཡུ་འབྲུག་ཚན་སྡེབ་ཀྱི་ཕོ་རྒོད་བཞིའི་པར་ལ་བལྟ་འདོད་ན། དུས་བབ་ཟིན་བྲིས་ཁྲོད་ཀྱི་ངའི་ཟླ་ངོགས་ཀྱི་འཇིག་རྟེན་ལ་ཕེབས་པར་མཛོད།
ཟླ་བ་གཞོན་ནུས།
ཨ་ལགས་ཀླུ་སྨྱོན་ལགས། ཁོ་དེང་སང་ཁོལ་འདུག་ཅེས་པ་ཞིག་ང་ཚོའི་སྐད་ཆ་བཤད་སྟངས་ལ་ཨེ་ཡོད་དམ། སུས་བཤད་གི་འདུག ངས་བལྟས་ན་དེ་འདྲའི་བཤད་སྟངས་ཤིག་མེད་པ་འདྲ། ཚངས་དབྱངས་གིས་ཁོལ་ཅེས་པ་སྡོད་མི་ཚུགས་པར་གོ་བ་ལེན་གི་རེད་ཟེར། དཔེ་མཚོན་དུ་“ད་ཁྱེད་ལག་པ་ཁོལ་ཡོང་གི་འདུག་གས། སྡུག་ཚོད་ཟིན་ཐུབ་ཀྱི་མིན་འདུག་གམ་”ཟེར། ངས་ཕ་ཡུལ་དུ་ལག་པ་ཁོལ་༼དག་ཆ་མ་ངེས༽དང་ཁ་ཁོལ་ཟེར་དུས་གྲང་ནས་བེད་སྤྱོད་གཏོང་མི་ཐུབ་པར་གོ་གི་རེད། དཔེར་ན། གྲང་ནས་ཁ་ཁོལ་ཏེ་སྐད་ཆ་བཤད་ཐུབ་གི་མི་འདུག ལག་པ་ཁོལ་ནས་ཅ་ནེ་བཟུང་ཐུབ་གི་མི་འདུག་ལྟ་བུ།
དཀོན་མཆོག་ལགས། ཁྱེད་ཀྱིས་བཤད་ཀྱིན་པའི་ཁོལ་ཞེས་པ་དེ་ཁོབ་ཡིན་རྒྱུ་རེད་བསམ།
གྲོགས་པོ་ཚོས་དབྱིན་ཚིག་”ཁོལ་”ཞེས་པ་དེ་བོད་སྐད་དུ་བསྒྱུར་ཚུལ་ནས་འཕྲོས་ཏེ་གླེང་སློང་དཔེ་འདྲ་ཞིག་གནང་འདུག ཧ་ལམ་ཕྱོགས་ཚང་མ་ནས་གནང་གྲུབ་འདུག་ གསེར་གྱི་ཀ་བ་ལ་འཇགས་མའི་ལྷན་པ་ཞེས་པ་ལྟར་འདིར་མཆན་ཞིག་བྲིས་ཡོད། དེ་ཡང་ཐོག་མར་དུས་བབ་དྲ་ངོས་ན་རྩོམ་འདི་བཀྲ་ཤིས་རྣམ་རྒྱལ་ཞུ་བ་ཞིག་གིས་ཀྱང་བསྒྱུར་འདུག་པ་མཐོང་ནས་དེར་བྲིས་པ་ཡིན། འོན་ཀྱང་འདིར་ཡང་འབྲེལ་བ་འདུག་སྙམ་ནས་བཤུས་ཏེ་བཀོད་པ་ལགས། ལྷག་མ་ཡིན་ཚེ་དགོངས་འགལ་མེད་པ་ཞུ། ཨོ། ཞུ་རྒྱུ་ཞིག་ལ། ང་ཚོ་ཚིག་གི་རོལ་རྩེད་ལ་རྒྱུགས་ནས་རྩོམ་པ་པོས་བཤད་པའི་དོན་ངོ་མ་དེ་བརྗེད་འདུག
བཀྲ་ཤིས་རྣམ་རྒྱལ་ལགས་ཀྱིས་བསྒྱུར་བའི་རྩོམ་འདི་ཉིན་ཤས་སྔོན་པད་མ་ཚེ་དབང་ལགས་ཀྱིས་ཀྱང་བསྒྱུར་ནས་ཁ་བརྡའི་ཐོག་བཀོད། རྩོམ་པ་པོའི་མཚན་འདིར་འཁོད་པ་དེ་མིང་ངོ་མ་མིན་ཞེས་གསལ་འདུག་པ་དེ་བཅོས་དགོས་པར་སྣང་། ཁ་བརྡའི་ཐོག་ཏུ་ Be Cool—Be Tibetan ཞེས་པའི་ནང་དོན་འདིར་རྩོད་པ་ཞིག་སླེབས། རྩོད་དོན་ནི་ Cool ཞེས་པ་དེ་ “བསིལ་པོ་”བསྒྱུར་ན་འགྲིག་མིན་གྱི་ཐད་རེད། འདིར་ “ཉམས་དོད་པོ་”ཞེས་བསྒྱུར་འདུག དབྱིན་ཡིག་གི་ “ཁོལ་”ཞེས་པ་འདི་ལ་གོ་དོན་སྣ་ཚོགས་པ་ཞིག་འདུག མཚམས་རེར་ཡག་པོ་དང་མཚམས་རེར་སྡུག་ཇག་གི་གོ་དོན་འདུག འདིར་བཤད་པའི་ “ཁོལ་”དེ་ལ་ཡང་ལྟ་མཁན་གྱི་ངོས་ནས་མཐོང་བའི་ཚོར་སྣང་ཞིག་འགྲེལ་དགོས་པ་རེད་དྲན། དཔེར་ན་རྩོམ་འདིའི་ནང་གི་ལྟ་མཁན་རྒྱ་མི་རིགས་ཀྱིས་བོད་མི་རྣམས་ལ་ “ཁོལ་”ཞེས་ཡིད་དབང་འཕྲོག་ས་ཞིག་ཏུ་བརྩི་གི་ཡོད་མེད་རེད། ཉམས་དོད་པོ་དེ་བྱེད་མཁན་གྱི་ངོས་ནས་ཡིན་ནམ། མི་ཤེས། ཨོ། “ཡིད་འཕྲོག་མཁན།” འདི་གང་འདྲ་འདུག དེ་ནས་རྩོམ་འདིའི་མགོ་བརྗོད་དེ་ཁ་བརྡའི་དྲ་ཐོག་ཏུ་ སྐུལ་ཚིག་གི་ངོ་བོར་བསྒྱུར་འདུག དྭོགས་འདྲི་ཞིག་ལ་ “དེ་ཡང་ང་ཚོ་བོད་ནང་ཡོད་དུས་ང་ཚོའི་ཉམས་ཆུང་དང་སྤྱོད་པ་དུད་ཅིང་། ཐ་ན་བརྩོན་འགྲུས་ཅན་གྱི་སློབ་ཕྲུག་ཡིན་པ་རེད།”ཅེས་པའི་ནང་གི་ཉམ་ཆུང་གི་དག་ཆ་དང་ དེ་ནས་སྤྱོད་པ་དུད་ཟེར་རམ་སྤྱོད་པ་དུལ་ཟེར། དུད་ནི་སྒུར་བའི་དོན་རེད། དུལ་ནི་རྒོད་དུ་ཤོར་བ་ཞིག་བཅོས་པའི་དོན་ཏེ་རྟ་བཏུལ་དང་གདུལ་བྱ་སོགས་ཀྱིས་མཚོན་ནོ།།
ཅང་ཀེ་ཤག་ཅེས་སྐུ་ངོ་རྒྱལ་དོན་གྱིས་གསུང་གི་འདུག །ཅང་ལ་རྒྱུས་མངའ་ཆེ་བ་སྐུ་ངོ་ཁོང་ལས་ལྷག་པའི་བོད་པ་ཞིག་མེད། ཏན་ཏན་ལབ་སྲོལ་ཞིག་ཡོད་པ་འདྲ། ཁ་དང་ལག་པ་གྲང་མོ་ཆགས་ནས་བཅའ་དངོས་འཇུ་མ་ཐུབ་པ་ལ་ཁོབ་ཅེས་པ་ལས་ཁོལ་མི་ཟེར།
པད་ཚེ་ལགས་ད་དུང་ཕེབས་མིན་འདུག་ལགས།