བོང་སྟག་རི་ལུ།
རྒྱལ་ཁབ་ཀྱིས་ང་ལ་རོ་སྒམ་ལྟ་བུའི་ཁང་མིག་ཅིག་བྱིན་རྗེས། དེའི་ལྡེ་མིག་ཡོད་ཚད་ང་ལ་སྤྲད་པར་མ་ཟད། ད་དུང་ལས་བྱེད་ཅེས་པའི་རྣ་ཚར་ཞིག་ཀྱང་བཏགས། དེ་ནས་བཟུང༌། ངས་རོ་སྒམ་ལྟ་བུའི་ཁང་མིག་དེའི་ལྷིང་འཇགས་སྲུང་བ་ཡིན།
རོ་སྒམ་ལྟ་བུའི་ཁང་མིག་དེའི་ནང༌། བདེ་སྐྱིད་དང་དགོད་སྒྲ་ཡོད་ལ། དྲོལ་ཁོལ་དང་རྨི་ལམ་ཡོད། ད་དུང་ཟས་རང་འབབ་ཡིན་ལ་གོས་རང་གྲུབ་ཡིན། དེ་བས། ངས་ཕྱི་རོལ་གྱི་ནམ་ཟླ་ཏག་ཏག་བརྗེད་སོང༌། ཁ་བ་བརྗེད་སོང༌། རླུང་བུ་བརྗེད་སོང༌། ལུག་ཁྱི་བརྗེད་སོང༌། རོ་སྒམ་ལྟ་བུའི་ཁང་མིག་དེའི་ནང་ནས། ངས་ཉི་མ་སུམ་བརྒྱ་དྲུག་ཅུ་ལ་གླུ་བླངས་ནས་བསྡད། ངས་ལོ་འཁོར་ཟླ་བ་བཅུ་གཉིས་ལ་གར་འཁྲབ་ནས་བསྡད། ངས་དུས་ཚོད་ཉི་ཤུ་རྩ་བཞི་ལ་སྟོན་མོ་བཤམས་ནས་བསྡད།
དེ་བས། ང་ལ་སོས་དལ་མོའི་ངང་བསམ་གཞིགས་ཤིག་གནང་ཁོམ་གང་ན་ཡོད། ང་ལ་རོ་སྒམ་ལྟ་བུའི་ཁང་མིག་དེ་ཡོད་པ་ནས། ང་ལ་གནས་ས་བླ་འོག་བརྗེས་པ་ལྟ་བུའི་འགྱུར་ལྡོག་བྱུང༌། གླ་ཕོགས་ཉིས་སྟོང་བརྒྱད་བརྒྱར་བུད་པ་དེས། ངའི་རེ་བ་ཡོད་ཚད་འགྲུབ་སོང༌། ངའི་འདོད་དོན་ཚང་མ་བསྐོངས་ཟིན། ད་ནི་ཅི་ལའང་སེམས་ཁུར་མེད་པར། སྔུར་བ་བདེ་མོ་ཞིག་འཐེན་ནས་གཉིད་ཆོག་ཆོག་རེད། རྨི་ལམ་ལྗིད་པོ་ཞིག་རྨི་བཞིན་གཉིད་ཆོག་ཆོག་རེད།
རོ་སྒམ་ལྟ་བུའི་ཁང་མིག་དེར་འཛུལ་ནས༌། ངས་ཕུགས་བསམ་དང་རྨི་ལམ་མཉམ་དུ་བསྲེས་ཤིང༌། ངས་སྟོང་འདང་དང་ཝུ་ཆང་མཉམ་དུ་བཞེས་ནས། མི་ལོ་རྐྱང་རྐྱང་ལྔ་འགོར་སོང༌། མི་ལོ་ཁ་ཤས་ཀྱི་རིང་ལ། ངས་སྡུག་སྨྲེ་མ་བཏོན། ངས་ཀུ་ཅོ་མ་བཏོན། ངས་མིག་ཆུ་མ་བཏོན། རྒྱུ་མཚན་ནི། ང་ལ་རོ་སྒམ་ལྟ་བུའི་ཁང་མིག་ཅིག་ཡོད་པས་ཡིན།