མེ་ཏོག་ཟླ་མཛེས། སྐྱོ་བྲག་དགའ་དབང་། Posted on 2013-01-30 By ཁ་བརྡ་ 3 Comments on མེ་ཏོག་ཟླ་མཛེས། སྐྱོ་བྲག་དགའ་དབང་། རྗེ་ཕག་གྲུས་མཛད་པའི་དྭགས་པོའི་རྣམ་ཐར་གསོལ་འདེབས་སུ། མེ་ཏོག་ཟླ་མཛེས་པདྨའི་བླ་མ་ནི། །ཐུབ་པའི་སྤྱན་སྔར་ཟླ་འོད་གཞོན་ནུར་གྱུར། །གངས་རིའི་ཁྲོད་དུ་དགེ་སློང་འཚོ་བྱེད་དུ། །རྒྱལ་བས་ལུང་བསྟན་ཁྱོད་ལ་ཕྱག་འཚལ་ལོ། །ཞེས་ཟླ་འོད་གཞོན་ནུ་མེ་ཏོག་ཟླ་མཛེས་ཡིན་པར་གསུངས་ཤིང་། དེའི་རྗེས་སུ་ཕྱམ་གཅིག་ཏུ་གསུངས་པ་སྟེ། རྗེ་འགོས་ལོའི་དེབ་སྔོན་དུ། རྒྱལ་པོ་དཔའ་བས་བྱིན་ནི་སྟོན་པ་ཐུབ་པའི་དབང་པོ་ཉིད་ཡིན་པ་དང་། མེ་ཏོག་ཟླ་མཛེས་ཟླ་འོད་གཞོན་ནུར་གྱུར་པ་ཉིད་ཡིན་པ་དང་། ཟླ་འོད་གཞོན་ནུ་ཆོས་རྗེ་སྒམ་པོ་པར་གྱུར་པ་ལ་སོགས་པ་ལ་སྐལ་བ་དང་ལྡན་པའི་སྐྱེ་བོ་རབ་ཏུ་མང་པོ་ཡིད་ཆེས་པར་གྱུར་ཏེ། ཞེས་སོ། །འདི་དག་གི་ཁུངས་ནི། ཞྭ་དམར་མཁའ་སྤྱོད་དབང་པོས་དྭགས་པོའི་རྣམ་ཐར་ཀུན་ཁྱབ་སྙན་པའི་བ་དན་དུ་གསུངས་པ་བཞིན། ཏིང་འཛིན་རྒྱལ་པོའི་མདོ་ཚིག །ང་ནི་དེ་ཚེ་རྒྱལ་པོ་དཔས་བྱིན་ཡིན། །ང་ཡི་བུ་རྣམས་ཕྱི་དུས་ཆོས་སྐྱོང་བ། །མེ་ཏོག་ཟླ་མཛེས་པདྨའི་བླ་མ་ཡིན། །དགའ་བྱེད་དེ་ནི་ཞི་བའི་རྒྱལ་བར་གྱུར། །ཅེས་པ་ཉིད་དེ། ཐུབ་པའི་དབང་པོས། མི་བཟད་པ་ཡི་ཕྱི་དུས་ལ། །དམ་པའི་ཆོས་ནི་འཇིག་པའི་ཚེ། །མདོ་སྡེ་འདི་ནི་རབ་བཤད་པར། །ཁྱེད་ལ་སུ་དག་སྤྲོ་བ་ཡོད། །ཅེས་དྲིས་པ་ན། ཟླ་འོད་གཞོན་ནུས། མི་བཟད་པ་ཡི་ཕྱི་དུས་ལ། །ལུས་དང་སྲོག་ཀྱང་རབ་བཏང་སྟེ། །བདག་གིས་མདོ་སྡེ་རྒྱས་པར་བགྱི། །ཞེས་དང་། གཞན་ཆོས་སྨྲ་བ་བརྒྱད་བརྒྱས་ཀྱང་། ཕྱི་མའི་དུས་ལ་བདག་ཅག་ཀྱང་། །མདོ་སྡེ་འདི་ནི་འཛིན་པ་ལགས། །ཞེས་ཞུས་ཤིང་། ལྷ་ཀླུ་གནོད་སྦྱིན་བྱེ་བ་བརྒྱད་ཅུ་དང་ཁྲག་ཁྲིག་དྲུག་ཅུ་རྣམས་ཀྱིས། དགེ་སློང་དག་ནི་འདི་རྣམས་ལས། །དེ་རིང་སུ་དག་ལངས་པ་རྣམས། །ཕྱི་དུས་དེ་ཚེ་བདག་ཅག་གིས། །འདྲེན་པ་རབ་ཏུ་བསྲུང་བར་བགྱི། །ཞེས་ཕྱི་དུས་དམ་པའི་ཆོས་འཇིག་པའི་ཚེ་མདོ་སྡེ་བསྲུང་བར་ཁས་བླངས་ཤིང་། ཁས་བླངས་པ་བཞིན་ཆོས་རྗེ་སྒམ་པོ་པ་སློབ་ཚོགས་དང་བཅས་པས་སྙིང་པོའི་བསྟན་པ་སྤེལ་བ་ལ་དགོངས་ནས། ང་ཡི་བུ་རྣམས་ཕྱི་དུས་ཆོས་སྐྱོང་བ། །ཞེས་གསུངས་པ་སྟེ། ང་ཡི་བུ་ཕྱི་དུས་ཆོས་སྐྱོང་བ་ཟླ་འོད་གཞོན་ནུ་སོགས་འདི་རྣམས་ནི། སྔར་གྱི་མེ་ཏོག་ཟླ་མཛེས་སོགས་པདྨས་བརྒྱན་པ་ཀུན་ཏུ་བཟང་པོའི་ནགས་ཁྲོད་དུ་བཞུགས་པའི་འགྲོ་བའི་བླ་མ་དག་ཡིན་ནོ་ཞེས་པའོ། །དེ་ལྟར་ན་ཚིག་རྐང་གཉིས་ཀྱིས་ཟླ་འོད་གཞོན་ནུ་སོགས་ཀྱི་འདས་འོངས་ད་ལྟའི་མཛད་པ་དག་གསལ་བར་སྟོན་ཐུབ་པའི་སངས་རྒྱས་ཀྱི་གསུང་ཟབ་ཅིང་རླིངས་པ་དག་ནི་ཤིན་ཏུ་ངོ་མཚར་ཆེའོ། ། རྩོམ་རིག
རྡ་རམ་ས་ལ་གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས་གསུངས་སྐབས། ་བཀའ་བརྒྱུད་པའི་་གསོལ་འདེབས་དེ་མ་དག་པ་འདོན་གྱི་འདུག རྡོ་རྗེ་འཆང་ཆེན་ཏེ་ལོ་ན་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། ། དུས་གསུམ་མཁྱེན་འགྲོ་མགོན་ཕག་མོ་གྲུབ། ཞེས་པའི་ཚིག་རྐང་དེར། དུས་གསུམ་མཁྱེན་པ་འགྲོ་མགོན་བསོད་ནམས་གྲགས། ཞེས་ནོར་བ་འདོན་གྱི་འདུག བསོད་ནམས་གྲགས་པ་ཞེས་པ་བཀའ་བརྒྱུད་གོང་མའི་རྣམ་ཐར་ནང་ཡོད་མ་རེད།
རྡ་རམ་ས་ལ་གངས་ཅན་ཤིང་རྟ་ཉེར་ལྔའི་གསོལ་འདེབས་གསུངས་སྐབས། ་བཀའ་བརྒྱུད་པའི་་གསོལ་འདེབས་དེ་མ་དག་པ་འདོན་གྱི་འདུག རྡོ་རྗེ་འཆང་ཆེན་ཏེ་ལོ་ན་རོ་དང་། །མར་པ་མི་ལ་ཆོས་རྗེ་སྒམ་པོ་པ། ། དུས་གསུམ་མཁྱེན་འགྲོ་མགོན་ཕག་མོ་གྲུབ། ཞེས་པའི་ཚིག་རྐང་དེར། དུས་གསུམ་མཁྱེན་པ་འགྲོ་མགོན་བསོད་ནམས་གྲགས། ཞེས་ནོར་བ་འདོན་གྱི་འདུག བསོད་ནམས་གྲགས་པ་ཞེས་པ་བཀའ་བརྒྱུད་གོང་མའི་རྣམ་ཐར་ནང་ཡོད་མ་རེད།
བསོད་ནམས་གྲགས་ཟེར་བ་སུ་རེད། འགྲོ་མགོན་བཀའ་བརྒྱུད་པ་ལ་བླ་མ་དེ་འདྲ་མེད།
རྩོམ་ཡིག་ཡིད་དུ་འོང་བ་ཞིག་གོ