ཀླུ་སྨྱོན།
མུན་པའི་ཁྲོད་ནས་ཁྱོད་ཞལ་མཇལ་བ་དང་། །
ཉི་འོད་ཀློང་ནས་རབ་རིབ་འགྱུར་བ་གཉིས། །
མ་བརྟགས་སེམས་ཀྱི་རྣམ་འགྱུར་ཟུང་གཅིག་སྟེ། །
གསལ་ལ་མི་གསལ་བ་ཡི་ཆོས་ཉིད་ཅིག།
སྤྲིན་པའི་གསེང་ནས་ཆར་ཆུ་བྱོ་བ་དང་། །
གནམ་སའི་བར་ནས་འཇའ་ཚོན་འཁྱུག་པ་གཉིས། །
ཉི་འོད་སྐད་ཅིག་མ་དེའི་ཆོ་འཕྲུལ་ཏེ། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
ཁ་བས་རི་ཚོགས་ལྗིད་ཀྱིས་གནོན་པ་དང་། །
རྩྭ་སྐྱ་མ་རག་ནོར་ལུག་འཆི་བ་གཉིས། །
དགུང་གཞུང་རིང་མོ་ཞིག་གི་ཟིན་ཐོ་སྟེ། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
སྟོན་གྱི་སྡོང་ལོ་གསེར་གྱིས་བྱུགས་པ་དང་། །
དབང་མེད་སེམས་པ་སྐྱོ་བས་བསྡམས་པ་གཉིས། །
དུས་ཀྱི་དེབ་རྒན་ཞིག་གི་ལེའུ་སྟེ། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
ཕྱེ་ལེབ་ཉིན་གང་ངལ་མེད་འཕུར་བ་དང་། །
སྦྲང་མས་མེ་ཏོག་སྟོང་ལ་འོ་བྱེད་པ། །
མཛེས་སྡུག་དབྱར་གཞུང་གན་གྱི་དྲན་ཤིང་སྟེ། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
ཆབ་རོམ་ཆུ་རུ་བཞུར་པའི་སྙན་ངག་དང་། །
ལྗང་མྱུག་གསོན་ཤུགས་རྒྱས་པའི་གཏམ་རྒྱུད་ཀྱིས། །
ས་ཆེན་དྲོད་ཀྱིས་གཉིད་པའི་དཔྱིད་དུས་ཀྱང་། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
འབྲོག་པའི་སློག་རྒན་ཤིག་གིས་གཏམས་པ་དང་། །
རོང་བའི་ཕྱིང་དཀར་རྡུལ་གྱིས་ཟིན་པ་གཉིས། །
གཅིག་ལས་གཅིག་གི་སྐྱིད་སྡུག་ཟབ་པ་ཡང་། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
གྲྭ་རྐྱང་མི་ཚེ་དགོན་པར་ཟད་པ་དང་། །
བུ་མོའི་མིག་ཆུ་གནས་ནས་འཛད་པ་གཉིས། །
མི་ལོ་སྟོང་གི་སྐྱོ་གར་ཡིན་མིན་ཡང་། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
རི་བོའི་ལྗོངས་སུ་གཞི་བདག་གྲོང་ཁྱེར་དང་། །
ཆུ་མོའི་གཞུང་ན་མེས་པོའི་རྣམ་ཤེས་ཚོགས། །
མདང་གི་སྐར་ཚོགས་བཞིན་དུ་ཡོད་མེད་དེ། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
སྨན་ཤར་བྲང་ཁ་རྒྱས་པའི་གསང་བ་དང་། །
ཟླ་མཚན་བརླ་ངོས་འབྱར་བའི་ན་ཚོད་གཉིས། །
འཇིག་རྟེན་མི་ཡི་འཚོ་བ་ཡིན་མིན་དེ། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
སྙན་ངག་མཁན་པོ་ཆང་གིས་བཟི་བ་དང་། །
རི་མོ་མཁན་ཡང་གཉིད་ཀྱིས་དུབ་པ་གཉིས། །
རང་བྱུང་ཆོས་ཉིད་ཅིག་གི་བརྡ་རྟགས་ཏེ། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
སྦྲ་ནག་མ་ལུས་ལྟེབས་བརྩེགས་བརྒྱབ་པ་དང་། །
ཁང་སྐྱ་འབུམ་གྱིས་རྩྭ་ཐང་བཀང་བ་གཉིས། །
དུས་ཚོད་ཆེན་པོ་ཅིག་གི་ཅོང་སྒྲ་སྟེ། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
རི་བོའི་ཕྲག་ལ་བཀལ་བའི་ཉི་ཟེར་དང་། །
ནམ་མཁའི་དབྱིངས་སུ་འཐེན་པའི་དུད་སྤྲིན་གཉིས། །
གནའ་བོའི་འབྲོག་པའི་རྣམ་ཤེས་ལྡོམ་པོའི་ཁྱུ། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
ཟླ་འོད་འོག་གི་རྒྱུགས་ཆུའི་བཞུར་སྒྲ་དང་། །
ཉི་མའི་པང་གི་བྱ་ཁྱུའི་གཤོག་སྒྲ་གཉིས། །
ཕན་ཚུན་བརྡར་བའི་སྙན་འཇེབས་རོལ་མོ་ཡང་། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
རྒྱང་རིང་མཁའ་མཐར་ཅེར་བའི་མིག་འོད་དང་། །
རང་སེམས་ཁྲག་ཏུ་ཁོལ་བའི་རྦ་རླབས་གཉིས། །
གཞི་གཅིག་འདྲེས་པའི་ལུས་ཀྱི་ཚེ་འབར་འདི། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
ན་ཆུང་སྟོང་གི་བརྩེ་བའི་ཁ་རླངས་དང་། །
རྒན་རྒོན་འབུམ་གྱི་སྐྱོ་བའི་དབུགས་རིང་གཉིས། །
གཅིག་ཏུ་བརྒྱུས་པའི་གཟི་ཡི་དོ་ཤལ་འདི། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
ལྷ་མིའི་བར་གྱི་འབྲེལ་ཐག་བཅད་པ་དང་། །
མི་ཡི་སེམས་པ་དངུལ་གྱིས་བསྒྱུར་བའི་དུས། །
ཅི་འདི་གང་ཞེས་བརྟགས་པའི་དཔྱད་ཡིག་ནི། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
མགོ་བོའི་ནང་ན་ཀླད་པ་མེད་པ་དང་། །
ཡ་ཆུང་ཁོག་ན་སེམས་པ་མེད་པ་ཡི། །
མི་ཡི་ལུས་ལ་ཤོག་བུའི་ནང་སྙིང་ཅན། །
གསལ་ལ་མི་གསལ་ཞེ་ན་དེ་ཡང་ངོ་། །
ཞེ་ན་དེ་ཡང་ངོ་ཟེར་བ་འདི་ཡང་ཡང་བཀོལ་འདུག་པས། དེ་རིང་ཡང་མི་གོ་ནི་ཟིག་བྲིས་བཞོག་ཀི།
སྨན་ཤར་བྲང་ཁ་རྒྱས་པའི་གསང་བ་དང་། །
ཟླ་མཚན་བརླ་ངོས་འབྱར་བའི་ན་ཚོད་གཉིས། །
འཇིག་རྟེན་མི་ཡི་འཚོ་བ་ཡིན་མིན་དེ། །ཚིག་འདི་གསལ་བ་ལས་གཞན་དག་ནི་མི་གསལ་བ་འབའ་ཞིག་གོ