ཚ་བ་མདའ་སྨྱུག་མདའ་མོ་གངས་ལྗོངས་ལ་ཟུག་སོང་།
གངས་ལྗོངས་མཁས་པའི་ཚོགས་ཀྱི་སྨྲ་ལྕེ་ལ་ཟུག་སོང་།།
སྨྲ་པའི་དབང་པོ་མི་སྨྲའི་བརྟུལ་ཞུགས་ལ་གནས་སོང་།།
སྐྱེས་བུ་འདི་འདྲ་བོར་ནས་ཡིད་སེམས་ཅིག་སྐྱོ་སོང་།།
གཞུང་དོན་རྣམ་པར་འབྱེད་ལ་རྣམ་དཔྱོད་ཀྱི་རིག་པ།།
རིག་པའི་མདའ་མོ་གངས་ལྗོངས་མུན་གླིང་ལ་འཕང་ཚེ།།
མཁས་རློམ་ཚོགས་ཀྱི་ཀླད་ཞོ་བ་དབང་མེད་གཏོར་བས།།
ན་ཟུག་སྙིང་ནས་མ་བཟོད་ལྔ་ལམ་དུ་བརྫངས་སོང་།།
ངུར་སྨྲིག་གོས་ཀྱིས་བརྒྱན་པའི་གངས་ལྗོངས་ཀྱི་ཆོས་པ།།
ཕྲག་དོག་ཁྲག་གི་འཁོར་ལོ་གང་ས་རུ་བསྐོར་ནས།།
གངས་ལྗོངས་རིག་པའི་མདའ་མོ་མི་མངོན་པའི་དབྱིངས་སུ།།
ག་ལེར་བརྫངས་པའི་ཆོས་བ་ཨ་ཐང་ཅིག་ཆད་སོང་།།
ལོག་རྟོག་སྙིང་སྟོབས་ཀྱིས་ལེགས་པའི་གཡབ་མོ་བྱས་ཚེ།།
གངས་ལྗོངས་སྨྲ་དབང་ཚོའི་སྨྲ་ལྕེ་གང་དུ་ལྐུགས་སོང་།།
ཚ་བ་མདའ་སྨྱུག་གི་མདའ་མོས་དྲང་ཚུགས་བཟུང་དུས།
དགག་སྒྲུབ་སྙིང་སྟོབས་ཀྱི་རྣམ་དཔྱོད་ཁ་བར་དབེན་སོང་།།
ཁ་བ་བུ་ཡུག་བཞིན་འཚུབ་པའི་ཁ་བའི་ལྗོངས་ནས།།
ཕྲག་དོག་ཚེར་མ་བཞིན་འཛིང་པའི་ཆོས་པའི་ཁྲོད་ནས།།
རྣམ་དཔྱོད་རིག་པ་ཡི་མདའ་མོས་གད་རྒྱངས་བསྒྲོགས་ཚེ།།
ཝ་སྐྱེས་སེང་གེ་རུ་རློམ་རྣམས་གང་དུ་ཡིབ་ཡོད་སོང་།།
བཀའ་དང་བསྟན་བཅོས་ཞེས་བྲག་རི་རྩིགས་པ་འདྲ་བོ།།
བོད་མི་འཆང་བྱེད་ཀྱི་ལྕགས་སྒྲོག་དང་པོ་ཡིན་སོང་།།
དཔྱོད་ཤེས་རྒྱང་འབོད་དང་ལོག་རྟོག་སྙིང་སྟོབས་གཉིས་ཀ།
རྣམ་དཔྱོད་རྒྱས་བྱེད་ཀྱི་རིག་པའི་གཞུང་ལུགས་ཡིན་ནོ།།
གསར་དད་ཅན་རྣམས་ཧོར་རྒྱུག་མ་བྱེད་དང།
དགེ་མེད་སྡིག་མེད་སྨྲ་བའི་དགེ་སྦྱོང་གི་གཟུགས་ཅན། །ལེགས་ཉེས་བླང་དོར་དབེན་པའི་ཁ་ལྕེ་དེ་བདེ་ཡང་། །བོད་མིའི་གཟུགས་ཕུང་འཛིན་པའི་མགོ་སེར་གྱི་རྣམ་ཤེས། །ཚ་སྨྱུག་གང་ལ་སོང་ཡང་འགྱོད་པ་ཞིག་མི་འདུག །
ཚ་བའི་རིག་པ་མེ་ལས་ཚ་སོང་།། མདའ་སྨྱུག་ལེགས་བཤད་མདའ་ལས་དྲང་སོང་།།
གངས་ལྗོངས་ལས་ཟད་བསོད་ནམས་མེད་པས།། རྙེད་དཀའི་ནོར་བུ་རྡོ་ལ་བརྡབས་སོང་།།
ང་ཡི་མཆན་བུ་དེ་ཚ་བ་རྗེས་སུ་དྲན་པ་ལས་གོང་གི་རྩོམ་འཁྱོར་དེ་ལ་རྒྱབ་སྐྱོར་བསྟན་པ་མིན་ནོ།།
བོད་ཀྱི་ཆོས་སྲིད་དཔལ་འབྱོར་ལམ་ལུགས་དང་། །དོ་བདག་རང་གི་ལྟོ་རྒྱབ་མི་ཕན་པའི། །ལོག་རྟོག་སྙིང་སྟོབས་ཞོགས་དུང་གདོང་གྲོགས་སོགས། །ཡོད་ཚད་རྩོམ་འཆལ་ཡིན་པ་ཤེས་པར་གྱིས། །
གཏམ་བཤད་ནས་བཤད་ཚོད་མ་བཟུང་བས།།
མྱི་སུ་ཡིན་ཀུན་ལ་ཕོག་པ་རེད།
སེམས་བསད་ནས་འཇིག་རྟེན་རྨས་བཞག་ན།
མདའ་གཞུ་མེད་མདའ་རྩེ་ས་འོག་རེད།
ཨ་ཁ་ཁ་ཁ། ཁ་སྒོ་དེ་ལ་རྒྱ་ཟྭ་ཞིག་ཡོད་རྒྱུ་ན།
མྱི་བདག་གཉིས་ཀས་གྱོང་མཉམ་ཟ་བྱེད་དགོས་ནི་མ་རེད་མོད།
མགོ་ནག་མི་ལ་མགོ་སེར་ཀླད་པ་ཅན།། སྔོན་གྱི་དུས་ན་མཁས་དབང་དགེ་ཆོས་ཏེ།།
ད་ལྟའི་དུས་འདིར་ཁོང་གི་ཞབས་རྗེས་ལ།། རྐང་པ་འཇོག་མཁན་མདའ་སྨྱུག་ཉིད་ལས་སུ།།
ག་ཡིན་འདི་ཡིན་མེད་པའི་རྩོམ་འཁྱོག་ཅིག།
མུན་ནག་མདའ་འཕངས་ལྟ་བུའི་རྩོམ་འཁྱོག་ཅིག།
གནས་ལུགས་བརྡུལ་ཙམ་མེད་པའི་རྩོམ་འཁྱོག་ཅིག།
འདི་འདྲའི་རྩོམ་འཁྱོག་རྣམས་ལ་ཞེན་པ་ལོགས།།
དམ་པའི་ཆོས་ལ་སྒྲོ་འདོགས་བསྐུར་འདེབས་ཅན།།
འཇིག་རྟེན་དམ་པའི་རིང་ལུགས་གཏིང་ནས་ཆད།།
འཚོ་བ་གསར་བའི་ལུགས་གསར་གཏན་མི་ཤེས།།
བླུན་པོ་མགོ་འཁྱོམས་མདའ་སྨྱུག་ལས་གཞན་སུ།།
བདེན་པར་མཐོང་ན་བླུན་པོའང་གཙུག་ཏུ་བཀུར།།
རྫུན་པར་མཐོང་ན་མཁས་པའང་ཆམ་ལ་འབེབ།།
བདེན་པའི་དོན་དུ་སྒལ་ཚིགས་མི་འཁྱོག་པ།།
བདེན་པའི་བུ་རྒོད་མདའ་སྨྱུག་ཁྱོད་ལས་སུ།།
འཇིག་རྟེན་རྨོངས་མུན་བསལ་བའི་མཐུ་གྲུབ་ཅིང་།།
ཕན་བདེ་མ་ལུས་འབྱུང་བའི་གཞིར་གྱུར་བའི།།
བདེན་པ་ཉག་གཅིག་དམ་ཆོས་སྒྲོན་མེ་ལ།།
སྒྲོ་འདོགས་བསྐུར་འདེབས་བྱེད་མཁན་སྐྱེ་འགྲོའི་དགྲ།།
མིག་གིས་མ་མཐོང་མེད་པའི་འདུ་ཤེས་ཅན།།
སྔོན་དུས་རྒྱང་འཕེན་ད་ལྟའི་རིག་གསར་ལ།།
དུང་ཞེན་ཆེ་ལ་རིགས་པའི་གནས་ལས་འགོངས།།
རང་ཁྱིམ་སྐྱག་ཞལ་མཁན་ལ་དུང་བ་མེད།།
རྩོམ་དེ་དེང་དུས་ཀྱི་རིག་པ་ལྡན་པའི་རྣམ་འགྱུར་ཞིག་ཡིན་བཟོ་རེད། ཀློག་ཁག་ག་ལ།
ཚ་བ་མདའ་སྨྱུག་གིས་ཅི་བྱས་ཡོད་ནི་རེད། སྨྲ་བའི་དབང་བོ་ཟེར་དོན་ཅི་རེད། ཁོས་སྐད་ཆ་གསར་བ་ཅི་ཞིག་བཤད་དམ། གང་བཤད་མེད།
ཁོས་སྐད་ཆ་གསར་བ་གང་ཡང་བཤད་མེད། ཅི་ཞིག་ལ་སྨྲ་དབང་། མཁས་དབང་། ཅི་ཞིག་ལ་དེ་འདྲའི་མིང་ཆེན་པོ་རྐྱང་རྐྱང་གི་ཡུལ་དུ་གྱུར་བ་རེད་དམ།
༄༅།།ལོག་རྟོག་གི་སྙིང་སྟོབས་ལ་དཔྱད་པ་ལོག་སྨྲའི་རྩྭ་སྐྱ་སྲེག་པའི་བསྡུས་གྲྭའི་མེ་སྟག།
ཐང་དགོན་མཁས་མཆོག
མགོ་བརྗོད།
རྒྱ་ཆེ་བའི་གསན་མཁན་རྣམ་པ་ལགས། ཁོ་བོས་ལོག་སྨྲའི་རྩྭ་སྐྱ་སྲེག་པའི་བསྡུས་གྲྭའི་མེ་སྟག་ཅེས་པའི་རྩོམ་ཐུང་འདི་། འབྲི་དགོས་པའི་དམིགས་ཡུལ་གཙོ་བོ་ནི།ནང་ཆོས་ཡ ང་དག་པར་སྒྲུབ་པ་མིན་ལ། ཚན་རིག་ཡང་མ་དག་པར་སྒྲུབ་པ་དེ་བས་ཀྱང་མིན། འོ་ན་དམིགས་ཡུལ་གང་ཡིན་ཞེ་ན། གཅིག་འོག་ནས་འཆད་འགྱུར་ལྟར་རང་ཉིད་དཔྱད་རྩོམ་ཡག་པོ་ཞིག་འབྲི་ཤེས་པའི་ཆེད་དང་།
གཉིས་ལོག་རྟོག་གི་སྙིང་སྟོབས་ཅེས་པའི་དེབ་འདི་ཡི་བརྗོད་བྱ་མང་ཆེ་བ། དོན་མེད་ཀྱི་ངག་འཁྱལ་དང་། ཁུངས་མེད་ཀྱི་འཆལ་གཏམ་ལས་ཚད་ཐུབ་ཀྱི་རིགས་པ་ཞིག་མེད་པར་ར་སྤྲོད་བྱས་པ་ཡིན། དེབ་དེ་ཡི་རྗོད་བྱེད་ཚིག་གི་འགལ་འདུ་ཡང་བལྟས་པ་ཙམ་གྱིས། ང་ལྟ་བུའི་མི་ཚེ་ཕྱུགས་རྗེས་སུ་འཛད་པའི་འབྲོག་ཕྲུག་རྣམས་ཀྱང་གད་མོ་འཆོར་ཡོང་བ་ཞིག་འདུག་པས། རྟགས་འདི་ལ་བརྟེན་ནས་ཆེད་དཀའ་བའི་གཞུང་ལུགས་རྣམས་ལ་དཔྱད་པ་ནི། ཁྲོན་ནང་སྦལ་པས་རྒྱ་མཚོའི་རྣམ་ཐར་གླེང་བའི་སྤུན་ཟླར་གྱུར་ཡོད་པ་སྨོས་མེད་རེད། དེས་ན་ནང་ཆོས་དང་ཚན་རིག་ལ་ལོ་གཅིག་གཉིས་བློ་ཁ་ཕྱོགས་མྱོང་བའི་གང་ཟག་ཡིན་ཚེ། ལོག་རྟོག་གི་སྙིང་སྟོབས་ཞེས་པའི་རྩོམ་ཐུང་འདི་བྱ་རོག་སོ་རྟོག་གི་བསྟན་བཅོས་དང་ཆེད་ཉེ་བར་རྟོགས་སླ་ཡང་། སློབ་སྦྱོང་གི་གོ་སྐབས་ཅུང་ཟད་ཀྱང་མ་ཐོབ་པའི་ཞིང་འབྲོགཔའམ། དེའི་རིགས་སུ་གནས་པ་འགའ་ཤས་དེབ་འདི་གཟིགས་པའི་ཉེར་ལེན་ལ་བརྟེན་ནས། ཆོས་འཇིག་རྟེན་གང་ཡང་མེད་པར་བྱེད་སྲིད་པས། ཁོ་བོའི་རྩོམ་ཐུང་འདིའི་ཆེད་དུ་བྱ་བའི་གདུལ་བྱ་ཡང་དེ་དག་ལ་ཡིན་གྱི། བློ་དང་ལྡན་པ་རྣམས་ནི་མ་ཡིན་ནོ། འདིར་ཞུ་དགོས་པ་ཞིག་ལ། ཁོ་བོ་ནང་ཆོས་ཀྱི་ན་ཚོད་མ་སྨིན་པའི་བསྡུས་གྲྭ་པ་ཞིག་ཡིན་པས། རྩོམ་ཐུང་འདི་དགག་པར་སོང་རུང་མ་སོང་རུང་ནང་ཆོས་ཀྱི་ཚབ་བྱེད་མི་ཐུབ་པ་འདི་ཤེས་དགོས་སོ། རྗེས་སུ་དགག་ལན་ཡོད་ན་མདའ་སྙུག་སྐུ་དངོས་སམ་རྗེས་འབྲང་གང་ཡིན་རུང་རང་ཉིད་ཀྱི་ཕ་ཡུལ་དང་། ས་གནས་གྲོང་རྡལ། གྲོང་ཚོ་གཞིས་དགོན་སོགས་ཀྱི་མཚན་དང་། རྩོམ་པ་པོའི་དངོས་མིང་སྐུ་པར་བཅས་འགོད་རོགས་གནོང། དེ་མིན་མིང་མེད་པའམ་སྙུག་མིང་ཙམ་མ་གཏོགས་མེད་པ་རང་རྩོམ་རང་གིས་འགན་ཁུར་མི་ཕོད་པའི་མུན་ནག་མདའ་འཕེན་གྱི་རྩོམ་འབྲི་མཁན་རྩོམ་པ་བོའི་མཚན་ཉིད་མ་ཚང་བས། དགག་ལན་ལ་ཁོ་བོས་བདག་སྤྲོད་མེད་པར་དེ་ལུགས་དགོང་འཇགས་འཚལ།།
སྤྱི་ལོ༢༠༡༡ཟླ༦ཚེས༢༥ཉིན་ཞི་བདེའི་འཕྲིན་པ་ཐང་དགོན་མཁས་མཆོག་གིས་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་འགྲམ་ནས།།
༄༅།།འཇིག་རྟེན་འདི་ན་སྟོན་པའི་མིང་མང་ཡང་།།
ཟླ་མེད་རྟེན་འབྱུང་སྟོན་པ་ཁྱེད་གཅིག་པུ།།
མ་འདྲིས་འགྲོ་བའི་མཛའ་བཤེས་ཟས་གཙང་སྲས།།
སྤྱི་གཙུག་བདེ་བ་ཆེན་པོའི་རྒྱན་དུ་མཆོད།
དབང་གཞུ་འོད་ལྔ་འཁྲིགས་པའི་གུར་ཁང་ན།།
རྒྱ་མཚོའི་སྒྲ་ལས་བྱུང་བའི་ངག་གི་ལྷ།།
བཅུ་དྲུག་ལུས་ཕྲའི་སྙེམས་འཆང་ཚངས་སྲས་མས།།
མགྲིན་པ་ལོངས་སྤྱོད་འཁོར་ལོའི་རྩ་འདབ་ཁྲོལ།།
གང་དག་ཕྱོགས་འཛིན་མུན་པའི་ཀློང་ནས་གནས་ལུགས་ལྟ་བའི་བློ་མིག་ཉམས། །
རིགས་སྐམ་མེ་འཁྱེར་འོད་ལ་ཞེན་པས་རྟེན་འབྱུང་ཉི་མའི་ཟེར་ལ་སྐྲག།
དམུས་ལོང་རྗེས་འབྲང་གཡང་སར་གཞོལ་རྣམས་གཏི་མུག་གཉིད་ལས་སློང་བའི་ཆེད། །
རིགས་པའི་གདོང་ལྔ་གད་རྒྱང་སྒྲོག་ལ་བདག་གི་སེམས་ནི་སྤྲོ་བ་རྒྱས། །
དེ་ཡང་ཉེ་ཆར་ལོག་རྟོག་གི་སྙིང་སྟོབས་ཞེས་པའི་དེབ་ཆུང་ཞིག་མཐོང་བྱུང་། དེའི་ནང་དོན་ནི་ནང་ཆོས་ལ་དགག་པ་བརྒྱབ་པ་ཞིག་འདུག་པ་དེ་ཚར་ཁ་ཤས་བཀླགས་པ་ཡིན། སྤྱིར་རིགས་གཞུང་གང་ཡིན་ཡང་ཡིན་ཤག་ཤག་མི་བྱེད་པ་དོགས་སློང་བྱེད་པ་ནི་དགོས་ངེས་ཡིན་ལ། དེ་ལ་བརྟེན་ནས་རིག་གཞུང་དེ་དག་ཡར་རྒྱས་དང་། གོང་འཕེལ་འགྲོ་བ་ལ་ཕན་ཐོགས་ཆེན་པོ་ཡོད། ང་རང་ཉིད་ལྟ་བུར་ཆ་མཚོན་ན་ཡང་། ཆེན་པོའི་ལུང་ལ་དམིགས་བསལ་སྤྲོད་ཀྱང་དང་། རང་ལུགས་ལ་དམར་འགེབ་བྱེད་པ་ནི་། མི་རིགས་ཞིག་གི་རིག་གཞུང་མདུན་དུ་བསྐྱོད་པ་ལ་བར་ཆད་ཆེ་ཤོས་ཤིག་ཏུ་བརྩི་བཞིན་ཡོད། དེས་ན་དག་སྣང་དར་དཀར་ཡུག་གཅིག་གིས་ཁྱབ་པའི་གངས་ཅན་གྱི་ལྗོངས་སུ། ནང་ཆོས་ལ་དགག་པ་གནང་མཁན་བྱུང་བ་ནི། ནང་ཆོས་གཟི་བརྗིད་དང་གོང་འཕེལ་འགྲོ་བའི་ལྟས་བཟང་པོ་ཡིན། གང་ཡིན་ཟེར་ན་རིགས་པའི་ཆོས་ཡིན་པས་ཕྱིར། མུ་མཐུད་དུ་དེ་དང་དེ་ལྟ་བུ་གང་མང་འབྱུང་བའི་རེ་བ་ཡོད། མདའ་སྙུག་གི་རྩོམ་འདི་ཡང་དཔལ་ཆོས་ཀྱི་གྲགས་པས། སྐྱེས་བུ་མང་དུ་སྨྲ་བ་ལ།། བདེན་པ་ཚིག་གཅིག་མེད་པ་མིན་ཞེས་གསུངས་པ་ལྟར། ང་ཚོ་གང་ཟག་སྒེར་སོ་སོས་བསམ་བློ་གཏོང་དགོས་པ་འགའ་ཤས་འདུག་སྟེ།
དེབ་དེ་ཡི་ཤོག་གྲངས༥༩ལ
ལྷག་པར་གསང་སྔགས་ལུགས་ལ་རྟོགས་པའི་གདེང་དང་ལྡན་ན་ལུང་པ་དམར་བོ་བསྒྱུར་རང་ལག་ཡིན་སོགས་ཟེར།
དེ་ནི་ཉི་མ་མ་འཁྱོལ་བའི་གཏམ་ཡིན་པར་འོག་ཏུ་བསྒྲུབ་ཀྱང་། གང་ཟག་རེ་ཟུང་གིས་བསམ་བློ་གཏོང་
དགོས་ངེས་ཡིན། ཁོ་བོས་བལྟས་ན་ཡང་སྐྱོན་ཆེ་ཤོས་ཅིག་ནི་ང་ཚོས་སྤྲུལ་སྐུ་དང་བླ་མ་གཉིས་དོན་གཅིག་ཏུ་འཛིན་པའི་སྐྱོན་འདི་ཡིན། སྤྲུལ་མིང་ཐོགས་ཚད་བླ་མར་འཛིན། བླ་མས་ཅི་མཛད་ལེགས་པར་བལྟ་དགོས་ཟེར་བས་གྲྭ་གཟུགས་དང་སྤྲུལ་གཟུགས་ཉུང་ཤས་ཤིག་གིས་ལུང་པ་དམར་པོ་སྒྱུར་ཡང་། བཏང་འཛིན་བྱེད་མཁན་མི་འབྱུང་བ་འདི་ཡིན།
ཤོག་གྲངས་༦༤ལ
བྱིས་པ་སྣབས་ལུག་ཅིག་ལ་སངས་རྒྱས་གསོན་པོ་ཞེས་པའི་མིང་སྐམ་བཏགས་ཏེ་ཞེས་པ་དེ་བདེན་ཏེ།
སྤྲུལ་སྐུ་ཆེ་འབྲིང་ཆུང་གསུམ་གང་ཡིན་ཡང་ཡང་སྲིད་ཕེབས་མི་ཕེབས་སྣ་ཚོགས་ཡོད་སྲིད་མོད། ངེས་པར་དུ་བོད་ཡུལ་མ་གཏོགས་སྐྱེ་བ་ལེན་ས་མེད་པ་ལྟར་བྱེད་པ་འདི་ནོར་འཁྲུལ་ཆེན་པོ་ཡིན། བསམ་བཞིན་དུ་སྲིད་པ་ལེན་མཁན་ཞིག་ཡིན་ན། ནུས་པ་ཐོན་ངེས་ཞིག་བྱེད་དེ་ཡོང་ངེས་ཡིན། དཔེར་ན་རྗེ་རིན་པོ་ཆེ་བཞིན། དེ་མིན་བྱིས་པར་རྟ་བསྐྱོན་པ་བཞིན་ཁྲི་ཐོག་བཞག་ཏེ་སྤྲུལ་སྐུའི་གོ་ས་མ་སྤྲད་པར་ནུས་པ་མི་ཐོན་བ་ཞིག་ཡིན་ན། སོ་སྐྱེས་ཕལ་བ་ལས་གོམ་གང་ཡང་མ་འདས་པ་དེ། ཕན་ལས་གནོད་ཆེ་བས་སྐྱུར་དགོས། ཡང་མི་འགའ་ཞིག་གིས་སྤྲུལ་སྐུ་ཆེན་པོ་རྣམས་ཡང་སྲིད་ངོས་འཛིན་བྱེད་དགོས་པ་དང་། ཆུང་ཆུང་རྣམས་ངོས་འཛིན་བྱེད་མི་དགོས་ཟེར་བ་ནི་དྲང་པོ་མིན་པའི་གཏམ་སྟེ། ཆེན་པོས་ཆེན་པོའི་གོ་ས་འཛིན་ཆོག་ན་ཆུང་ཆུང་དེ་ཚོ་ཡང་རང་རང་གི་ཁྲི་ཐོག་ཏུ་སྡོད་ལོས་ཆོག ཡང་སྲིད་ངོས་འཛིན་དང་ཁྲི་འདོན་མ་བྱས་ན་བོད་ཡུལ་དུ་སྤྲུལ་སྐུ་མི་འབྱུང་བསམ་པ་ནི་རི་བོང་གནམ་རྡིབ་ཀྱི་སྡུག་བསྔལ་ཏེ། བསམ་བཞིན་དུ་སྲིད་པ་ལེན་མཁན་ཞིག་ཡིན་ན་འགྲོ་བའི་དོན་དུ་ཕེབས་པ་ལས་ཁྲི་ཡི་དོན་དུ་མི་ཕེབས་པའི་ཕྱིར། གནས་ཚུལ་འདི་ཡི་སྟེང་ནས་ཁོ་བོ་མདའ་སྙུག་དང་རྟ་ཁ་མཉམ་སྒྲིག་གྲི་ཁ་མཉམ་འཕྱར་ཡིན། དེ་ཡན་ལོག་རྟོག་སྙིང་སྟོབས་ཀྱི་བརྗོད་བྱ་ལེགས་པའི་ཕྱོགས་རེད། འདི་ནི་ཞོར་འཕྲོས་ཙམ་ཡིན་ལགས།།
ད་ནི་ཅུང་ཟད་དཔྱད་པར་བྱ་སྟེ། དེ་ཡང་དེབ་འདི་ཡི་བརྗོད་བྱ་གཙོ་བོ་ནི་གཉིས་ཏེ། ནང་ཆོས་དང་ཚན་རིག་མི་མཐུན་པར་སྒྲུབ་པ་དང་། དེ་ལ་བརྟེན་ནས་ནང་ཆོས་ཡང་དག་པ་མ་ཡིན་པར་སྒྲུབ་པ་གཉིས་སོ།
དང་པོ་ལ་དེབ་དེའི་ནང་དུ་དམིགས་འབེན་གཙོ་བོ་མཁན་ཆེན་ཚུལ་ཁྲིམས་བློ་གྲོས་ལ་བཟུང་ནས། བོད་ཀྱི་མཁས་པ་ཕལ་མོ་ཆེས་ནང་ཆོས་གནམ་རིག་དང་མི་མཐུན་བཞིན་དུ་མཐུན་ཐབས་འཚོལ་བཞིན་ཡོད་ཟེར།
དེ་ནི་འཐད་པར་མི་སེམས་ཏེ། ཚུལ་ཁྲིམས་བློ་གྲོས་ཀྱིས་བརྩམས་པའི་གནའ་དེང་རིགས་པའི་རྣམ་གཞག་གི་ཤོག་གྲངས༨༧ལ། ད་ལྟ་རང་རེས་མཇལ་དུ་ཡོད་པའི་མངོན་པ་གོང་འོག་དང་། དུས་འཁོར་ནས་གསུངས་པའི་འཇིག་རྟེན་ཁམས་ཀྱི་དབྱིབས་ནི་དེང་དུས་ཀྱི་མཐོང་བ་དང་མི་མཐུན་པས་བཙན་སྦྱོར་བྱེད་རྒྱུ་མེད། སྦྱར་ཡང་མི་དགོས་གསུངས་འདུག་པས། གོང་གི་དགག་པ་དེ་མཁན་ཆེན་གྱི་གསུང་ལ་ལེགས་པར་བརྟག་མ་ཐུབ་པའི་རྣམ་འགྱུར་དུ་གསལ་ལོ། མཐུན་ཕྱོགས་ཤིག་གླེང་བ་ཙམ་གྱིས་མཐུན་ཐབས་འཚོལ་བ་ཡིན་ན། ཚན་རིག་པས་ཀྱང་ནང་ཆོས་དང་མཐུན་ཐབས་འཚོལ་བཞིན་འདུག་ཏེ། མེ་གོའི་ཧྭ་ཕའོ་སློབ་གྲྭ་ཆེན་མོ་ནས་མཐར་ཕྱིན་ཏེ། རྒྱ་ནག་ཀྲེ་ཅང་སློབ་གྲྭ་ཆེན་མོའི་དགེ་རྒན་ཆེན་མོ་དབྱིག་ཀྲི་པེའོས་བརྩམས་པ། ཚན་རིག་པ་ཞིག་གིས་སངས་རྒྱས་ཆོས་ལ་ཞིབ་འཇུག་བྱས་པའི་སྙན་ཞུ་ཞེས་པའི་ནང་། ངས་ཤེར་ཕྱིན་གྱི་སྐོར་དང་། དབུ་མའི་རྣམ་བཤད་སོགས་ལ་བལྟས་པ་ཡིན། ངས་ཤེས་པའི་ཚན་རིག་ཤེས་བྱ་ཕལ་མོ་ཆེ་སངས་རྒྱས་ཆོས་ཀྱི་ཟུར་མཆན་ལྟ་བུར་གྱུར་འདུག་པས། ཚན་རིག་ནི་སངས་རྒྱས་ཆོས་ཀྱི་བསྟན་སྲུང་ལྟ་བུར་གྱུར་བ་རེད་ཅེས་བཀོད་འདུག་པས་སོ། ཚན་རིག་པ་གཅིག་གིས་ཚན་རིག་ཀྱི་ཚབ་བྱེད་མི་ཐུབ་ཟེར་ན། ནང་ཆོས་པ་ཁ་ཤས་ཀྱིས་ཀྱང་ནང་ཆོས་ཀྱི་ཚབ་བྱེད་མི་ཐུབ་ཏེ། རིགས་པ་མཚུངས་པའི་ཕྱིར། གཞན་ཡང་དུས་རབས་ཉི་ཤུ་བའི་མཇུག་ཏུ་ཨ་རི་ལ་ཚན་རིག་དང་ཚེ་སྲོག་འཇིག་རྟེན་གྱི་མཁས་པའི་བགྲོ་གླེང་གནང་བའི་དེབ Claser to truth བདེན་དོན་ལ་ཉེ་བར་འགྲོ་བ་ཞེས་པའི་ནང་དུ། ཀླད་ཆེན་དང་ཤེས་པའི་སྐོར་ཤར་ཕྱོགས་ལྐོག་གྱུར་རིང་ལུགས་ལ་མིག་ཟུང་ཅེར་ཡོད་པར་བལྟས་པས་ཤེས་ནུས་སོ། དེས་ན་ནང་ཆོས་དང་ཚན་རིག་མི་མཐུན་པར་སྒྲུབ་པ་ནི་སྒྲ་མི་རྟག་པར་ཁས་ལེན་ཅིང་རྟོགས་པའི་ངོར། སྒྲ་མི་རྟག་པར་སྒྲུབ་པ་དང་འདྲ་བས་སྣག་སྙུག་འཕྲོ་བརླག་ཙམ་དུ་ཟད་དོ།།
དེབ་དེའི་ཤོག་གྲངས་ལ
ད་ལྟའི་མིག་ཡོད་ཚད་འཁྲུལ་སོང་ན་མ་འོངས་པར་མ་འཁྲུལ་བའི་མིག་ཅིག་གང་ནས་རྙེད། རྙེད་ཀྱང་སྐྱེ་བོ་སུ་ཞིག་ཡིད་རྟོན་བྱེད་ཅེས་བཤད་འདུག་པ་ལ།
འོ་ན་འདས་པའི་མིག་ཡོད་ཚད་འཁྲུལ་སོང་ན་ད་ལྟ་བའི་མིག་མ་འཁྲུལ་བ་ཞིག་གང་ནས་ཡོང་སུ་ཞིག་ཡིད་རྟོན་བྱེད་ཟེར་ན་ལན་ཅི་ཡོད། ཚན་རིག་པའི་རྒྱང་ཤེལ་སོགས་བསྒྲུབ་བྱ་ཡིན་པ་ལས་སྒྲུབ་བྱེད་མིན་པར་འོག་ཏུ་འཆད་པར་བྱའོ།།
ཤོག་གྲངས་༢ལ
མངོན་པའི་ལུགས་ཀྱི་སངས་རྒྱས་པའི་རྣམ་གཞག་བཀོད་པའི་རྗེས་སུ་རྣམ་གཞག་དེ་ཐམས་ཅད་ཀྱང་འཇིག་རྟེན་ལས་འདས་པའི་སངས་རྒྱས་ཀྱི་སྤྱན་ཞེས་བྱ་བ་དེས་དེ་ལྟར་དུ་གཟིགས་པ་ཡིན་ཞེས་པ་ཙམ་ལས། གཞན་དེ་ལྟར་ཡིན་ངེས་པའི་འཐད་པ་བཙལ་ཏེ་སྨྲས་པ་ནི་ཅུང་ཟད་ཀྱང་མེད་དོ་ཟེར་ནས། རྣམ་རིག་པའི་འདོད་པ་བཀོད་པའི་རྗེས་སུ། འགས་གཏོར་ཆེན་པོའི་གཞུང་ལུགས་འདིའི་ཁུངས་ནི་ཨ་རིའི་གནམ་རིག་མཁས་པ་ཧ་པོས་ཤིན་ཏུ་ལེགས་པའི་རྒྱང་ཤེལ་སྤྱད་དེ་རྟོག་ཞིབ་བྱས་པའི་་གྲུབ་འབྲས་དེ་ཡིན་ཟེར།
ཧ་པོའི་མིག་དང་རྒྱང་ཤེལ་གཉིས་་ཤིན་ཏུ་ལེགས་པའི་དཔང་པོ་སུ་ཡོད། ཤིན་ཏུ་ལེགས་པའི་རྒྱང་ཤེལ་ཞིག་མིའི་ཤེས་པས་བསམ་བློ་གཏོང་དེ་བཟོ་ཐུབ་ན། ཤེས་པ་ཁོ་རང་ངམ་ཁོའི་བྱེ་བྲག་ཅིག་ཤིན་ཏུ་ལེགས་པའི་ཡེ་ཤེས་ཀྱི་སྤྱན་ཞིག་འབྱུང་མི་ཆོག་པའི་རྒྱུ་མཚན་ཏིལ་ཙམ་ཡང་མེད་། གོང་གི་རྒྱང་ཤེལ་གྱིས་མཐོང་བ་དེ། འདྲ་པར་ལ་འཁོད་པའི་ཕྱིར་ཟེར་ན། ཁྱོད་རང་རི་རབ་རྩེ་ལ་ལངས་བ་ཞིག་འདྲ་པར་ལ་འཁོད་ཡོད་ན། ཁྱོད་རང་གིས་རི་རབ་ཡོད་པར་ཁས་ཨེ་ལེན། ལེན་ན་ཁྱེད་རང་གི་སྐུ་པར་ཞིག་ཁོ་བོ་ལ་སྐུར་དང་། ངས་ཆུ་ཚོད་གཅིག་གི་བཟོ་ཆོག །
ཡང་མཇུག་དེ་མ་ཐག་ཏུ་སྐར་ཚོགས་ཡོད་ཚད་བར་ཐག་ཇེ་རིང་དུ་འགྲོ་བཞིན་ཡོད་པ་དང་། རྒྱང་ཐག་ཇི་ཙམ་རིང་བ་དེ་ཙམ་གྱིས་གྱེས་ཤུགས་ཆེ་བར་འདུག་ཟེར་བ་དང་། མི་ལོ་དུང་ཕྱུར་གཅིག་གི་ཡར་སྔོན་དུ་སྐར་མ་འདི་དག་ཕན་ཚུན་གྱི་བར་ཐག་ད་ལྟ་ལས་ཉེ་བ་དང་། དེ་དུས་སྐར་མ་ཕན་ཚུན་གྱེས་ཤུགས་ཀྱང་ད་ལྟ་ལས་ཆེ་བ་ཞིག་ཡིན་པར་གོང་གི་རྒྱང་ཤེལ་དེས་མཐོང་ཚུལ་ལས་ར་སྤྲོད་བྱས་ཡོད་པ་རེད་ཟེར།
གཞི་ལ་ལྟོས་ཏེ་བར་ཐག་ཉེ་རིང་གཉིས་འགལ་བ་ཡིན་པ་ཡང་མི་ཤེས་པའི་གཏམ་དེ། ཡང་ན་མདའ་སྙུག་ཞལ་རག་མཆོད་མང་བ་འམ། དེ་མིན་ཧ་པོའི་རྒྱང་ཤེལ་དེ་ཤིན་ཏུ་ནས་རྫུན་མར་སྒྲུབ་པ་གང་རུང་ཡིན། སྔ་ཕྱི་མེ་ཆུ་ལྟར་འགལ་བའི་གཏམ་དེ་ཐུགས་ལྷོད་ལྷོད་ངང་ནས་ཀློག་དང་མཁྱེན་ཐུབ།
ཡང་ས་གཞི་ལེབ་ལེབ་མ་ཡིན་ཏེ་རིལ་རིལ་ཡིན་པའི་ཕྱིར་ཟེར་བ་དེ་མ་ངེས་པའི་རྟགས་ཡིན་ཏེ།
འདི་ལ་རིགས་པའི་རོལ་རྩེད་ཅུང་ཙམ་སྤྲོ་ན། མངོན་པའི་ལུགས་ལ་ས་ལྒང་ཞེས། ལ་མགོ་ཅན་གྱི་ཐ་སྙད་ཡོད་མེད་མི་ཤེས་ཀྱང་། ས་སྒང་ལེབ་ལེབ་དང་ས་གཞི་ལེབ་ལེབ་ཅེས་པ་ནི་དོན་ལ་གནས་པ་ཡིན་ཏེ། གོ་ལ་རིལ་རིལ་ཡིན་པས་ས་གཞི་ལེབ་ལེབ་མ་ཡིན་དགོས་ན། ཁྱེད་ཀྱི་ཁང་བའི་ནང་གི་ས་གཞི་ལེབ་ལེབ་ཡིན་མིན་དོགས་པ་ཨེ་ཡོད། ཁྱེད་ཀྱི་ཕ་ཡུལ་གྱི་ས་གཞི་ལེབ་ལེབ་ཡིན་མིན་དོགས་པ་ཨེ་ཡོད། དེ་མེད་ན། བོད་གངས་ཅན་གྱི་ས་སྒང་རིལ་རིལ་ཨེ་ཡིན་། ཡིན་ན་ཁྱེད་ཀྱི་ནང་ས་ཡང་རིལ་རིལ་མ་ཡིན་པའི་རྒྱུ་མཚན་སྟོན་རྒྱུ་མེད་དེ། ཡིན་ཟེར་ན་མངོན་སུམ་དང་འགལ། མིན་ན་ས་སྒང་རིལ་རིལ་ཡིན་པའི་ས་མཚམས་གང་ནས་ངོས་འཛིན་གྱི་ཡིན་ནམ་། ཚན་རིག་མཁས་པ་ཚོས་གསུང་ལན་ཞིག་གནོངས་དང་། ལེབ་ལེབ་དང་ཟླུམ་པོ་འགལ་ན་གྲུ་བཞི་དང་ཟླུམ་པོ་ཨེ་འགལ། འདོད་ན་དབྱིབས་ཚང་མ་ནང་ཕན་ཚུན་འགལ་བ་ཨེ་ཡིན་། ཁྱེད་ཚོའི་ལུགས་ལ་ལེབ་ལེབ་གཞི་མ་གྲུབ་པ་ཨེ་ཡིན། ཁྱེད་ཀྱིས་སླང་ང་ལེབ་ལེབ་ཁས་བླངས་འདུག་ཀྱང་། སླ་ང་ལེབ་ལེབ་མ་ཡིན་པ་ཐལ། གོར་གོར་ཡིན་པའི་ཕྱིར་ཟེར་ན་ལན་ཅི་ཡོད། དེས་ན་ལེབ་ལེབ་ཁོ་ནའི་དབྱིབས་ཅན་ཞིག་དུས་རབས་ཉེར་གཅིག་ཕར་བཞག དུས་རབས་ཉེར་ལྔ་བའི་ཚན་རིག་པ་ཕེབས་ཀྱང་བཟོ་མི་ཐུབ། རིལ་རིལ་དང་དབྱིབས་གཞན་རྣམས་མི་འགལ་ཡང་ལེབ་ལེབ་ཁོ་ན་དང་འགལ་དགོས་ཏེ་ཟེར་ན། ཚ་བའི་མདའ་སྙུག་གི་དགོངས་པ་ཡིན་པསའི་ཕྱིར་ཞེས་པ་ལས་ལན་མེད་དོ། ནང་པས་ས་གཞི་སླང་ང་ལྟ་བུར་ཁས་བླངས་ཏེ་ཟླུམ་པོར་ཁས་མི་ལེན་ཟེར་བ་ནི། རང་ཉིད་ཐོས་རྒྱ་ཆུང་བའི་རང་མཚང་ཕྱི་ལ་སྟོན་པ་ཙམ་དུ་ཟད་དེ། སླ་ང་ལྟ་བུར་ཁས་བླངས་ན་ཟླུམ་པོར་ཁས་བླངས་པ་ཡིན་ཏེ། གོར་གོར་ཁས་བླངས་པའི་ཕྱིར། ཟླུམ་པོ་ནི་གོར་མོའམ་ཧྲིལ་བོ་ཞེས་བསྡུས་གྲྭའི་ཁ་དོག་དཀར་དམར་ནང་དུ་གསལ་ཡོད་པར་ཁྱེད་ཀྱིས་མ་གཟིགས་སམ། ཀྱེ་མ་དབྱིབས་དང་ཁ་དོག་གི་རྣམ་གཞག་ཙམ་ཡང་མི་ཤེས་པ་ཞིག་གིས་མདོ་སྔགས་གཞུང་ཆེན་དག་ལ་འཐད་མི་འཐད་གླེང་བ་ནི། ཕྱོགས་སྔའི་ནམ་མ་ལངས་གོང་དགག་པའི་ཉི་མ་ཤར་ཟེར་བ་དེ་ཡིན་ཏེ། ཐོས་མཁན་ཚོ་ཡང་ངོ་ཚ་དགོས་པའི་གཏམ་མོ།
ཡང་ཚན་རིག་པས་མཐོང་ཚད་ཚང་མ། པར་དང་བརྙན་ཕྲིན་བརྒྱུད་ནས་འཛམ་གླིང་མི་མང་ལ་ལྟད་མོ་བསྟན་ཡོད་ཟེར།
པར་དང་བརྙན་ཕྲིན་བརྒྱུད་ནས་འཛམ་གླིང་མིས་མཐོང་ཚད་ཡོད་དགོས་ན། ཁྱེད་ཀྱིས་མི་འདོད་པའི་ལྷ་འདྲེ་དང་། ཞིང་ཁམས་དམྱལ་བ་སོགས་ཀྱང་ཡོད་དགོས་ཏེ། པར་དང་བརྙན་ཕྲིན་བརྒྱུད་ནས་འཛམ་གླིང་མིས་མཐོང་བའི་ཕྱིར། དེ་རྩིས་འཕྲུལ་གྱིས་སྒྲིག་བཟོ་བྱས་པ་ཡིན་ཟེར་ན། ཅིག་ཤོས་དེ་ཡང་རྩིས་འཕྲུལ་གྱིས་སྒྲིག་བཟོ་མ་བྱས་པའི་དཔང་པོ་མེད་པའི་ཕྱིར། སྐྱེ་བོ་བརྒྱ་ཕྲག་མང་པོ་བཞེད་པ་གཅིག་མཐུན་གྱིས་ཁས་ལེན་པའི་ཕྱིར་ཟེར་ན། ཅིག་ཤོས་དེ་ཁས་ལེན་མཁན་མི་ཁྲི་ཕྲག་མང་པོ་ཡོད་པའི་ཕྱིར།
ཤོག་གྲངས༧ལ དེ་སྔ་བོད་དུ་བསྒྱུར་བའི་སངས་རྒྱས་ཀྱི་གསུང་རབ་ཐེག་པ་ཆེ་ཆུང་སྔགས་དང་བཅས་པའི་ནང་དུ། ང་ཚོ་འཚོ་སྡོད་བྱེད་སའི་འཇིག་རྟེན་གྱི་དབྱིབས་ད་ལྟ་ང་ཚོས་མཐོང་དུ་ཡོད་པ་འདི་ལྟར་རམ། ཡང་ན་འདི་ཕྱོགས་འདྲ་བ་ཙམ་ཞིག་ཏུ་གསུངས་པའི་ཡི་གེ་ན་གཅིག་ཀྱང་མེད་པར་ཤེས་དགོས་སོ་ཟེར།
ངོ་མཚར་ཆེ། ཁྱེད་ཀྱིས་དེ་ཚང་མ་ཞིབ་འཇུག་ག་དུས་གནང་བ་ཡིན། གང་དུ་གནང་བ་ཡིན་ཁོ་བོ་ལ་གསུང་དང་། གལ་སྲིད་ཁྱེད་ཀྱིས་ཐམས་ཅད་གཟིགས་མེད་ཚེ་དེ་འདྲའི་ཡི་གེ་ན་གཅིག་ཀྱང་མེད་པར་མངོན་ཤེས་ཀྱིས་མཁྱེན་པ་ཨེ་ཡིན་ལན་གསལ་བོ་ཞིག་གསུང་རོགས།
ཤོག་གྲངས་༩ལ
ཟླ་བའི་འོད་ཟེར་ཡང་ཉི་འོད་ལྡོག་འཕྲོ་བྱས་པ་ཙམ་ལས་རང་ངོས་འོད་མེད་ཅིང་། ཟླ་འོད་ཀྱང་བསིལ་བའི་རང་བཞིན་ཅན་མིན་པར་དྲོ་བའི་རང་བཞིན་ཅན་ཡིན་ཟེར།
ཟླ་བ་རང་ངོས་ནས་འོད་མེད་ན་དྲོ་བའི་རང་བཞིན་ཅན་གྱི་འོད་ཅིག་ཚན་རིག་པས་བཟོ་བསྐྲུན་བྱས་པ་རེད་དམ། ལོ་ངོ་སྟོང་ཕྲག་རིང་མཁས་གྲུབ་བརྒྱ་ཕྲག་གིས་གཏན་ལ་ཕབ་པའི་རིག་གཞུང་ཞིག་རྩ་སློག་གཏོང་ཐུབ་ས་ཨེ་འདུག ཡིག་ཕྲེང་འོག་མ་འབྲི་ཚེ་གོང་མའི་བརྗོད་བྱ་བརྗེད་ཚར་བ་ལ་ལྟོས་དང། ཐུགས་ཁག་མེད་དེ་བསྡུས་གྲྭའི་འགྲོ་སྟངས་མ་ཆགས་པས་ཕྱིར།
ཤོག་གྲངས༡༠ལ་
དཔལ་ལྡན་དུས་འཁོར་ནས་གསུངས་བའི་གཟའ་བདུན་གྱི་རྩི་སྟངས་སོགས། དེང་གི་གནམ་རིག་དང་མཐུན་པར་གསུངས་པ་ནི། རང་སེམས་གསོ་བའི་གཏམ་ཡིན་ཏེ་ཟེར་བ་དང་། དཔལ་ལྡན་དུས་འཁོར་སངས་རྒྱས་ཀྱི་གསུངས་མིན་པར་འོག་ཏུ་འཆད་ཟེར་བ་དང། དུས་འཁོར་ལུགས་ཀྱི་སྐར་རྩིས་དེ། དུས་རབས་བཅུ་བའི་གཡས་གཡོན་གྱི་རྒྱ་གར་ཤར་ནུབ་དུ་དར་བའི་གནམ་རིག་གི་ཚབ་མཚོན་ཡིན་པས། དེང་གི་གནམ་རིག་དང་ཕྱོགས་མཐུན་གྱི་ལེགས་ཆ་ལོས་ཡོད་ཟེར་བ་དང་། མཁས་དབང་ར་སེ་ལགས་ཀྱིས་ཉི་ཟླ་ཟ་མཁན་གྱི་གཟའ་དེ་འདྲ་གསུང་རབ་ནང་དུ་གསུངས་མེད་ཟེར་བ་ནི་དྲང་པོ་མིན་ཏེ། དུས་འཁོར་ནས་སྒྲ་ཅན་གཡོན་སྐོར་གྱིས་འགྲོ་བ་ནི་བསོད་ནམས་ཀྱིས་སྟོབས་ཡིན་ཟེར་བས། སྲོག་ཆགས་མིན་ན་བསོད་ནམས་ཆེ་ཆུང་སྐད་ཆ་ཡོང་ས་མེད་ཟེར་ཏེ། དུས་འཁོར་ནས་བཤད་པའི་སྒྲ་ཅན་བསོད་ནམས་ཀྱི་སྟོབས་ཀྱིས་འགྲོ་ཞེས་པ་དེས། ནང་ཆོས་ཀྱི་གསུང་རབ་ནང་དུ་ཉི་ཟླ་ཟ་མཁན་གྱི་གཟའ་ཡོད་པར་གསུངས་པ་སྒྲུབ་ཁུལ་བྱེད་པ་ནི་ནང་འགལ་རི་བོ་བརྩིགས་པ་ཡིན་ཏེ།
དུས་འཁོར་སངས་རྒྱས་ཀྱི་བཀའ་མིན་ན་སྒྲ་ཆེན་བསོད་ནམས་ཡོད་ཟེར་མཁན་དེ། དུས་རབས་བཅུ་བའི་ནུབ་དར་གནམ་རིག་པ་ཡིན་ལ། བཀའ་ཡིན་ན་གཟའ་བདུན་གྱི་རྩི་སྟངས་གནམ་རིག་དང་མཐུན་པ་དེ་སངས་རྒྱས་ཀྱི་བཀའ་ཡིན་དགོས།
ཤོག་གྲངས༡༢ལ
ད་ལྟ་སྨན་རྩིས་ཁང་གི་དུས་ཚོད་གསལ་ཁ་ཅན་ཞིག་འཆད་ཐུབ་པ་ནི། རྒྱ་ནག་ནས་བླངས་པའི་མན་ངག་བཀའ་རྒྱ་མ་ཞིག་གིས་བྱེད་བཞིན་ཡོད་ཚོད་དང་། དེ་ནུབ་ཕྱོགས་ནས་ཁྱེར་ཡོང་བ་ཡིན་ཚོད་བྱས་ཏེ། དོན་ལ་ནུབ་ཕྱོགས་པའི་བཀའ་དྲིན་ཡིན་པར་ཤེས་དགོས་ཟེར།
ཕྱིའི་མི་རིགས་ལ་ངོ་དགའ་འཆད་པའི་ཆེད་དུ། རང་མི་རིགས་ཀྱི་རིག་གཞུང་འགའ་ཤས་རྒྱུ་མཚན་མེད་པའི་དམའ་འབེབས་དང་། ལྷག་མ་རྣམས་མི་རིགས་གཞན་ཁོ་ནས་ལག་རྗེས་སུ་ཡིན་རྒྱུ་བྱས་པ་ནི། ཁྱེད་རང་ནུབ་ཕྱོགས་ཨ་རིའི་སྒྲོ་ལོར་དང་། དབྱིན་ཇིའི་རྒན་མོ་ལ་དགའ་ཐག་ཆོད་པས་ཅི་བཤད་འདི་བཤད་མེད་ཀྱང་། མི་བཤད་རང་དབང་མེད་པའི་གཏམ་མོ།།
ཤོག་གྲངས་༡༣ལ
རྒྱལ་དབང་མཆོག་འཛམ་གླིང་མི་མང་གིས་གུས་བཀུར་ཞུ་བ་དེ། མཛོད་གནས་གསུམ་པ་ཞལ་བཞེད་མ་གནང་བས་ཡིན་ཚུལ་བཤད་འདུག
འཛམ་གླིང་སྤྱི་འགྲོས་ལས་ཐ་གཅིག་ཏུ་ཞལ་བཞེད་གནང་མིན་མི་ཤེས་ཀྱང་། དེ་ཙམ་ཞིག་གིས་གུས་བཀུར་དེ་འདྲ་ཐོབ་པ་ཡིན་ན། ཁྱོད་བཀའ་པོད་ལྔ་རྩ་གཏོར་གཏོང་མཁན་ཡིན་ཟེར་བས་འཛམ་གླིང་མི་མང་གིས་གཉའ་བར་ཁྲི་བརྒྱབ་ཏེ་འཁུར་ཡོད་ངེས་རེད་ཀྱང་། ཁོ་བོས་ཚོད་དཔག་བྱས་ན་ཕ་ཡུལ་གྱི་སྤུན་མཆེད་རྣམས་ཀྱིས་ཀྱང་མཐོང་མི་བདེ་བ་བྱས་ཏེ་བསྡད་ཨེ་ཡོད་སྙམ། རྒྱལ་དབང་མཆོག་འཛམ་གླིང་མི་མང་གིས་གུས་བཀུར་དེ་འདྲ་ཐོབ་པའི་རྒྱུ་མཚན་ངོ་མ་དེ། ཁྱོད་ཀྱིས་རྩ་སློག་གཏོང་འདོད་ཡོད་ཟེར་བའི་གཞུང་ཆེན་དག་ལ། ཐོས་པ་རྒྱ་ཆེར་གནང་། ཐོས་དོན་ཕྱག་ཏུ་བསྟར་བའི་འབྲས་བཟང་ཡིན་པར་ཀུན་ཤེས་ཡིན་པས་སྒྲུབ་བྱེད་གཞན་མི་དགོས་སོ།
ཤོག་གྲགས་༡༥ལ
འོ་ན་མི་ཡུལ་གྱི་ཁང་པ་དང་ཁང་པའི་ནང་གི་འཛིན་ཆས་འདི་དག་འབད་མེད་ལྷུན་གྲུབ་ཏུ་མི་འབྱུང་བའི་རྒྱུ་མཚན་ཅི་ཡིན་ནམ་ཟེར་བ་སོགས་འདྲི་བ་འགའ་བཀོད་འདུག
དེ་ནི་ཁྱེད་རང་མཐུན་རྐྱེན་མ་འཛོམས་པས་སྡུག་སྐད་ཙམ་དུ་ཟད་དེ། གཞན་དུ་ན་གོ་བ་གཙོ་བོར་བྱས་ཏེ་བཤད་ན། གོང་དུ་དེར་སྐྱེས་དགོས་པའི་རྒྱུ་དང་རྐྱེན་ཞེས་པ་དེས་ཀྱང་། དམྱལ་བ་འབད་མེད་ལྷུན་གྲུབ་ཏུ་བྱུང་མ་བྱུང་དང་། འཇིག་རྟེན་བཀོད་པ་བོ་ཡོད་མེད་ཀྱི་ཡིག་ཉོག་ཚང་མ་འཕྲོ་རླག་ཏུ་ཕྱིན་ཚར་བ་རེད། ཚིག་གི་སྟེང་ནས་བཤད་ན། ལས་བསགས་པ་སྔོན་དུ་སོང་བའི་དམྱལ་བའི་སེམས་ཅན་རྣམས།
ལས་དེ་མྱོང་བཞིན་པའི་ཚེ་ལྕགས་སྲེག་རང་གིས་འབད་མི་དགོས་ཏེ། མི་བསད་པའི་ཁྲམ་པ་བཙོན་དུ་སྡོད་བཞིན་པའི་ཚེ་བཙོན་ཁང་རང་གིས་ཉོ་མི་དགོས་པ་བཞིན་ནོ།
ཤོག་གྲངས་༡༦ལ
སངས་རྒྱས་རྣམས་ཐུགས་རྗེ་དང་ནུས་པ་དེ་འདྲ་ཆེ་ན་ལས་འབྲས་མངོན་སུམ་དུ་བསྟན་ནས་མ་འོངས་སྔོན་འགོག་གནང་དགོས་པ་ལ་ཟེར།
སངས་རྒྱས་ཀྱིས། ང་ཡིས་ཁྱོད་ལ་ཐར་བའི་ཐབས་སྟོན་གྱི། གསུངས་པས་སངས་རྒྱས་ཀྱི་ཐུགས་རྗེ་དེ། སེམས་ཅན་ཡོངས་ལ་བུ་ལྟར་བརྩེ་བ་དང་། ནུས་པ་ནི་བདེན་བཞི་བླང་དོར་ཕྱིན་ཅི་མ་ལོག་པར་སྟོན་བ་སོགས་ཡིན་གྱི། བུམ་པ་མ་ཡིན་པའི་བུམ་པ་བཟོ་རྒྱུ་ཡོད་ཟེར་བའི། ཡེ་ཤུའི་དཀོན་མཆོག་གི་ནུས་པ་དེ་འདྲ་མིན། སངས་རྒྱས་ཀྱིས་ཡིན་པ་ལ་ཡིན་པར་བྱེད་པ་ལས། མ་ཡིན་པ་ལ་ཡིན་པར་འདོགས་མཁན་དེ་ང་ཚོ་རེད་ཅེས། ཁྱོད་ཀྱིས་ལུང་ཡང་ཡང་དྲངས་པའི་དྲན་དབང་དགེ་འདུན་ཆོས་འཕེལ་གྱིས། ཀླུ་སྒྲུབ་དགོངས་རྒྱན་དུ་གསུངས་པ་ལ་ལྟོས་དང་ཤེས། དམྱལ་བ་དང་ལྷ་ཡུལ། སྐར་འབྲུ་གཞན་གྱི་སྟེང་དུ་སྲོག་ཆགས་དང་། ལྷ་འདྲེ་གཞན་ཡོད་མེད་འོག་ཏུ་འཆད་ཀྱང་། མངོན་པའི་གཞུང་ནས་འཇིག་རྟེན་སྤྱི་ཡི་ཆགས་རིམ་བཤད་པ་དང། ཚན་རིག་པས་གོ་ལ་འདི་ཡི་ཆགས་རིམ་བཤད་པ་གཉིས་མི་མཐུན་ཟེར་ནས་ཧ་ལས་ལས་བྱེད་པ་ནི། དེ་རིང་གི་བུམ་པ་དང་། དངོས་པོ་གཉིས་སྐྱེ་སྔ་ཕྱི་འདུག་ཟེར་ཏེ་ཧ་ལས་པ་དང་འདྲ་བས་དེ་ལྟ་བུའི་ལྐུགས་པ་ནི་ཤེས་བྱ་ལ་སྲིད་པ་ཙམ་མོ།།
ཤོག་གྲངས་༡༨ལ
བོད་མི་རིགས་རྗེས་སུ་ལུས་པ་ནི་། དགེ་བཤེས་གླང་རི་ཐང་བ་ལྟ་བུ་ཚེ་གཅིག་ལ་ངོ་ནག་སྡུག་གེར་སྡོད་པའི་སྐྱོ་སྣང་རིང་ལུགས་ཀྱི་སྐྱོན་ཡིན་ཟེར།
མི་རིགས་ཤིག་མདུན་དུ་བསྐྱོད་པ་ལ་མི་རིགས་དེའི་མི་ཡོངས་རྫོགས་ལ་འགན་ཡོད་པས། ལོ་ངོ་སྟོང་ཕྲག་གི་རིང་ལ། བོད་མི་མང་ཆེ་བ་ངོ་ནག་སྡུག་གེར་བསྡད་པ་ཨེ་ཡིན། དེ་མིན་མི་རེ་ཟུང་གིས་འཛུགས་སྐྲུན་མ་བྱས་པ་ཙམ་གྱིས་མི་རིགས་དེ་རྗེས་སུ་ལུས་འགྲོ་ན། འཛམ་གླིང་འདིར་སྔོན་ཐོན་གྱི་རྒྱལ་ཁབ་མེད་པས་ཐལ་བ་དང་། གཞན་དུ་ན་མ་བྱུང་བ་ཚང་མ་ཆོས་ཀྱི་གནོད་ཡིན་ཟེར་བ་ནི་ཕྱོགས་སུ་ལྷུང་བའི་གཏམ་ཡིན། དགེ་བཤེས་གླང་ཐང་སོགས་ངོ་ནག་སྡུག་གེར་བསྡད་པའི་གྲུབ་འབྲས། ཁོང་རྣམས་ཀྱིས་གསུངས་པའི་ལེགས་བཤད་ཚོ། ད་ལྟ་འཛམ་གླིང་གི་མཁས་བླུན་སྟོང་ཕྲག་མང་པོས་། སློབ་སྦྱོང་བྱེད་བཞིན་ཡོད་པ་དང། ལེགས་བཤད་དེ་རྣམས་འཛམ་གླིང་དུ་དར་རྒྱས་བྱུང་ན། དེང་དུས་ཚན་རིག་གི་གྲུབ་འབྲས་རྡུལ་ཕྲན་མདེའུ་གཅིག་གི་ཁ་ན། སྙིང་རྩ་འདར་བཞིན་པའི་འཛམ་གླིང་མི་མང་ལ་ཡུན་རིང་ཞི་བདེ་ཡོང་བའི་རེ་བ་ཆེན་པོ་ཡོད། ཁྱེད་འདྲ་བའི་སྐྱོ་སྣང་རིང་ལུགས་ཀྱི་རྨོངས་གཉིད་འོག་ནས་ཐར་བ་ཚོས། བོད་མི་རིགས་ལ་ཕན་པའི་གསར་གཏོད་ག་ཚོད་གནང་ཡོད། ང་ཚོ་ལ་སྟོན་དང་། རྗེས་སུ་ཡི་རངས་གྲངས་མེད་ཡོད། འོན་ཀྱང་རང་ཉིད་ཀྱིས་ཁབ་གཅིག་ཀྱང་གསར་གཏོད་མི་ཐུབ་པར། མེས་པོས་དཀའ་བ་རྒྱ་ཕྲག་གིས་བསྒྲུབས་པའི་རིག་གཞུང་ལ། རྒྱུ་མཚན་མེད་པར་དམའ་འབེབས་བྱེད་པ་ནི། མི་རིགས་ཤིག་སྔོན་དུ་བསྐྱོད་པའི་བར་ཆད་ཆེ་ཤོས་དང་། གངས་ཅན་པའི་ཞབས་འདྲེན་ངོ་མ་དེ་ཡིན་པར་འདོད་དོ།།
ཁྱོད་ཀྱི་གྲུབ་མཐའ་ང་ཡི་ཡིག་ཆ་ཞེས།།
མདུང་རྩེ་ནང་དུ་གཏོད་པའི་མཁས་མིང་ཚོ།།
བསྟན་སྲུང་བསྡུས་གྲྭའི་མེ་སྟག་འདི་མཐོང་ཚེ།།
རེ་ཞིག་བག་ཡོད་ངལ་གསོ་བྱེད་པར་རིགས།།
དེང་སང་བོད་ཀྱི་བསམ་བློ་པར་གྲགས་པ་ཚོས། ང་ཚོས་བདག་མེད་བསྒྲུབ་པས་བདག་འཛིན་བརླགས་སོང༌། སྙིང་རྗེ་བསྒོམ་པས་བཙན་གནོན་བྱས་སོང༌། གཞན་དོན་བྱས་པས་རང་དོན་ཤོར་སོང༌། མ་ནམ་མཁའ་གླེང་ནས་མི་རིགས་བརྗེད་སོང༌། ཞེས་སོགས་ཟེར་ཏེ་སངས་རྒྱས་ཆོས་ལུགས་ལ་ངོ་རྒོལ་རྒྱག་བཞིན་འདུག་མོད།
ཁོ་བོས་ནི་ང་ཚོ་རྒུད་པའི་རྩ་བ་དང༌། སངས་རྒྱས་ཆོས་ལུགས་ཀྱིས་བཞག་པའི་བག་ཆགས་སྡུག་ཤོས་ཤིག་ནི། སྐྱོ་སྣང་རིང་ལུགས་ཀྱི་དྲིལ་བསྒྲགས་འདི་རེད་སྙམ་གྱིན་ཡོད།
མཐོ་སྲིད་པའི་རྩེ་མོ་ནས་བཟུང་སྟེ་དམའ་ན་རག་དམྱལ་བའི་བར་གྱི་འཇིག་རྟེན་འཁོར་ བ་འདི་ཡོངས་རྫོགས་སྡུག་བསྔལ་གྱི་རྒྱ་མཚོ་དང༌། མེ་མ་མུར་གྱི་འོབས། སྲིན་མོ་བུ་གཟན་མའི་གླིང༌། དུག་སྦྲུལ་གདུག་པའི་ཚང༌། སྤུ་གྲི་རྣོན་པོའི་སོ། ཆུ་སྲིན་ཁྲོས་པའི་ཁ་ཡིན་པས་ཉིན་མོའི་ཟས་དང་མཚན་མོའི་གཉིད་ཀྱང་མི་དྲན་པར་ དགེ་བཤེས་གླང་རི་ཐང་པ་ལྟར་ཚེ་གང་པོར་ངོ་ནག་སྡུག་གེར་དང༌། སེམས་སྟོང་ལྷང་ངེར་འདུག་དགོས་པ་དང༌།
འཁོར་བའི་ཕུན་ཚོགས་མཐའ་དག་ལ་ཡིད་སྨོན་ཅུང་ཟད་ཙམ་ཡང་མི་སྐྱེ་བར་མགོའམ་གོས་ལ་ མེ་ཤོར་བ་ལྟ་བུའི་བྲེལ་འཚབ་ཀྱི་སྒོ་ནས་ཐར་པའི་ཕྱོགས་སུ་རྒྱུག་དགོས་པ་དང༌། ཚོང་དང་སོ་ནམ་སོགས་དོན་ཆུང་ཚེ་འདིའི་ལས་ལ་མགོ་འཁོར་བ་ནི་ཕྱུགས་ལས་ཀྱང་ལོད་ པའི་ཕྱུགས་རང་ཡིན་པ་དང༌། འཕྲལ་གྱི་ལྟོ་གོས་ཙམ་ནི་དུད་འགྲོས་ཀྱང་རྙེད་བཞིན་ཡོད་པས་འཇིག་རྟེན་འཚོ་ཐབས་ ཀྱི་ཕྱོགས་ལ་ཕོ་རྒོད་པས་ནི་རྒོད་པའི་གོ་ཅུང་ཟད་ཀྱང་མི་ཆོད་པ་དང༌།
ད་རེས་ཀྱི་མི་ལུས་འདི་ནི་བསྐལ་པ་བརྒྱ་ཡི་ནང་ནས་གོ་སྐབས་ལན་གཅིག་ཁོ་ན་ཡིན་ པས་འཇིག་རྟེན་འཁོར་བའི་འདུན་མ་ཡོད་ཚད་ཆེ་བཞག་ཆུང་བསྐྱུར་བྱས་ཏེ་ཟས་སྲོག་ འཚོ་དང༌། གོས་ལྷགས་སྐྱོབ་ཙམ་ཞིག་བསྟེན་ནས་དཀའ་ཐུབ་དང་སྒོམ་བཟླས་ཁོ་ནར་བརྩོན་དགོས་པ་ དང༌། འཆི་རྐྱེན་མང་ཞིང་འཚོ་རྐྱེན་ཉུང་བའི་མི་ཚེ་འདི་ནི་དྲག་རླུང་ཁྲོད་ཀྱི་མར་མེ་ ལྟར་ད་ཡོད་ད་མེད་ཡིན་པས་སང་ཉིན་ཕན་ཆད་གསོན་པོར་སྡོད་པའི་རྩིས་གཏན་ནས་བརྒྱབ་ མི་རུང་བ་དང༌།
དེང་སང་ནི་ལྟ་བའི་སྙིགས་མ་དང༌། ཚེ་ཡི་སྙིགས་མ་དང༌། སེམས་ཅན་གྱི་སྙིགས་མ་སོགས་སྙིགས་མ་ལྔ་མཚོ་རྡོལ་རྡོལ་དང་རི་ལུག་ལུག་བྱེད་ པའི་དུས་ཡིན་པས། དུས་ངན་འདི་འདྲ་ཞིག་ལ་རང་རེ་མི་ཡུལ་འདིར་སླེབ་པ་ནི་སྟབས་མ་ལེགས་པ་ཞིག་དང༌། ལམ་འགྲོ་མ་རྒྱུགས་པ་ཞིག །ལན་ཆགས་ཤིག །ནོར་འཁྲུལ་ཞིག །ཆགས་སྒོ་ཞིག །ཕམ་ཁ་ཞིག །གྱོང་གུད་ཞིག་ལས་རིན་ཐང་དང་དོན་སྙིང་སྤུ་ཙམ་ཡང་མེད་པ་དང༌།
ད་ནས་མི་རིང་བར་ནད་ཀྱི་བར་གྱི་བསྐལ་པ་དང༌། མུ་གེའི་བར་གྱི་བསྐལ་པ་དང༌། མཚོན་གྱི་བར་གྱི་བསྐལ་པ་བཅས་དུས་ངན་བསྐལ་པའི་ཁུགས་སོ་དེ་ཚེས་རྒྱུ་ཡིན་པས་ མིའི་རིགས་ཀྱི་མ་འོངས་པའི་ལས་དབང་ནི་ཡ་ང་ཞིང་ཡི་མུག་དགོས་པ་ཞིག་ཡིན་པ་དང༌། དུས་ངན་ཚེ་ལོ་བཅུ་པ་དེ་ལས་རེ་ཞིག་གཡོལ་འདོད་ན་ཐབས་ཤེས་གཅིག་རང་ཡོད་པ་ནི། མདུན་སྐྱོད་ཀྱི་གོམ་མཚམས་རྦད་དེ་བཞག་ནས་ནུས་ཤུགས་ཡོད་རྒུས་ལྟག་ལོག་བརྒྱབ་ རྒྱུ་སྟེ། གནའ་རབས་ཀྱི་མེས་པོ་ཚོས་བཞག་པའི་ལམ་དང་ལུགས་སྲོལ་རྣམས་སྲུང་སྐྱོབ་བྱས་ཏེ་ དེའི་ནང་དུ་འཛུལ་རྒྱུ་དང༌།
གནའ་རབས་ཀྱི་མཛངས་མི་ཚོས་གསུངས་པའི་ལེགས་བཤད་དག་བརྗེད་དུ་མི་འཇུག་པར་ངག་ནས་ བསྐྱོར་རྒྱུ་དང༌། གནའ་རབས་ཀྱི་མཁས་པ་ཚོས་གནང་བའི་གདམས་ངག་རྣམས་བཅོས་བསླད་མེད་པར་སྙིང་ལ་འཇོག་ རྒྱུ་དང༌། གནའ་རབས་ཀྱི་སྟོན་པ་ཚོས་གཏན་ལ་ཕབ་པའི་གྲུབ་མཐའ་དག་ལ་ཐེ་ཚོམ་མི་ཟ་བར་ཡིད་ལ་ བསྒོམ་རྒྱུ་དང༌། གནའ་རབས་ཀྱི་སྐྱེས་ཆེན་ཚོའི་མཛད་སྤྱོད་ལ་སྐྱོན་རྟོག་མི་བྱེད་པར་དག་སྣང་ སྦྱང་རྒྱུ་དང༌། མདོར་ན་ཡོད་ཚད་ལ་གནའ་རབས་ཚད་ཤིང་བཞག །གནའ་རབས་ལ་མིག་དཔེ་ལྟ། གནའ་རབས་ལ་ལད་ཟློས་བྱེད། གནའ་རབས་ཚང་གཙུག་ཏུ་བཀུར། གནའ་རབས་ཉིད་ངག་ནས་བཟླ། གནའ་རབས་རང་ཡིད་ལ་བསྒོམ། གནའ་རབས་ཁོ་ནར་སྐྱབས་སུ་འགྲོ་དགོས་པ་དང༌། འདས་ཟིན་པའི་གནའ་རབས་ཀྱི་དུས་དེ་ནི་རྫོགས་ལྡན་ཕུན་ཚོགས་ཀྱི་དུས་ཡིན་པས་རེ་ བ་དང་ཡིད་ཆེས། སྤྲོ་སྣང་དང་མོས་པ་ཡོད་ཚད་འདས་ཟིན་པའི་གནའ་རབས་ཀྱི་དུས་དེར་སྒོམ་དགོས་པ་ དང༌། ཤི་ཟིན་པའི་གནའ་རབས་ཀྱི་མི་བོ་ཆེ་རྣམས་ནི་པཎ་ཊི་ཏ་དང༌། གྲུབ་པའི་དབང་ཕྱུག །ཚད་མའི་སྐྱེས་བུ་དང༌། ཐམས་ཅད་མཁྱེན་པ་ཤ་སྟག་ཡིན་པ་དང༌།
ང་ཚོ་ནི་ཁོང་རྣམ་པའི་ཞལ་མཇལ་གསུང་ཐོས་ཀྱི་གོ་སྐབས་ཙམ་ཡང་མ་རག་པའི་ལས་ངན་ བསོད་ཟད་སྐལ་ཆད་ཐོད་སྐམ་རྐྱང་རྐྱང་ཡིན་པ་དང༌། ད་ནས་བཟུང་ང་ཚོས་ཤི་ཟིན་པའི་སྐྱེས་ཆེན་ཁོང་རྣམ་ཚོར་མྱ་ངན་གྱི་སྒོ་ནས་འོ་ དོད་འབོད། སྐྱོ་སྣང་ཆེན་པོས་སྨྲེ་སྔགས་འདོན། ཞལ་གཟིགས་གནང་བའི་འདུན་པ་བཅངས། ལུང་བསྟན་བརྒྱབ་པའི་རྟེན་འབྲེལ་བསྒྲིག །བྱིན་རླབས་སྩོལ་བའི་སྙན་ཞུ་འབུལ། རྗེས་སུ་འཛིན་པའི་གསོལ་བ་འདེབས། འདུ་འབྲལ་མེད་པའི་སྨོན་ལམ་བརྒྱབ། ཐུགས་ཡིད་འདྲེས་པའི་ཐབས་ལམ་འཚོལ་དགོས་པ་དང༌། ཁོང་རྣམ་པས་མ་གཟིགས་པ་ཞིག་ང་ཚོས་མི་མཐོང༌། ཁོང་རྣམ་པས་མ་གསན་པ་ཞིག་ང་ཚོས་མི་གོ །ཁོང་རྣམ་པས་མ་གསུངས་པ་ཞིག་ང་ཚོས་མི་འཁྱོལ། ཁོང་རྣམ་པ་མ་ཕེབས་པའི་ས་དེར་ང་ཚོ་མི་སླེབ། ཁོང་རྣམ་པས་མ་གནང་བའི་ལས་དེ་ང་ཚོས་མི་འགྲུབ། ཁོང་རྣམ་པས་མ་དགོངས་པ་ཞིག་ང་ཚོས་མི་ཤེས་པ་དང༌། ང་ཚོ་སྡུག་ཚོད་སྣ་རྩེ་ནས་བཟུང་སྟེ་འགྲོ་ཤེས་འདུག་མཁས་བྱ་དགོས་པ་ལས། མི་མཁས་མཁས་མདོག་དང༌། མི་འཇོན་འཇོན་མདོག་གི་གསར་བཤད་དང་གསར་གཏོད་སོགས་བྱ་མི་རུང་བ་དང༌། རྙིང་པ་དོར་ནས་གསར་པ་འཚོལ་དགོས་ཟེར་མཁན་གྱི་མི་དེ་ཚོ་ལྟ་ལོག་དང༌། གཏམ་དེ་གྲས་ལྟས་ངན་ཡིན་པས་དེ་དག་ལ་དགྲ་ལྟར་ལྟ་ཞིང་དུག་ལྟར་འཛེམས་དགོས་པ་ དང༌།
དེ་ལྟར་ཐབས་ཤེས་ཡོད་དགུ་རྩལ་སྤྲུག་གིས་བརྒྱབ་བཤིག་བརྒྱབ་སྟེ་བསྡད་ན་ད་གཟོད་ རྒྱ་མཐོངས་ནང་གི་ཉི་ཐིག་ཙམ་གྱི་གནས་སྐབས་འཕེལ་བདེ་ཞིག་ཡོང་རེ་ཡོད་པ་དང༌། དེ་མིན་གོམ་གང་མདུན་ལ་སོང་ན་ཐུག་རྒྱུ་མུན་ནག་དང་གཡང་ས་འབའ་ཞིག་ཡིན་པ་སོགས་ རང་གིས་ཡིད་ལ་བསྒོམ་ཞིང་གཞན་ལ་བསླབ་བྱ་བརྒྱབ་བཞིན་ཡོད་པ་རེད། འདི་ལྟར་འཇིག་རྟེན་དང༌། མི་ཚེ། འབྱུང་འགྱུར་བཅས་ལ་ཡིད་ཆེས་རྩ་བ་ནས་བརླག་པའི་རིག་གཞུང་གང་དེའི་བྲན་འབངས་སུ་ གྱུར་པའི་མི་རིགས་ཤིག་ལ་སོ་སོའི་མི་ཚེ་དང༌། མིའི་རིགས་ཀྱི་མ་འོངས་པའི་ཆེད་དུ་ནུས་ཤུགས་འདོན་པའི་སྤྲོ་སྣང་ཡོད་སྲིད་དམ། ???????????
གོང་དུ་བཀོད་པ་ཡོད་པ་དེ་ནི་མཁས་དབང་ཚ་བ་མདའ་སྨྱུག་ལགས་ཀྱིས་སྐྱོ་སྣང་རིགས་ལུགས་ཀྱི་དྲིལ་བསྒྲགས་ལ་བལྟ་སྟངས་རེད་འདུག ལོག་རྟོགས་སྙིང་སྟོབས་ནང་དུ་འདུག
གལ་ཆེ་ཤོས་མཐའ་གྱི་དྲི་བ་དེ་ལ་ལན་རེ་ཡོད་ན་ཉན་འདོད་ཆེ་པོ་ཡོད།
མདའ་སྨྱུག་བོར་བརླག་སོང་བ་ཨེ་རེད། ཧཧཧཧཧཧཧཧཧ སྨྱུག་རྩེ་དགྲ་ལ་བསྟན་མཁན་ཞིག་ཡིན་ན་དགྲ་ཡིས་བཟུང་སྲིད་ཀྱང་ཁོ་ནི་སྨྱུག་རྩེ་རང་མི་རིགས་དང་རང་གི་རིག་གཞུང་ལ་བསྟན་མཁན་ཞིག་ཡིན་པས་ག་པར་སོང་སུས་ཤེས། གཅིག་བྱས་ན་སྨད་ཚོང་བ་ཞིག་གིས་གཡོ་འོག་ཏུ་ཚུད་ནས་ལྐོག་བསད་སོང་བ་ཡིན་སྲིད
ལན་འདྲ་ཅང་གནང་མཁན་དང་ཤེས་མཁན་མེད་པར་འདྲ། རྣམ་དཔྱོད་ཡངས་བའི་མཁས་དབང་ཚ་བ་མདའ་སྨྱུག་མཆོག་གིས་མདའ་ཁ་དང་མདུན་ཁ་བོད་མི་རིགས་ལ་སྐོར་འདུག་ཟེར་ན་མི་བདེན་པའི་གཏམ་ཡིན། བོད་ཀྱི་ཆོས་ལུགས་པ་རྫུན་སྐྱ་བ་ཚོ་ལ་སྐོར་འདུག་ཟེར་ན་བདེན་གཏམ་ཡིན།
སྤྱིའི་ཆ་ནས་བོད་བཙན་པོའི་རྒྱལ་ཁབ་ཀྱི་ཕ་མེས་ཀྱི་ཆོས་ལུགས་རྩ་མེད་དང་སྲིད་འབྱོར་རིག་གསུམ། དམག་དོན་བསྟན་བཅོས་སོགས་མཐའ་ན་བོད་བཙན་པོའི་བང་སོ་ཚུར་ཆད་རྩ་མེད་བཏང་མཁན་བོད་ཀྱི་ནང་ཆོས་རིང་ལུགས་པའི་རྫུན་སྐྱ་ཚོ་ཡིན་པ་ལས་མདའ་སྨྱུག་མིན།
མི་ལོ་སྟོང་གི་རིང་དུ་བོད་བཙན་པོའི་འབངས་མི་དམར་བསད་དང་ཕྱི་དགྲ་ནང་འདྲེན་བྱས་མཁན་བོད་ཀྱི་ནང་ཆོས་རིང་ལུགས་པ་ཡིན། དེང་སང་གི་བོད་ཀྱི་ནང་ཆོས་རིང་ལུགས་པ་ཚོས་ཕ་མེས་ཀྱི་ཆོས་དང་ཕ་མེས་ཀྱི་སྲོལ་རྒྱུན་ཞེས་ཤོད་ཀྱི་ཡོད་ཀྱང་བཙན་པོ་བོད་ཀྱི་ཕ་མེས་ཀྱི་ཆོས་དང་སྲོལ་རྒྱུན་རྩ་མེད་བཏང་མཁན་ནང་ཆོས་རིང་ལུགས་པའི་དཀོར་བདག་ཚོ་ཡིན་མིན་ཞིབ་འཇུག་བྱོས། རྒྱལ་རབས་ལོ་རྒྱུས་ནང་དུ་ལྟོས།།
ངས་བསམ་ཚུལ་བྱས་ན་བོད་བཙན་པོའི་ཕ་མེས་མགོ་ལ་གླང་རྭ་བཙུགས་ནས་འདྲེ་དང་བདུད་དུ་བརྩི་མི་ཉན་པ་དང་རྒྱ་གར་བའི་ཤྭཀྱ་རྒྱལ་པོའི་ཆོས་ལུགས་འདིར་བོད་ཀྱི་ཡིན་མདོག་མདོག་མ་བཤད་ན་དགའ་གི་རེད་བསམས་ཀྱི་འདུག་གོ རང་སོ་སོས་ང་འདྲ་ང་ངོ་ཤེས་པའི་ཐོག་ནས་བོད་བཙན་པོའི་ཕ་མེས་རྣམས་ལ་བརྩི་བཀུར་བྱ་ན་བསམས་ཀྱི་འདུག་གོ
ཅོ་རི་ཅོལ་ལོ་ཡ། རྫུན་རྐྱལ་ཡིན་ནི་རེད། དེ་མིན་ན་རྫུན་ཁུག་ཡིན་ནི་རེད། རྫུན་གྱི་རྐྱལ་ཁུག་འདྲ་ཞིག་རེད་ཟེར་ནི་རེད། རྫུན་སྐྱ་ཟེར་ན་ཅི་རེད། འདི་འདྲའི་ཆི་ན་མེད་ནི་འདྲ་འབྲི་འི་མ་འདུག། དགའ་དགའ།
ལེགས་གསོལ་་་གནམ་གྱི་བཀའ་ཡིག་ལ་དང་ལེན་བྱ་ཆོག
བོད་རིགས་ཚོ་ཚང་མས་འཁོར་བ་སྡུག་བསྔལ་རང་བཞིན་ཡིན་པར་རྟོགས་ནས་སངས་རྒྱས་ཀྱི་ཆོས་འབའ་ཞིག་བསྒྲུབས་བསྡད་ཡོད་པ་འདྲ། སྲིད་འབྱོར་རིག་གསུམ་དང་དམག་དོན་བསྟན་བཅོས་སོགས་རྩ་མེད་བཏང་ནས་བོད་རིགས་ཚང་མ་ནང་ཆོས་ཀྱི་ཕྱོགས་སུ་ཁ་བསྒྱུར་ཡོད་པ་བདེན་ན་བོད་མི་མང་བསད་པ་སོགས་མི་སྲིད་པ་ཡིན་རུང་ད་དུང་བོད་མི་རིགས་བསད་མཁན་ཡང་ནང་ཆོས་པ་ཚོ་རེད་ཟེར། འབྱུང་འགྱུར་མ་འོངས་པ་ལ་སྤྲོ་སྣང་གཏན་ནས་མེད་པ་ཡིན་ན་བོད་རིགས་ནང་ཁུལ་དུ་གཡུལ་འཁྲུགས་བྱས་པའི་རྐྱེན་གང་གིས་བྱས་པ་ཡིན་ནམ། ཧོབ་སྟེ་བལྟས་ན་འདྲ་ཆགས་པོ་ཞིག་འདུག་ཀྱང་ལེགས་པར་བསམས་ན་སྔ་ཕྱི་ནང་འགལ་གྱི་སྐད་ཆ་རྐྱང་རྐྱང་རེད་འདུག། མདོར་ན་བོད་མི་རིགས་ལ་ཤ་ཚ་ཁུལ་གྱིས་ནང་ཆོས་ལ་ཁ་ཟེར་བ་ཙམ་ལས་བོད་མི་རིགས་ལ་ཤ་ཚ་བའི་སྐད་ཆ་ཚིག་རྡོག་གཅིག་ཀྱང་རིག་རྒྱུ་མི་འདུག།
འཁོར་བ་དང་ངན་སོང་ལ་འཇིགས་ཤིང་སྐྲག་ཅིང་། དེ་ལས་སྐྱོབ་པའི་ནུས་པ་བླ་མ་དཀོན་མཆོག་གསུམ་ལ་ཡོད་པའི་བློ་རྩེ་གཅིག་ཁེལ་པའི་གང་ཟག ནང་པ་སངས་རྒྱས་པའི་མཚན་ཉིད་རེད་བསམས་ཀྱི་འདུག
ནང་པ་ཡིན་མིན་གྱི་ས་མཚམས་ངོ་མ་་་ནང་པའི་མཚན་ཉིད་ཚང་མི་ཚང་རེད། བོད་མི་ཚོས་ང་ནང་པ་ཡིན་དང་ནང་པ་ཡིན་ཟེར་བཞིན་འདུག་ཀྱང་མཚན་ཉིད་ཚང་བའི་མི་ཅི་ཙམ་ཡོད་མེད་བཤད་དཀའ་མོ་རེད། ཚ་བའི་སྐྱོ་སྣང་རིགས་ལུགས་ཀྱི་དྲིལ་བསྒྲགས་བཤད་སྟངས་ལ་ཁྱེད་ཀྱི་གོ་བ་ཡག་པོ་ལེན་མི་འདུག་འདོད།
མདའ་སྨྱུག་ལགས་ཀྱིས་བོད་མི་ཡོད་ཚད་དགེ་བཤེས་གླང་རི་ཐར་པ་ལྟ་བུ་རེད་ཟེར་མི་འདུག་པས་ཁྱེད་ཀྱིས་ཚ་བའི་ཁས་ལེན་མེད་པ་ལ་དགག་ལེན་བྱས་འདུག་བསམས་ཀྱི་འདུག ཁྱེད་ཀྱིས་ཁྱབ་ལོག་བསྒྲུབས་འདུག་བསམས་ཀྱི་འདུག་གོ
ངས་བལྟས་ན་བོད་མི་མང་ཤོས་ཀྱིས་ནང་ཆོས་ཤེས་ཀྱི་མི་འདུག་བསམས་ཀྱི་ཡོད། ཡིན་མདོེག་མདོག་དང་འདྲ་ཆགས་ཆགས་འདྲ་ཞིག་བྱེད་བསྡད་པ་ལས་ནང་པའི་མཚན་ཉིད་ཚང་མི་འདུག་བསམས་ཀྱི་འདུག ཡིན་ནའང་སྐྱོ་སྣང་རིགས་ལུགས་ཀྱི་བསླབ་བྱ་ཉན་མྱངས་མཁན་ཤ་དག་རེད་འདོད་དོ།།
བོད་ཀྱི་ཆོས་ལུགས་པ་ཡིན་ན་ཤྭཀྱ་རྒྱལ་པོའི་ཆོས་ལུགས་པ་ཡིན་པས་མ་ཁྱབ། བོད་ཀྱི་བོན་པོ་དང་ཁ་ཆེ་གཉིས་ཟེར་གྱི་མེད་་་ནང་པ་ཡིན་མདོག་མདོག་བྱེད་མཁན་ཡིན་ནའང་མ་ཁྱབ།
ངས་འདི་ནས་སླར་ཡང་ཉེན་བརྡ་གཏོང་གི་ཡོད། འདི་ནང་འདྲེ་སྐད་བྲིས་མ་ཡོང་ཨ།
མེ་དཀར་ལགས་་་་ཁྱེད་བདེན་་་་ཁྱེད་ལ་རྒྱབ་སྐྱོར་ཆེད་དུ་འོག་གི་མཁས་དབང་ཚོའི་གསུངས་འདིར་ཁུར་ནས་བསླེབས་ཡོད། གནམ་ལགས་་་བསམ་བློ་ཐོངས།
དགེ་ཆོས་མཆོག་གིས། བོད་ཁ་བ་ཅན་གྱི་མཁས་དབང་དགེ་འདུན་ཆོས་འཕེལ་གྱིས་བརྩམས་པའི་དེབ་ཐེར་དཀར་པོ་ལས། དེ་མིན་དེང་སང་མཐར་མི་འགའ་ཞིག་གིས། དབུས་ཀྱི་ཕལ་སྐད། ལ་དྭགས་ཀྱི་ཕལ་སྐད་ལ་སོགས་སྣང་བ་གང་དྲན་གྱི་སྐད་མཛོད་དང་གླེབས་བམ་སྡེབ་པ་འདིའི་རིགས། བརྒྱ་ལ་དར་སྲོལ་ཆེ་རུ་སོང་ན། ཡུལ་སོ་སོའི་ཕལ་སྐད་མི་འདྲ་བའི་རྐྱེན་གྱིས། བོད་ཀྱི་སྤྱི་སྐད་ཡང་དུམ་བུར་ཆད་དེ།
ནམ་ཞིག་ན་ཡུལ་སོ་སོའི་སྐད་དང་ཡི་གེ་ཕན་ཚན་བརྡ་མི་འཕྲོད་པ་ཞིག་འོང་ངེས་ལ། སྐད་ཡིག་སོ་སོར་གྱེས་པས། བསམ་འཁྱེར་དང་སྤྱོད་ལམ་སོགས་ཀྱང་ཐ་དད་དུ་སོང་སྟེ། མཐར་བོད་ཀྱི་རྒྱལ་ཁབ་རྩ་བ་ཉིད་ནས་སིལ་བུར་འཐོར་བའི་རྐྱེན་དུ་འགྲོ་བ་ལགས། གལ་ཏེ་ཕལ་སྐད་གསར་པ་དེ་འདྲ་ཞིག་བོད་ཡུལ་ཀུན་དུ་དར་བའི་དབང་དུ་བྱས་ན་ཡང་། རང་ཅག་གི་ཆོས་སྐད་དུ་བྲིས་པའི་མདོ་རྒྱུད་རིག་གནས་ཀྱི་གཙུག་ལག་རྒྱ་མཚོ་ལྟ་བུ་འདི་ཀུན་རིམ་གྱིས་སུས་ཀྱང་མི་གོ་བའི་གླེགས་བམ་གྱི་ཕུང་པོ་ཙམ་དུ་འགྲོ་ངེས་པས། སྲོལ་ངན་འདི་འདྲའི་ཕྱོགས་ལ་ཐམས་ཅད་ཀྱིས་བག་གཟོན་དགོས་པ་ལགས། ཞེས་གསུངས།
མཁས་དབང་དམུ་དགེ་བསམ་གཏན་གྱིས།
སུམ་རྟགས་མཐའ་དཔྱད་ལས་བོད་ཀྱི་སྤྱི་སྐད་སྐོར། སྐད་ཡིག་བཅོས་བསྒྱུར་བྱེད་དོ་ཞེས་སྤྱི་སྐད་དོར་ནས། ཡུལ་སྐད་རེ་བྲིས་ཚེ། དབུས་གཙང་གིས་རང་གི་ཡུལ་སྐད་རེ་བྲིས། ཁམས་ཀྱིས་རང་གི་ཡུལ་སྐད་རེ་བྲིས། ཨ་མདོས་རང་གི་ཡུལ་སྐད་རེ་བྲིས། རོང་བས་རོང་སྐད་རེ་བྲིས། འབྲོག་པས་འབྲོག་སྐད་རེ་བྲིས་ན། སྐད་ཡིག་སོ་སོར་གྱེས་པར་གྱུར་ནས་ཕན་ཚུན་བརྡ་མི་འཕྲོད་པ་ཞིག་ཏུ་འགྱུར་བ་ནི། སྔོན་དབྱི་རིགས་ཡི་གེ་འཐོར་ནས། སྤྱིས་བེད་སྤྱོད་མི་ཐུབ་པ་ཞིག་ཏུ་གྱུར་བས་ཀྱང་ཤེས་ལ། ཞེས་གསུངས།
སྒོ་ཁྱིས།
དེང་སང་ཨ་མདོ་དང་ཁམས་པ་ཆོས་ཞུ་བ་ཚོས་༧གོང་ས་མཆོག་གི་བཀའ་གསུངས་ལ་སྐད་སྒྱུར་མེད་ན་གོ་ཐུབ་ཀྱི་མེད་པ་དངོས་ཡོད་རེད། ཕྱོགས་གཅིག་ནས་བསམ་བློ་བཏང་དུས་བློ་ཕམ་དགོས་པ་ཞིག་རེད། རང་གི་དབུ་ཁྲིད་ཀྱི་གསུང་སྐད་རང་གིས་མི་གོ་བ་འདི་ནི། ས་གནས་རང་སོ་སོའི་ཡུལ་སྐད་མ་གཏོགས་ཤེས་ཀྱི་མེད་པས་ལེན་པ་རེད། བོད་གངས་པའི་སྤྱི་སྐད་དང་སྤྱི་སྤྱོད་ཀྱི་ཐ་སྙད་བེད་སྤྱོད་གཏོང་དགོས་པར་གནད་འགག་མིན་འགྲོ་སྙམ།
དེང་སང་ཕ་སྐད་གཙང་མ་དང་གཙང་མ་ཟེར་ནས་སྐད་སྒྲ་འབྲུག་གྲགས་གྲགས་རེད་འདུག་ཀྱང་། ཕ་སྐད་ཞེས་པའི་ཕ་སུ་ལ་ཟེར་གྱི་ཡོད་དམ། རང་རང་གི་ཕ་ལ་ཟེར་གྱི་ཡིན་ནམ། འོ་ན་ཕ་གཞན་ཞིག་ངོས་འཛིན་གྱི་ཡོད་དམ། འདི་ཡང་ཕ་སྐད་གཙང་མ་བསྒྲགས་མཁན་ཚོ་ལ་དྲི་བ་ཆུང་ཆུང་ཡིན། རང་རང་གི་ཕའི་སྐད་གཙང་མར་ཟེར་གྱི་ཡོད་པའི་དབང་དུ་བྱས་ན་རང་རང་སོ་སོའི་ཡུལ་སྐད་ལ་གོ་དགོས། རང་རང་སོ་སོས་ཡུལ་སྐད་བེད་སྤྱོད་ལ་གོམས་པའི་དབང་གིས་༧གོང་ས་མཆོག་གི་བཀའ་གསུང་ལ་སྐད་སྒྱུར་དགོས་པ་ཞིག་ཆགས་པ་རེད།
དེང་སང་བོད་ཡིག་ཡར་རྒྱས་དང་གོང་འཕེལ་ཡོང་ཆེད་ཡིན་ཟེར་ནས་ཁམས་པས་ཁམས་སྐད་དང་ཨ་མདོས་ཨ་སྐད། དབུས་པས་དབུས་སྐད་རེ་བྲིས་ནས་དྲ་རྒྱ་ཁག་ཏུ་འདོན་སྤེལ་བྱས་དང་བྱེད་བཞིན་པ་རེད། བྱས་སྟངས་འདི་དག་གིས་བོད་ཀྱི་སྤྱི་སྐད་དུམ་བུ་གཏོང་གི་ཡོད་པར་གསལ་པོ་རེད། ཡར་རྒྱས་མ་རེད། མར་འཐེན་རེད། མཁས་དབང་ང་ཡིན་ཁོ་ཡིན་ཟེར་མཁན་ཚོས་ཐུགས་བསམ་བཞེས་དགོས་པར་འདོད།
མཁས་དབང་ཅོ་རི་ཉི་མས་ཡག་པོ་གཅིག་བསྣམ་ཕེབས་འདུག་ངོ་མ་རེད། དེ་ཚོའི་སྐད་ཆར་གོ་རྒྱུ་འདུག
ཅོ་རི་ཉི་མ་ནི་མི་ཁ་རི་ཁ་ཐུག་ཅིག་ཡིན་པ་ལས་གཡས་བསྐོར་གཡོན་བསྐོར་བྱེད་མཁན་དང་རྒྱབ་བཤད་བྱེད་མཁན་ཞིག་མིན་པ་ངས་སྔ་ས་ནས་ཤེས་ཡོད།
ཁྲོ་རུ་ཚེ་རྣམ་མཆོག་གིས། ནང་ཆོས་ནི་ནམ་མཁའ་དང་། ཚན་རིག་ནི་དེའི་ནང་གི་རྒྱུ་སྐར་ཆུང་ངུ་ཞིག་དང་མཚུངས་པ་ཡིན་ཞེས་ཚན་རིག་པ་ཚོར་ལན་བཏབ་པ་རེད་ཅེས་ཨ་ལགས་དོར་ཞིས་གསུངས་སོང་།
རེད་ཁྲོ་རུ་ཚེ་རྣམ་གྱིས་བོད་ཀྱི་སྨན་རྩིས་ཀྱི་ཁུང་གང་ལ་གཏུགས་པ་དེ་ཚོ་འང་གཟིགས་དགོས་པ་འདུག་ཁོང་གིས་བརྩམས་པའི་སྨན་གྱི་སྐོར་བོད་ལྗོངའ་དྲ་རྒྱའི་ནང་དུ་གཟིགས་དང་མཐོང་རྒྱ་ཐོས་རྒྱ་ཡངས་པའི་མཁས་པ་ཟེར་ན་དེ་ཚོ་རེད།
་་་ དེང་སང་བོད་ཡིག་ཡར་རྒྱས་དང་གོང་འཕེལ་ཡོང་ཆེད་ཡིན་ཟེར་ནས་ཁམས་པས་ཁམས་སྐད་དང་ཨ་མདོས་ཨ་སྐད། དབུས་པས་དབུས་སྐད་རེ་བྲིས་ནས་དྲ་རྒྱ་ཁག་ཏུ་འདོན་སྤེལ་བྱས་དང་བྱེད་བཞིན་པ་རེད། བྱས་སྟངས་འདི་དག་གིས་བོད་ཀྱི་སྤྱི་སྐད་དུམ་བུ་གཏོང་གི་ཡོད་པར་གསལ་པོ་རེད། ཡར་རྒྱས་མ་རེད། མར་འཐེན་རེད། མཁས་དབང་ང་ཡིན་ཁོ་ཡིན་ཟེར་མཁན་ཚོས་ཐུགས་བསམ་བཞེས་དགོས་པར་འདོད། ་་་་ཟེར།
སྨན་གྱི་སྐོར་ཁྲོ་རུ་ཚེ་རྣམ་དང་སྨན་པ་ཚོས་མྱོང་བ་ཕྱོགས་གཅིག་ཏུ་བསྡུས་པའི་དེབ་རྒན་དྲུག་འདུག
ང་ཚོ་བོད་རིགས་རྣམས་རྒྱ་གར་ལྟར་ཆོས་སདྲིད་གཉིས་ལྡན་གྱི་ཡར་རྒྱས་གཏོང་དགོས་པ་ལས། ད་ལྟའི་རྒྱ་ནག་གུང་ཕྲན་ལྟར་ཕྱི་ཡི་ཡར་རྒྱས། རྡུལ་དང་མཚོན་ཆས་ཁེངས། ནང་གི་ཡར་རྒྱས་ཉོན་མོངས་དུག་གསུམ་དང་ལྐོག་ཟ་རུལ་སུངས་ཀྱིས་ཁེངས་པ་བསྡད་པ་འདི་ལྟར་བྱ་རྒྱུ་མི་འདུག་གོ །
ཅོ་རི་ལགས། རེད། ཕྱོགས་གཅིག་ལ་འཁོར་ནས་བསམ་བློ་གཏང་ན། དེ་འདྲའི་སྐྲག་ས་འཇིགས་ས་འདྲ་བའི་ཕ་སྐད་ཞིག་དུ་འདོད་མཁན་མང་ན་ཐང་། ཕྱོགས་ཡོངས་ལ་འཁོར་ནས་བསམ་ཚུལ་འདྲ་སྤེལ་ན། བོད་སྐད་དང་བོད་ཡིག་ནི་ཤེས་བ་ཆབས་མཉམ་ཡིན་དགོས་ཞིག་ལས་གཅིག་དེ་ཤེས་ན་གཅིག་དེ་སྦྱང་དགོས་བ་ཞིག་ག་ལ་ཡིན། དེ་ལྟར་ཆགས་ན་སྐད་ཡིག་གི་ཁྱད་ཆས་གཙོ་བོ་ཤོར་བའི་སྐད་ཡིག་ལ་སྐྱོན་མཚང་མི་ཡོང་ངམ།
ཁྱེད་ཚོ་ལ་རྡོག་རྡོག་ཞིག་ནས་དུམ་བུར་ཆགས་འགྲོ་པའི་ཞེད་སྣང་ཡོད་པ་རེད། ང་ལ་དུམ་བུར་ཆགས་སོང་པ་རྣམས་རྡོག་རྡོག་ལ་མི་ཡོང་པའི་འཇིགས་སྣང་ཡོད་པ་རེད། ཁྱོས་ལམ་ཁ་གང་ནས་སྐྱོབས་ན་ཡང་ང་ལ་དགའ་བསུ་ཡོད།
ངས་ནི་གང་དྲན་ཞིག་བྲིས་མེད་པ་དང་བྲིས་བ་རྣམས་ལ་ཁུངས་དང་རིག་པའི་རྒྱབ་རྩ་ཞིག་ཡོད་ཡོད་པ་ཡིན། མ་ཡིག་དང་བུ་ཡིག། སྒྲ་འགྱུར་དང་དོན་འགྱུར། ཟུར་ཉམས་དང་འཁྱར་ཚིག། གོ་ལོག་དང་སྒྲ་ལོག་སོགས་ལ་ཐོས་བརྩོན་གྱི་ལམ་ནས་འབྲི་བཅོས་བྱེད་པ་ནི་ང་བོད་པ་ཞིག་བོད་ཡིག་བོད་སྐད་ལ་དུངས་བའི་སྙིང་ཤ་ཡིན།
ངས་དོགས་སྣང་གི་སྒོ་མོ་ཆེན་པོ་ཞིག་ཕྱེ་ནས་ཁྱེད་རྣམ་གྱིས་ང་གྱོགས་གྱོགས་གྱོགས་གྱོགས་མེད་ལ་གཏོང་ཐུབ་པའི་རེ་བ་ཡོད།
རིགས་ལ་ལྷག་བསམ་དཀར་བའི་གངས་ཅན་དྭངས་མ།།
བསྟན་ལ་དག་ཐེར་མཛད་མཁན་ཤྭཀྱའི་རྗེས་འབྲང་།།
ཤེས་བྱའི་གནས་ལུག་རྟོགས་པའི་པཎ་ཊི་ཏ་སྟེ།།
ཕུལ་བྱུང་རིག་པའི་དཔའ་བོ་ཚ་བ་མདའ་སྨྱུག།
ནང་ཆོས་ལ་དགག་པ་རྒྱག་ན་སྔོན་ཐོན་ཡིན་སྙམ་པ་ནི་ལྐུགས་པ་རང་རེད། དེའི་ེརྗེས་སུ་འགྲོ་བ་ནི་ཡང་ལྐུགས་རེད
ནང་བསྟན་མཁས་པ་རྣམས་གྱི་གསུང་རབ་ལ། །
ངཔྱད་ཀྱང་རྙེད་པར་དཀོན་པའི་བརྗོད་བྱ་དང་། །
ཡོད་ཀྱང་མཐོང་པར་དཀོན་པའི་དངོས་པོ་གཉིས། །
སུ་ཤིག་་ཐོབ་ན་གནས་ལུགས་རྙེད་པར་འདོད་། །
དེ་འདྲ་གནས་ལུགས་ཚང་མའི་རྙེད་ཐབས་བྲལ་། །
ཡ་མཚན་འོས་པས་གཏམ་ལ་སྐྱོན་ཤིག་མཐོང་། །
སྔོན་བྱོན་མཁས་དང་གྲུབ་པའི་ཇི་སྙེད་པ། །
མི་མངོན་ཚུལ་གྱི་དབྱིངས་སུ་གཤེགས་ལས་། །
ནང་བསྟན་གཞུང་ནང་བཤད་པའིབརྗོད་བྱ་རྣམས་། །
དངོས་པོའི་གནས་ཚུལ་སུ་ཤིག་གོ་ཐབས་ཟད་། །
ཆོས་པའི་མི་ཚད་ཆོས་ལ་བསྐྱལ་བས་ཀྱང་། །
ཆོས་སེམས་འཁོར་བའི་ཆོས་ཤིག་གང་དུ་རྙེད་། །
ཆོས་པའི་བསམ་བློ་ཆོས་ལ་གཏོང་ན་ཡང་། །
ཆོས་པ་བདེ་སྐྱིད་འཐོབ་པའི་ལམ་མི་འདུག། །
ཆོས་སེམས་འགུག་བའི་ཆོས་ཤིག་མེད་ན་ཡང་། །
ཆོས་སེམས་ཆོས་ལ་འཁོར་བ་ཡིད་རེ་སྐྱོ།
སྟོན་པ་ནས་སྒེར་སྤྱོད་རིང་ལུགས་བྱུང་།།
༄༅སྟོན་པ་བཅོམ་ལྡན་འདས་ནས་བཟུང་ཏེ་ད་ལྟ་བར་དུ་ནང་པའི་ཆོས་འཆད་པ་པོ་དེ་ཚོའི་རྗེས་འཇུག་པ་ཚོར།བློ་འགུག་ཡ་ཆེད་དུ་དང་པོ་མགོ་བརྗོད་ལ་འདི་ལྟར་བཤད་གི་ཡོད།གང་ཟག་སུ་འདྲ་ཞིག་ཡིན་ན་སོ་སོས་གཞི་དངོས་པོའི་གནས་ཚུལ་ཡིན་ན་འདྲ།།་་་་ལམ་སྒྲུབ་པའི་རིམ་པ་ཡིན་ན་རེད།གནས་ཚུལ་ག་འདྲ་ཞིག་གཏན་ལ་འབེབས་པ་ན།སྲེགས་བཅད་བརྡར་གསུམ་ཀྱི་སྒོ་ནས་གཏན་ལ་འབེབས་དགོས་ཞེས་ཡིད་དུ་འོང་བ་ཞིག་གསུང་གི་ཡོད།རྗེས་འཇུགས་པ་རྣམས་ཀྱིས་ཀྱང་དེ་བཞིན་དགའ་དགའ་སྤྲོ་སྤོའི་ངང་དང་ལེན་བྱེད་ཀྱི་ཡོད།ཡིན་ན་འང་རིམ་བཞིན་གནས་ཚུལ་སྐྱུག་བྲོ་བ་ཞིག་ལྷག་ཡོད་པ་ནི།བླ་མ་དང་སློབ་མའི་བར་འབྲེལ་བ་ཞིག་ལ་ཁ་གཡར་ནས།གོང་དུ་གསུང་པའི་གནས་ཚུལ་ཡོངས་རྫོགས་རྩི་མེད་དུ་བཏང་ནས་།སློ་མ་རྣམས་ཀྱིས་བླ་མའི་བཀའ་ལ་སྐྱོན་དང་ཡོན་ཏན་གང་ཡོད་ཀྱང་།མཐའ་གཅིག་དུ་ཡོན་ཏན་དུ་བལྟ་དགོས་པ་ལས་སྐྱོན་ནམ་ཡང་བལྟ་མི་རུང་།གལ་སྲིད་སློབ་མ་རང་ངོ་ནས་སྐྱོན་ཞིག་མཐོང་ན་ཡང་རང་ཉིད་ཀྱིས་ནོར་འཁྲུལ་ཡིན་པ་ལས།བླ་མའི་སྐྱོན་དང་ནོར་འཁྲུལ་ཏིལ་འབྲུ་ཙམ་ཡང་མེད་ཞེས་ངར་ངར་རྫིག་རྫིག་གི་ཐོག་ནས་བཤད་བཞིན་ཡོད།གལ་སྲིད་དེ་ལྟར་མ་བྱུང་ན།སློབ་མ་རང་ཉིད་དམྱལ་བ་ལ་ལྷུང་བར་ངེས་པ་ཡིན་ཞེས་བཤད་ཀྱི་ཡོད།གནས་ཚུལ་དེ་སྟོན་པ་བཅོམ་ལྡན་འདས་ནས་བཟུང་ཏེ།དུས་ད་ལྟ་བར་རྒྱུན་སྐྱོང་ནས་རང་རང་གི་སློབ་མ་རྣམས་པ་ཉན་མི་འདོད་བཞིན་དུ་འབྲུག་སྒྲ་ལྟར་སྒྲོག་བཞིན་ཡོད།གནས་ཚུལ་དེས་རྐྱེན་པས་བླ་མའི་བཀའ་མི་རྩི་མཁན་དེ་ཚོ་ལ།སྤྱི་ཚོགས་ནང་ཡིན་ན་ཉེས་ཅན་པ་མི་བསད་ཁྲག་སྦྱོར་བྱེད་མཁན་ནང་བཞིན་ལྟ་སྟངས་སྡུག་ཅག་ཤིག་ཆག་ཡོད་པ་མངོན་གསལ་ཡིན།དེའི་དབང་གིས་སྟོན་པ་ཁོང་གིས་སློབ་མ་ཞིག་ཁར་ཐུག་ཁོང་ལ་ངོ་ལོག་ཕོད་མཁན་སུ་ཡང་བྱུང་མྱོང་མེད།དེ་ལྟར་མ་བྱུང་བ་ནི་ཁོ་ཚོས་རྣམ་དཔྱོད་མ་འདང་བ་དང་མེད་པ་གཏན་ནས་མིན་མོད།ཁོ་ཚོའི་རྣམ་དཔྱོད་ནི་སུ་ལ་འགྲན་དགོས་ན་འགྲན་པར་འོས་པའི་རྣམ་དཔྱོད་ཡོད་ལ།ཡིན་ན་ཡང་གོང་གིས་གནས་ཚུལ་དེ་རྣམ་རིམ་བཞིན་ཤེས་ནས་བླ་སློབ་བར་འབྲེལ་བ་གཏོར་ཤིག་བཏང་མི་ཡོང་ངམ་སྙམ་ནས།ཞེ་སྣང་བསྐྱེད་ཤིང་མི་མཐོང་ཁུལ་བྱས་ནས་བསྡད་དགོས་བྱུང་ཡོད།དེ་བཞིན་དུས་ཕྱིས་བོད་ནང་ཡིན་ན་རེད།རང་གི་བླ་མའི་གསུང་ལ་སློབ་མའི་ཇི་བཞིན་པ་ཁས་བླངས་པ་མ་གཏོགས་དེ་ལ་ཞིབ་འཇུག་བྱེད་མཁན་དཀོན་པོ་ཡིན།དེ་མ་བྱུང་བ་ནི་སློབ་མའི་རྣམ་དཔྱོད་མེད་པ་འམ་མ་འདང་བ་གཏན་ནས་མིན། གནས་ཚུལ་དེའི་དབང་གིས་སྤྱི་ཚོགས་ནང་ ། དོན་མེད་ཀྱི་རྩོད་རྙོགས་རིགས་མང་པོ་འབྱུང་གི་ཡོད།། ་་་་་་་་་་་་་་་་་ མཐོང་བའི་ཡུད་དུ་མེད་པའི་ལོག་བཤད་རྣམས་།། རྩལ་ན་རྙེད་དུ་མེད་པའི་བརྗོད་བྱ་འགའ།། ་རྩོད་ན་ཆོད་བར་མེད་པའི་ཆོས་ཉིད་ཡིན་།། ་ སྒོམ་ན་ཐོབ་དུ་མེད་པའི་ཐར་པ་ཡིན།། དོན་མེད་མི་ཚད་བསྐྱལ་བྱེད་ཁོར་ཡུག་ནང་།། ་ཞུགས་ན་གྲུབ་འབྲས་དོན་ལ་ཐོབ་བར་དཀོན། །