ཚུལ་ཁྲིམས་ཟླ་བ།
གྲང་ངར་དུས་ཀྱི་བུ་མོའི་ལུས་ལ་རེག་ཅིང་།།
འཁྱག་འདར་བ་སྤུའི་རྩེ་མོ་གདོང་ལ་ཟིང་དུས།།
སྨུམ་མདོག་གདོང་གི་ཁ་དོག་གཞན་དུ་གྱུར་ཏེ།།
སྐད་ཅིག་འཁོར་བའི་རྒྱ་ལས་བདེ་སྣང་མ་ཚོར།།
འདས་སོང་ལོ་རྒྱུས་རིང་མོར་མིག་ཞགས་འཕངས་པས།།
འདི་སྣང་འཇིག་རྟེན་བདེ་དགའ་ཡུད་ཙམ་གོ་ཡང་།།
འདོད་ལྔའི་བཞིན་མཛེས་ན་ཆུང་ཡིད་ལ་ཤར་ཚེ།།
མི་བརྟན་སེམས་ཀྱི་བུ་ཆུང་དེའི་རྗེས་འབྲངས་སོང་།།
དགའ་སྡུག་དབྱར་གྱི་གནམ་གཤིས་དྲོ་གྲང་མང་པོ།།
ཐོབ་ཤོར་ལྷོ་མཐའི་སྤྲིན་པ་ཡུད་ཙམ་ཡུད་ཙམ།།
དབེན་རིའི་རྣལ་འབྱོར་རྣམས་ཀྱི་རྣམ་ཐར་ཐོས་ཚེ།།
ཡིད་སྨོན་དར་རྕེའི་སྣེ་མོ་དེ་ལ་ཕྱོགས་སོང་།།
མཚམས་རེ་བཞིན་མཛེས་བུ་མོའི་བཞིན་རས་མཐོང་དུས།།
འདོད་སེམས་མཚོ་ཁའི་རླབས་རིས་དེ་ལ་ཆས་སོང་།།
མཚམས་རེ་མི་སྡུག་རྒས་པའི་ལང་ཚོ་མཐོང་དུས།།
སྐྱོ་སེམས་དགུན་གྱི་ཆུ་བོ་འཁྱག་ཏུ་གྱུར་སོང་།།
དྲོད་ལྡན་མལ་ས་ནང་གི་རྨི་ལམ་མཚོན་མ།།
སྐྱིད་པའི་རྒྱལ་ཁམས་ཉུལ་དུ་ཆས་ཆས་འདྲ་ཡང་།།
མཐའ་མེད་འཁོར་བའི་རྒྱ་ལ་རྫོགས་དུས་མེད་པས།།
སྡུག་གི་ཨ་ཐང་མི་ཆད་རང་དབང་ཅི་ཞིག།
ཇོ་ཇོའི་གདོང་གི་གཉེར་རིས་མིག་ལ་མངོན་ཚེ།།
འདས་སོང་སྡུག་གི་ལོ་ཟླ་ཐོལ་གྱིས་དྲན་ཡོང་།།
ཅུང་པོའི་འཆོལ་བའི་རྡོག་སྒྲ་རྣ་བར་ཐོས་ཚེ།།
བརྟན་མེད་མདུན་ལམ་བསམ་ནས་སྙིང་ཤ་འདར་ཡོང་།།
ཐག་ནག་རྒྱ་ལ་བརྟེན་པའི་སྦྲ་གུར་ནག་པོ།།
བཙན་པོའི་རུ་དཔུང་ཞིག་གི་སྡོད་གནས་ཡིན་སྐད།།
ཀ་ར་ཐག་གུས་བསྡམས་ནས་རོང་དུ་བསྐྱལ་དུས།།
ཅི་ཞིག་བོར་གཏོར་སོང་བའི་ཁེམས་ཁ་ལང་ཡོང་།།
འདུ་འབྲལ་ལོ་རྒྱུས་བཙན་པའི་མདོ་དབུས་ཁམས་གསུམ།།
རང་ཉིད་མི་གྲལ་སྙེགས་པའི་འཚང་ཁའི་ཟུར་ནས།།
དུང་སེམས་མེ་རུ་འབར་བའི་དུད་སྤྲིན་མཐོང་དུས།།
སྐྱོ་སྡུག་ཁོང་གི་སྡུག་བསྔལ་ཕྱི་ལ་མངོན་སོང་།།
ལང་མ་འགྱེལ་བའི་སྟོད་ཀྱི་མཁར་གྲོང་སྟོང་པར།།
མངོན་དགའི་དུས་ཀྱི་ན་ཆུང་མངལ་དུ་སྒྲུམ་སྐད།།
གངས་སེང་དར་ཆ་མཐོན་པོའི་མཁར་རྩེར་བསྒྲེངས་ནས།།
ངུ་མ་དགོད་ཀྱིས་བཙས་པའི་ལྟ་གོན་ཚུགས་སོང་།།
བདེན་དོན་དབྱངས་སུ་གྱེར་བཞིན་དབྱིངས་སུ་ཐིམ་པའི།།
སྡུག་གི་མཆི་མ་འཛག་པའི་དཔའ་བོ་ཕོ་མོ།།
གངས་རིའི་འདབས་སུ་ཆགས་པའི་དུར་ཁུང་ནང་ནས།།
སྡིག་ཉེས་ཚང་རྩིས་རྒྱག་བཞིན་ལྟས་ནས་ཡོད་སྐད།།
རི་བོ་ཏི་སེ་གནམ་འོག་དུང་གི་ཀ་བ།།
ཁྲག་མདོག་འཚུབ་མ་ཞིག་གིས་ཡུད་ཀྱིས་གཡོག་སོང་།།
ཡར་འབྲོག་གཡུ་མཚོ་དྭངས་བདུད་རྩིའི་ཡོན་ཆབ།།
རྫས་ངན་དུག་གི་སྦྱོར་བས་རྙོག་མ་བསླངས་སོང་།།
ར་ཅན་ཞིག་གིས་བཙུབ་པའི་བྱས་རྗེས་ཡིན་རུང་།།
མདའ་རྩལ་མཁན་གྱིས་མདའ་ཡིས་རྗེས་འབྲས་ཡིན་རུང་།།
བློ་ཆུང་བུ་སྤུན་འཇོན་ཐང་མེད་པས་ཡིན་རུང་།།
སྡུག་གི་རྐང་རྗེས་བཞག་ས་བོད་ཚང་ཡིན་སོང་།།
བརྗིད་ལྡན་གངས་དཀར་རི་བོའི་གས་ཀ་ནང་ནས།།
བརྗེད་མེད་ཁྲག་གི་བཞུར་རྒྱུན་གཞུང་ལ་བབ་པས།།
གཉོམ་ཆུང་གངས་ལྷ་མེ་ཏོག་སྐྱོ་བས་མནར་ཡང་།།
ལྡོག་མེད་གནམ་གྱི་རྒྱལ་མོའི་བགོ་སྐལ་ཡིན་སོང་།།
གསེར་མདོག་ཉི་མའི་གཟི་མདངས་ནུབ་ཏུ་འཕྲོས་ཏེ།།
ཤར་ཕྱོགས་ཤེལ་གྱི་མཆོད་སྡོང་སྨག་གིས་བཟུང་བས།།
བགྲེས་རྟགས་གཉེར་རིས་ཐོན་པའི་དད་ལྡན་རྒན་པོས།།
འོད་ཀྱི་ཟེར་ཐག་རྐྱོང་ལ་རེ་ཞིང་སྒུག་སོང་།།
སྟོན་མཇུག་སྐྱི་སེར་འགྲོས་ཀྱི་སྟངས་སྟབས་འོག་ནས།།
རབ་སྡུག་ལྟ་མའི་ལོ་འདབ་ཕྱོགས་སུ་སྦུར་བས།།
སྔོ་བསངས་ནམ་མཁའི་བུ་མོ་སྐྱོ་བའི་ངང་ནས།།
འདབ་དྲུག་གངས་ཀྱི་རྡུལ་མང་བོད་ལ་བབ་སོང་།།
ཨ་སྔོན་གནམ་གྱི་ཕུག་ལ་མིག་ཟུང་ཧད་དེ།།
མིག་གི་ཆུ་ཐིག་རྡོག་པོ་གདོང་ནས་ཟག་ཅིང་།།
དྲོད་ལྡན་ལག་པ་གཉིས་པོས་གྲང་ཁར་བཅངས་དུས།།
དབུགས་ཀྱི་འབྱིན་རྔུབ་རིང་པོས་ལྷིང་འཇག་དཀྲོག་སོང་།།
2013.2.1. ཉིན་བྲིས།