རྔ་བ་རྒྱལ་ཁམས་པ།
————-
ལེའུ་དང་བོ།
མྱུལ་ཞིབ་འཆར་གཞི།
སྐུ་ཞབས་སྒྲར་བེན་མཆོག་ནམ་རྒྱུན་ལེགས་སྤྱར་སོགས་ྐློག་སྦྱོང་གི་ཚོགས་གྲར་འཇུག་པ་ལས། བྱ་ཤང་ཤང་ཏེའུ་སོགས་སྲོག་ཆགས་རིགས་ལ་མེ་མདའ་འཕེན་རྩེད་གནང་བར་དགའ་མོས་ཆེ་བར་བཤད་ཅིང་། སྤྱི་ལོ༡༨༣༡ལོར་གོང་གསལ་སློབ་ཆེན་མཐར་ཕྱིན་ཏེ། གཙུག་ལག་སློབ་ཆེན་ཨང་རིམ་དང་བོ་ཆོད་མཁན་གྱི་ཕྱག་འཁྱེར་བཞེས། སྐབས་དེ་ཤེད་ནས་སྙན་གྲགས་ཅན་གྱི་སློབ་སྤྱི་ས་ཁམས་རིག་པའི་མཁས་པ་ཨ་སྒྲམ་དང་། རྩི་ཤིང་རིག་པའི་མཁས་པ་ལྗོན་རྣམ་གཉིས་དང་གྲོགས་འབྲེལ་བཟང་བོ་བསྒྲིགས་ཤིང་། རང་ཉིད་ཀྱི་ཐུགས་འདུན་ལྟར་མུ་མཐུད་བྲག་རྡོ་དང་། ས་གཏེར། སྲོག་ཆགས། རྩི་ཤིང་སོགས་ཀྱི་ཐད་སློབ་གཉེར་ཞིབ་འཇུག་བྱས། སྤྱིར་ན་སྐུ་ཞབས་སྒྲར་བེན་མཆོག་གི་སྔ་རོལ་དུ་འཇིག་རྟེན་རིམ་འབྱུང་རིག་པའི་སྐོར་ལ་བསམ་གཞིགས་གཏོང་མཁན་མང་བོ་ཞིག་བྱུང་བ་དང་། ལྷག་པར་ཁོང་གི་སྐུ་དུས་སུ་རང་ཉིད་ཀྱི་ཨ་མྱེ་ཨ་ར་སི་མ་སི་མཆོག་གིས་བརྩམས་པའི༼ཟོས་ནོ་མེ་པ༽ཞེས་པའི་དཔེ་ཆ་དང་། སྤ་རན་སིའི་རང་བྱུང་ཁམས་རིག་སྨྲ་བ་ལྗེན་བྷེབ་ཁྲེ་སི་གྲིའི་ལ་མར་ཁི་མཆོག་གིས་ཐོག་མར་ཚན་རིག་གི་བསམ་བློའི་ལྟ་བ་བརྗོད་བྱར་བྱས་པ༼རྫུ་འཕྲུལ༽དུ་འབོད་པའི་གཞུང་བརྩམས་པ། དུས་ཕྱིས་༼སྲོག་ཆགས་ཀྱི་མཚན་ཉིད་རིག་པ༽ཞེས་འབོད་པ་དེ་ཉིད་དང་། ས་ཁམས་རིག་པའི་མཁས་པ་སྐུ་ཞབས་རོ་བྷིར་གྲི་ཆམ་བྷིར་སི་མཆོག་གིས་བརྩམས་པའི༼རང་བྱུང་ལོ་རྒྱུས་བཞེངས་སྐྲུན་གྱི་རྐང་རྗེས༽ཞེས་པ་སོགས་དཔེ་ཆ་མང་བོའི་ནང་། འཇིག་རྟེན་རིམ་འབྱུང་གི་ཐད་བསམ་གཞིགས་བྱས་ཡོད་སྟབས། ཁོང་རིམ་འབྱུང་རིག་པའི་བསམ་བློ་བ་ཐོག་མ་དེ་མིན་པར་གསལ་མོད། ཁོང་གིས་གོང་གི་གཞུང་ལུགས་དེ་དག་ལ་བརྟེན་ནས་རིམ་འབྱུང་ཇི་ལྟར་བྱུང་བའི་སྐོར་གྱི་རིག་པའི་རྣམ་བཤད། གཞན་ལས་ཁྱད་འཕགས་དོན་དངོས་ཀྱི་བདེན་དཔང་ཡོད་པ་དེ་འདྲ་ཞིག་བཏོད་ཐུབ་བྱུང་ཡོད་ལ། ལྷག་པར་ཁོང་གིས་ས་མྱུལ་མཁན་ཨེ་ལེག་ཟན་སྒྲར་དུ་འབོད་པས་རྩོམ་བྲིས༼དངོས་པོའི་བྱུང་རབས༽ཞེས་པའི་དཔེ་ཆར་གཟིགས་རྟོགས་མཛད་པ་ལས། བྱེའུ་སེར་གླིང་ཕྲན་དུ་རང་བྱུང་ལོ་རྒྱུས་ཀྱི་མྱུལ་ཞིབ་ཏུ་བསྐྱོད་རྒྱུའི་དགོངས་འཆར་ཐོག་མར་གོ་སྒྲིག་མཛད། སྟབས་ལེགས་པ་ཤིག་ཏུ་དུས་སྐབས་དེ་དང་སྟབས་མཚུངས། མཉན་དཔོན་སྐུ་ཞབས་རོ་བྷིར་གྲི་སྤེ་ཟི་རོ་བེ་མཆོག་ནས་མགོ་འཛིན་བྱས་པའི་རྒྱལ་བོའི་དམག་གྲུ། འཛམ་གླིང་ཕྱོགས་བཞིར་ས་ཚད་ཞིབ་བརྟག་མྱུལ་བསྐྱོད་དུ་འགྲོ་འཆར་ཡོད་པ་དང་དུས་གཅིག་ཏུ་འཁེལ་ཞིང་། གྲུ་དཔོན་གྱིས་སློབ་སྤྱི་ལྗོན་མཆོག་ལ་རང་བྱུང་ཁམས་རིག་པ་ཞིག་དགོས་སྐོར་རེ་བསྐུལ་དྲི་རྩད་ཞུས་དོན་ལྟར། ལྗོན་ནས་སྐུ་ཞབས་སྒྲར་བེན་མཆོག་ལ་ལས་ཀ་དེ་ངོ་སྤྲོད་བྱས་པར། ཐོག་མའི་ཆར་སྒྲར་བེན་གྱི་ཡབ་ནས་གྲོན་དངུལ་སོགས་དགོས་རིགས་མཐུན་སྦྱོར་མ་གནང་བར་བཀག་འགོག་བྱས་མོད་ཀྱི། ལྗོན་ནས་སྒྲར་བེན་ལ་ལྟོས་ན་གོ་སྐབས་འདི་ཆུད་ཟོས་སུ་གཏོང་མི་འོས་ཚུལ་ནན་བསྐུལ་བྱས་མཐར་དགོངས་འཁྲོལ་ཐོབ།
མཚོ་གྲུ་བྷེ་དགོལ་ཐོག་འཛམ་གླིང་ཕྱོགས་མཐར་མྱུལ་ཞིབ།
སྤྱི་ལོ༡༨༣༡ཟླ༡༠ཚེས༢༧ཉིན་ HMS BEAGLE རྟགས་ཅན་གྱི་མཚོ་གྲུ་བརྒྱུད་འགྲུལ་བཞུད་ཀྱི་མགོ་བརྩམས་ཤིང་། འགྲུལ་མགོ་ཚུགས་ནས་རིང་བོར་མ་ལོན་པར་ཁོང་བར་མཚོ་འགྲུལ་ཁམས་འཁྲུགས་ཀྱི་ནད་ཀྱིས་ཐེབས་པས་སྐུ་ངལ་ཆེན་པོ་ཞིག་བྱུང་འདུག་ལ། མྱུལ་ཞིབ་མཚོ་གྲུ་དེ་བཞིན་ཡུ་རོབ་དང་ཨ་རིའི་བར་གྱི་ནུབ་ཕྱོགས་རྒྱ་མཚོ་ཆེན་པོའི་ངོགས་རྒྱུན་རིང་བསྐྱོད་ཅིང་། སྒྲར་བེན་མཆོག་གི་སྐུ་ཁམས་ཀྱང་རིམ་པས་དྭངས། མྱུལ་ཞིབ་མཚོ་གྲུ་དེ་བཞིན་ཨ་རིའི་ལྷོ་རྒྱུད་ཀྱི་རྒྱལ་ཁབ་བྷིར་ཟེལ་དང་། ལྷོ་སྣེ་ཁབ་ཧོན། དགའ་ལ་ཕ་དགོ་གླིང་ཕྲན་སོགས་སུ་ཕེབས་ནས་མྱུལ་ཞིབ་གནང་ཞིང་། དེ་ནས་ཞི་བདེ་རྒྱ་མཚོ་ཆེན་པོར་ཐོན་བསྐྱོད་ཀྱིས་ནིའུ་ཛ་ལན་སྒྲི་དང་། ཨོ་སི་གྲི་ར་ལའི་ཡ། ཨོ་སི་གྲི་ར་ལའི་ཡའི་ལྷོ་རྒྱུད་ནས་རྒྱ་གར་རྒྱ་མཚོ་འཕྲེད་གཏུབ་ཀྱིས། ཁབ་ཀྱི་རེ་བཟང་ཞེས་པའི་ས་སྣེར་འགྲུལ་སྐོར་གྱིས་སླར་ཡང་བྷིར་ཟེལ་རྒྱལ་ཁབ་ཏུ་འབྱོར། ས་ཁུལ་དང་མཚོ་གླིང་དེ་དག་གི་ཐོག་དུས་ཚོད་མི་ལོ་ཧྲིལ་བོ་ལྔའི་རིང་། ས་གཏེར་དང་། རྡོ་རིགས། ཤིང་སྣ། སྲོག་ཆགས་སོགས་གྲུ་བོ་ཆེའི་ཁ་གང་ལ་ཁད་པ་ཙམ་བསྡུ་རུབ་ཐུབ་པ་བྱུང་སྟེ། སྤྱི་ལོ༡༨༣༦ལོར་དབྱིན་ཇི་ལུང་བར་ཕྱིར་ལོག་ཕེབས་འདུག་གོ།
ནགས་ཚལ་དང་ས་གཏེར།
སྐུ་ཞབས་སྒྲར་བེན་མཆོག་ཐོག་མར་ཆར་ཆུ་མོད་པའི་ནགས་ཚལ་ཆེན་པོ་ཞིག་གི་ནང་རྒྱུ་འགྲུལ་མཛད་པས། མཛེལ་ཤིང་ཡིད་དུ་འོང་བའི་མེ་ཏོག་དང་། ཁམས་གཙང་གསར་དུ་སྐྱེས་པའི་རྩ་ལྗང་། བཀྲག་མདངས་རབ་ཏུ་རྒྱས་པའི་ལྗང་ལོ། གསར་སྐྱེས་གཞན་ལ་བརྟེན་པའི་རྩི་ཤིང་སོགས་རང་བྱུང་མཚར་སྡུག་གི་རྣམ་པས་ཡིད་ཀྱི་བརྟན་པ་དབང་མེད་དུ་འཕྲོག་སྟེ། ༼སྔོ་ལྡུམ་རྩི་ཤིང་གི་སྤྱིར་བཏང་རྒྱས་སྤྲོས༽ཞེས་པའི་རྩོམ་ཡིག་དེ་བྲིས་གནང་བ་རེད། དེ་དང་ཉེ་བར་ཁོང་གིས་རིང་ཚད་དུ་སྐུམ་ཁྲུ་ཉིད་ཤུ་ཡོད་པའི་ཨ་རིའི་སྲོག་ཆགས་ཆེན་པོ་མེ་དགའ་ལྡི་རུམ་ཞེས་པའི་ཀེང་རུས་ཆ་ཚང་ཞིག་ས་འོག་ནས་རྙེད་སོན་བྱུང་བ། རིང་མཐའ་མི་ལོ་ས་ཡ་ཁ་ཤས་དང་། ཐུང་མཐའ་མི་ལོ་སྟོང་ཕྲག་ཁ་ཤས་སྔོན་གྱི་ཀེང་རུས་ཤིག་ཡིན་པར་ཚོད་སྒམ་གནང་བ་དང་། དེ་རྗེས་རིང་བོར་མ་ཐོགས་པར་སླར་ཡང་ཕ་གྲ་དགོ་ནའི་ཡ་ས་གནས་ཀྱི་སན་ལྗོས་ལིའི་ཡ་ཞེས་པའི་གྲུ་ཚུགས་ནས། སྲོག་ཆགས་ཆེན་པོ་གཞན་ཞིག་གི་ཀེང་རུས་རྙེད་སོན་བྱུང་བ། ལ་མ་ཞེས་པའི་ལུག་གི་རིགས་དང་འདྲའང་། བོང་ཚད་ནི་དེ་ལས་ལྡབ་འགྱུར་གྱིས་ཆེན་པོ་ཡིན་པར་བཤད། དེ་ལྟར་རིམ་པ་བྱས་ནས་ཁོང་གི་ཐུགས་ལ་ཅིའི་ཕྱིར་མེ་དགའ་ལྡི་རུམ་དང་། ལ་མ་ལྟ་བུའི་སྲོག་ལྡན་ཆེན་པོའི་རིགས་ཤི་ནས་མེད་པར་གྱུར་ཀྱང་། དཀྱུས་མའི་མེ་དགའ་ལྡི་རུམ་དང་ལ་མ་ནི་ད་ལྟའང་ཡོད་པ་དང་། ཤི་ཟིན་ས་གཏེར་དུ་ཆགས་པའི་སྲོག་ཆགས་དེ་དག་དང་། ད་ལྟ་འཚོ་བཞིན་པའི་སྲོག་ཆགས་ཁག་ཅིག་རིགས་འདྲའང་ཆེ་ཆུང་སོགས་མི་མཚུངས་བའི་ཚུལ། རྐྱེན་དེས་སྤྲེའུ་ནས་སྤྲ་དང་སྤྲ་ནས་འགྲོ་བ་མི་བྱུང་ཚུལ་སོགས། སྲོག་ལྡན་དེ་དག་དང་ཁོར་ཡུག་བར་ཕན་ཚུན་ཤུགས་རྐྱེན་གྱི་འབྲེལ་ལམ་མི་འདྲ་བའི་ཁྱད་པར་ཡོད་ཚུལ་སོགས་ལའང་དོ་སྣང་བྱུང་བ་རེད།
འགྱུར་ལྡོག་ལ་ནུས་ཤུགས།
མྱུལ་ཞིབ་མཚོ་གྲུ་དེ་བཞིན་ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་ངོགས་སུ་བསྐྱོད་དུས་། རང་བྱུང་ཁམས་ཀྱི་འཛམ་གླིང་འདིའི་ནང་གི་འགྱུར་ལྡོག་གི་རྒྱུ་མཚན་ཐོག་ཐུགས་བསམ་གཏོང་བའི་མགོ་ཚུགས་ཤིང་། ཨར་ལྗེན་གྲི་ནིའི་ཡ་ནང་དུ་ཡོད་སྐབས། ཨ་རིའི་ལྷོ་ཕྱོགས་ཕེམ་ཕ་སི་ཐང་ཆེན་གྱི་པ་ཕྱུགས་འཚོ་སྐྱོང་བྱེད་པའི་ས་ཁུལ་དག་ན་སྐྱེས་པའི་རྩ་རགས་པ་རྣམས་དེ་ལྷག་རིང་བོར་སྐྱེ་རྒྱུ་མེད་པ་དང་། རྩ་གསར་དག་ནི་ཆུང་ལ་མཉེན་འཇམ་ཡིད་གར་འོང་བ། བ་ཕྱུགས་དང་རྫི་བོའི་ལྕི་བ་ལས་ཕེམ་ཕ་སིའི་རང་བྱུང་ཁམས་ཀྱི་རྩ་ལྗང་གི་སྐྱེ་ཤུགས་ལ་འགྱུར་བ་ཐེབས་པའམ། ཡང་ན། རྩ་རིགས་མི་འདྲ་བ་འཚར་སྐྱེད་བྱེད་བཞིན་ཡོད་ཚུལ་ལ་ཐུགས་སྣང་བྱུང་བ་དང་། ཨ་རིའི་ལྷོ་རྩེ་གྲེ་ཡའི་ར་སྒྲེལ་སྤོ་དགོ་ཞེས་པའི་ས་ཁུལ་དུ་སླེབས་ཚེ། གྲུ་དཔོན་སྤེ་ཟི་རོ་བེ་མཆོག་གིས་ས་གནས་ཀྱི་གྲུ་རྐུན་མི་གསུམ་གཏེ་མར་འཛིན་བཟུང་བྱས་པར། སྒྲར་བེན་མཆོག་ནས་ས་གནས་ཀྱི་མི་དེ་དག་ཇི་ལྟར་བྱས་ནས་གངས་ཆེ་ཞིང་ཁ་ཆར་རྒྱུན་འབབ་ཀྱི་ས་ཁུལ་དེ་དག་གི་ནང་། སྲོག་ཆགས་ཀྱི་པགས་པ་ཁ་ཤས་ལ་བརྟེན་ཏེ་རང་ཉིད་སྲུང་སྐྱོབ་དང་། ཕྱི་ནང་ཁ་ཕྱེ་བའི་ཐང་རློན་པ་དག་གི་ཐོག་ཉལ་བོ་བྱེད་བཞིན་པའི་འཚོ་བའི་རང་བཞིན་ལ་ངོ་མཚར་ཆེན་པོ་སྐྱེས་ནས། ༼རང་བྱུང་ཁམས་ཀྱིས་ས་གནས་ཀྱི་མི་མང་རྣམས་རང་ཉིད་འཚོ་ཡུལ་དང་དག་དག་འགྲིགས་པོ་བཟོས་འདུག༽ཅེས་གསུངས་ལ། ཁོང་གིས་སྐབས་དེར་འགྲོ་བ་མིའི་རིགས་གཙོ་བོར་གྱུར་བའི་སྲོག་ལྡན་རིགས་ཀྱི་འགྱུར་བའམ། དེ་དག་རང་རང་གནས་ཡུལ་ཀྱི་ཁོར་ཡུག་དང་འཚམས་པོ་ཡོང་རྐྱེན་སྐོར་ལ་བསམ་གཞིགས་ངེས་བར་དུ་བཏང་ཡོད་པར་བཤད་དོ།།
ཆེལ་ནང་གི་ས་ཡོམ།
མྱུལ་ཞིབ་མཚོ་གྲུ་བྷེ་དགོལ་དེ་བཞིན་རིང་ཚད་དུ་མ་ལེ་གཅིག་སྟོང་ཉིས་བརྒྱ་ལྷག་ཡོད་པའི་རྒྱ་མཚོའི་ཚལ་ཀ་ཆེན་པོ། རེ་ཡོ་སྒྲེ་ལ་ཕི་ལ་གྲེ་ཞེས་པ་ནས་གྲེ་ར་སྒྲེལ་སྤ་དགོ་ཞེས་པའི་བར་འགྲུལ་བསྐྱོད་བྱས། སྒྲར་བེན་མཆོག་གིས་ཚལ་ཀ་དེའི་རི་བྲག་ཚང་མའི་དཔེ་རིས་ཞིབ་ཕྲ་འགྲེལ་བརྗོད་དང་བཅས་ཟིན་བྲིས་བཏབ་ཅིང་། ཁོང་གིས་ཐུགས་ལ་ལྷོ་རྒྱུད་ཀྱི་བྲག་རྡོ་རྣམས་ནི། ནུབ་རྒྱུད་ཀྱི་བྲག་རྡོ་ལ་ལྟོས་ན་མཐའི་རྒྱ་མཚོ་ལས་ཕི་ཁྲུ་སུམ་བརྒྱ་ཡས་མས་ཀྱིས་མཐོན་པོར་འཕགས་པ་དང་། གླིང་ཆེན་ཡོངས་ཀྱི་རྣམ་པ་ཕྱོགས་གཅིག་ཏུ་ཅུང་ཟད་གུག་ནས་ཡོད་པར་ཐུགས་སྣང་བྱུང་འདུག དེ་ནས་མཚོ་གྲུ་དེ་ཨ་རིའི་ལྷོ་སྣེ་ཁབ་ཧོན་ཞེས་པ་གཡས་སྐོར་གྱིས་ཨ་རིའི་ནུབ་རྒྱུད་ཀྱི་རྒྱ་མཆོའི་ཚལ་ཁའི་ངོགས་རྒྱུ་འགྲུལ་བྱེད་སྐབས། སྔ་མོ་ཞིག་ཏུ་ས་ཡོམ་ཆེན་པོ་བརྒྱབ་མྱོང་བའི་གྲུ་ཚུགས་ཆེལ་ཞེས་པར་འབྱོར་ཞིང་། ཁོང་གིས་ས་ཆ་དེར་གཟིགས་ཞིབ་མཛད་དེ་ས་ཡོམ་གྱི་ཤུགས་ལས་ས་ཁུལ་གྱི་བྲག་རྡོ་དག་ཕི་ཁྲུ་གཉིས་ནས་གསུམ་བར་ཡར་མཐོན་པོར་བཏེགས་ཡོད་པ་དང་། སྔོན་མའི་ཆགས་ས་མཐོ་རུ་སོང་སྟབས། ཉྭ་ཕྱིས་དང་མཚོ་རྩ་སོགས་ཆུ་འགྲམ་ན་སྐམ་གོག་ཏུ་ལྷག་ལུས་གྱུར་ཚུལ་གསལ་བོར་ཤེས་རྟོགས་བྱུང་འདུག་གོ།
ས་ལྒང་གི་སྐེད་ཐིག་ཐོག་གི་རིམ་འབྱུང་།
སྤྱི་ལོ༡༨༣༥ལོར་མཚོ་གྲུ་དེ་བཞིན་ཨ་རིའི་ལྷོ་རྒྱུད་ནས་གྱེས་ཏེ། ས་ཁུལ་ལྟེ་བ་ནས་མ་ལེ་དྲུག་བརྒྱ་ཙམ་ཡོད་པའི་ཞི་བདེ་རྒྱ་མཚོ་ཆེན་པོའི་ངོགས་བསྐྱོད་ཅིང་། མཆོ་གྲུ་དེ་ཉིད་རྒྱ་མཚོའི་གཏིང་རྡོ་ཆེན་པོ་ཞིག་གི་ངོས་སུ་རྟོད་ནས། རྡོ་བྲག་གི་གླིང་ཕྲན་ཆུང་ངུ་བཅུ་གསུམ་རིམ་པར་ཆགས་པ། ས་ལྒང་གི་སྐེད་ཐིག་ཏུ་གྲགས་པའི་མཚོ་གླིང་ངོ་མཚར་ཅན། དགའ་ལ་ཕ་དགོ་སི་ཞེས་པར་སླེབས་ནས་མྱུལ་ཞིབ་མཛད། ཁོང་གིས་མཚོ་གླིང་དེ་ཉིད་ཀྱི་འདབ་ཆགས་དང་། ལྟོ་འགྲོའི་རིགས། རི་དྭགས་གཅན་ཟན་སོགས་གླིང་ཕྲན་དེ་ལས་གཞན་དུ་གཟིགས་མ་མྱོང་བར་ངོ་མཚར་ཆེར་སྐྱེས་ཏེ། སྲོག་ལྡན་དེ་དག་ནི་གླིང་ཕྲན་དེ་ཉིད་ཀྱི་ཐུན་མོང་མ་ཡིན་པའི་ཁྱད་ཆོས་ཤིག་ཏུ་སྨྲ་ལ། དེ་དག་དང་ཆ་འདྲ་བའི་སྲོག་ལྡན་རིགས་ཀྱི་རྣམ་གྲངས་མང་བོ་ཞིག ཨ་རིའི་ལྷོ་རྒྱུད་ཀྱི་ས་ཁུལ་དག་ན་ཡོད་པར་བཤད་ཅིང་། དེ་ལས་ངོ་མཚར་ཆེ་བ་ཞིག་ལ། བཟོ་ལྟ་དང་རི་མོ་མི་འདྲ་བའི་རུལ་བལ་ཆེན་པོ་རྣམས་གྲུ་བ་དག་གིས་རྟ་ནང་བཞིན་ཞོན་རྒྱུ་ཡོད་པ་དང་། འདབ་ཆགས་ཤིག་ལ་རང་ཉིད་ཀྱི་མགྲིན་གླུ་མེད་ཀྱང་། འདམ་ཆགས་གཞན་གྱི་སྐད་གདངས་རིགས་སྣ་ཚོགས་ལད་ཟློས་བྱས་ནས་སྒྲོག་ཤེས་པ། རིགས་འདྲ་མོད་གནས་ཡུལ་མཚོ་གླིང་ལ་ལྟོས་བས་མདོག་་དབྱིབས་མི་མཚུངས་བ། གླིང་ཕྲན་རེ་རེ་ལ་ལྟོས་བས་དྲི་མ། སྐྱེ་ལུགས། ཁ་དོག་སོགས་མི་གཅིག་པའི་མེ་ཏོག་རིགས་སྣ་ཚོགས་པ། ཟ་འོག་གི་རི་མོ་ནང་བཞིན་གསལ་བོར་མཐོང་རྒྱུ་ཡོད་སྟབས། ས་གནས་ཀྱི་མི་སེར་དག་གིས་དངོས་བོ་དེ་དག་གླིང་ཕྲན་གང་དང་གང་ནས་བྱུང་བ་ཞིག་ཡིན་མིན་ངོས་འཛིན་གསལ་བོར་བྱེད་ཐུབ་པར་བཤད། ལྷག་པར་དུ་ཁ་དོག་སྨུག་སྐྱ་ཅན་གྱི་བྱེའུ་ཁྱུ་གཅིག་གིས། སྐུ་ཞབས་སྒྲར་བེན་ལ་དམིགས་བསལ་གྱི་ཐུགས་འགུལ་ཆེན་པོ་ཞིག་ཐེབས་འདུག་པ། བྱེའུ་དེ་དག་སྤྱིར་བཏང་གཟུགས་པོ་ཆུང་ངུ་ཁ་དོག་སྨུག་སྐྱ་ཡིན་པ་རྣམ་པ་ཀུན་ཏུ་གཅིག་མཚུངས་ཡིན་པ་ལ། དེ་དག་རེ་རེ་ལ་སྦོམ་ཕྲ་དང་། རྣོ་རྟུལ་མི་འདྲ་བའི་རྭ་མཆུ་ཡོད་པ། དེ་ལ་བརྟེན་ནས་རང་ཉིད་ཀྱི་ཁ་ཟས་རིགས་གང་ཞིག་བརྐོ་འཛིན་བྱེད་པའི་འཇོན་ནུས་མི་མཚུངས་ཚུལ་ཤེས་རྟོགས་བྱུང་ནས་ཟིན་བྲིས་དུའང༼གླིང་ཕྲན་སྡེབ་འདུས་ཀྱི་ས་ཁུལ་དེ་དག་ན་ཡོད་པའི་བྱེའུ་དེ་དག་ནི། རྩ་བའི་ཕ་མ་རིགས་གཅིག་འདུས་བ་ལས་རྒྱུད་པ་རིགས་མི་འདྲ་བར་སོ་སོར་མཆེད་པ་ཞིག་ཡིན་པའི་སྣང་ཚུལ་བྱུང༽ཞེས་བཤད་ཅིང་། ལྟ་ཚུལ་དེས་སྲོག་ལྡན་རིམ་བྱུང་གི་བསམ་བློའི་འབྱུང་ཁུངས་དེ་ནམ་ལངས་ཉི་ཤར་ལྟར་ཇེ་གསལ་དུ་སོང་བར་གྲགས། དགའ་ལ་ཕ་དགོ་གླིང་ཕྲན་དེ་མི་ལོ་ས་ཡ་ཁ་ཤས་ཀྱི་སྔ་རོལ་དུ་མཚོ་གཏིང་མེ་རི་མཆེད་ནས་ཆགས་པ་ཞིག་ཡིན་པ་དང་། གོང་གསལ་བྱེའུ་དེ་དག་གི་མེས་བོ་ཁ་ཤས་ཤིག ཨ་རིའི་ལྷོ་རྒྱུད་ཀྱི་ས་ཁུལ་ནས་རླུང་ཐན་ཞིག་གིས་དེད་མཐར། མཚོ་གླིང་དེར་སླེབས་ནས་རིགས་རྒྱུད་མི་འདྲ་བ་སྣ་ཚོགས་སུ་མཆེད་པ་ཞིག་རེད་ཅེས་བཤད་དོ།།
ཞི་བདེ་རྒྱ་མཚོའི་ངོགས་ཀྱི་བྱུ་རུའི་གླིང་ཕྲན།
མཚོ་གྲུ་བྷེ་དགོལ་དེ་བཞིན་ཞི་བདེ་རྒྱ་མཚོ་འཕྲེད་བཅད་ཀྱིས་ཁྲ་ཧེ་ཁྲེའི་ཞེས་པའི་ས་ཆར་འབྱོར་ཞིང་། ས་གནས་དེའི་མཛེས་ཤིང་ཡིད་དུ་འོང་བའི་ན་བུན་དང་། ཆུ་ཟིལ་འཐོར་ཞིང་མཉེན་ལྕུགས་རྒྱས་པའི་རྩི་ཤིང། ཁ་དོག་རྣམ་པར་བཀྲ་བའི་བའི་སྲོག་ཆགས། བཅོས་མིན་རང་གཤིས་ཀྱི་ཡུལ་མིའི་འཚོ་བ་དག་ལས། ཁོང་གི་ཐུགས་རྒྱུད་ན་བརྩེ་དུང་གི་བག་ཆགས་གཞོམ་གཞིག་བྲལ་བ་ཞིག་བཞག་ཡོད་པར་མངོན་ལ། དེ་ནས་མུ་མཐུད་ནིའུ་ཛ་ལན་སྒྲི་དང་། ཨོ་སི་གྲི་ལིའི་ཡ་གཉིས་ཀྱི་ཕྱོགས་སུ་བསྐྱོད་ཅིང་། ལུང་བ་དེ་དག་ཡུ་རོབ་ནས་ཡོང་བའི་གཞིས་ཆགས་དག་གིས་དབང་སྒྱུར་བྱེད་ཅིང་། ཡུལ་མི་རྣམས་ནི་རང་ཉིད་ཀྱི་ལུང་བའི་ནང་མི་སེར་གཉིས་པ་ཞིག་ཏུ་ཆགས་ཏེ། གཞན་གྱིས་བྲན་གཡོག་ཏུ་བཀོལ་སྤྱོད་བྱེད་བཞིན་པའི་འཚོ་བའི་ངང་ཚུལ་དེ་དག་གཟིགས་པས། སྒྲར་བེན་མཆོག་ཧ་ལས་ཧོན་འཐོར་སྐྲག་སྣང་ཆེན་པོ་ཞིག་ངང་གིས་སྐྱེས་ཤིང་། སའི་གོ་ལ་འདིའི་ནང་གི་སེམས་ཅན་རྣམས། སྟོབས་ཆེ་བ་དག་གིས་སྟོབས་ཆུང་ངུའི་རིགས་ལ་གཉའ་གནོན་དང་། བཙན་འཛུལ་བྱེད་པའི་ཆོས་ཉིད་ཀྱི་རང་བཞིན་ཞིབ་བརྟག་གསལ་བོར་ཤེས་རྟོགས་བྱུང་བར་བཤད། རྒྱ་གར་རྒྱ་མཚོ་ཆེན་པོའི་ནང་ཁོང་གིས་ད་དུང་མུ་མཐུད་དཔྱད་དངོས་མི་འདྲ་བ་བརྒྱ་ཕྲག་མང་བོ་བསྡུ་རུབ་མཛད་ནས། བྱུ་རུའི་གླིང་ཕྲན་ཆགས་ཚུལ་གྱི་སྐོར་ལ་བརྟག་ཞིབ་གནང་ཞིང་། ཁོང་གི་དུས་སུ་བྱུ་རུའི་གླིང་ཕྲན་དེ་བཞིན་མེ་རི་ཆུ་རྐུབ་ཏུ་ནུབ་པའི་གླིང་ཕྲན་གྱི་ཁ་ཁྱུད་སྟེང་སྐྱེ་བཞིན་ཡོད་པའི་ལྟ་ཚུལ་གཅིག་དང་། རྡོ་རིགས་ཕོར་དབྱིབས་ཅན་མཚོ་ངོས་ནས་གྱེན་དུ་འཕགས་པ་མང་བོ་ཚོགས་པ་ལས་བྱུ་རུ་སྐྱེ་འཕེལ་བྱེད་བཞིན་ཡོད་ཚུལ་འདོད་པ་སྟེ། བསམ་ཚུལ་མི་མཐུན་པ་གཉིས་ཤིག་ཡོད་པར་བཤད་ལ། སྒྲར་བེན་མཆོག་ནས་ཐབས་ཤེས་མཉམ་སྤྱད་དཔྱད་བསྡུར་ཞིབ་མོའི་ལུགས་སུ་བྱས་ནས་བཤད་པ་ལྟར་ན། བྱུ་རུ་ནི་བྲག་རིའི་ཕུང་བོ་བྱིངས་མཚོ་ནང་དུ་ནུབ་ཅིང་། རྩེ་མོ་ཕྱི་ལ་ཐོན་པའི་ཁུག་ཀྱོག་ན་འཁྱིལ་བའི་ཆུ་གཙང་སྲབ་མོ་དག་གི་ངོས་ཁོ་ནར་སྐྱེ་བ་ལས། ཆུ་གཏིང་ཟབ་མོའི་ནང་མི་སྐྱེ་བ་དང་། དེ་ཡང་བྲག་རི་ག་ལེར་མཚོ་ནང་དུ་མར་མར་ནུབ་འགྲོ་བའམ། ཡང་ན། མཚོ་རླབས་ཀྱིས་རྒྱུན་པར་བྲན་བཞིན་པའི་བྲག་ཁུག་དག་གི་ནང་རིམ་པར་ཆགས་ཏེ། ལོ་རབས་མང་བོར་བསགས་པ་ལས་སྐྱེ་འཕེལ་བྱུང་བའི་སྲ་མཁྲེགས་ཀྱི་རྡོ་རིགས་ཁྱད་པར་བ་ཞིག་ཡིན་པར་བཤད་དོ།།
ལེའུ་གཉིས་པ།
དབྱིན་ཡུལ་དུ་ཕྱིར་ལོག་པ།
སྤྱི་ལོ༡༨༣༦ལོ་ཟླ༡༠ཚེས༢ཉིན། མྱུལ་ཞིབ་མཚོ་གྲུ་མཉན་དཔོན་འཁོར་དང་བཅས་པ་བདེ་མཚམས་ངང་། ཨང་ལེན་གྱི་སྤེལ་མོ་ཐི་ཞེས་བར་ཕྱིར་འབྱོར་ཞིང་། སྒྲར་བེན་མཆོག་གིས་ལོ་བར་ཁ་ཤས་རིང་རིས་ཆར་སྒྲི་ཨོ་བེན་དུ་འབོད་པ། ཕྱིས་སུ་ཁོང་གི་ཁ་གཏད་གཙོ་བོའི་གྲས་སུ་ཆགས་པའི་རིག་སྨྲ་དེ་ཉིད་ཀྱིས་ཕྱག་རོགས་གནང་སྟེ། བསྡུ་རུབ་གསོག་ཉལ་བྱས་པའི་རྩི་ཤིང་དང་། སྲོག་ཆགས། རྡོ་རིགས། ས་གཏེར་སོགས་ཕྱོགས་སྒྲིག་ཐོ་བཀོད་དཀར་ཆགས་ཞིབ་གསལ་བྲིས། སྤྱི་ལོ༡༨༣༩ནང་ཁོང་གིས་རང་ཉིད་ཀྱི་ཚ་མོ་ཨེམ་མ་དང་མཉམ་པོར་གཉེན་སྒྲིག་མཛད། དེའི་ཕྱིར་ལོར་མཚན་བྱང་དུ༼མཚོ་གྲུ་བྷེ་དགོལ་བརྒྱུད་འཛམ་གླིང་ཕྱོགས་མཐར་མཚོ་འགྲུལ་སྐབས། ལུང་ཚན་དག་གི་ས་ཁམས་དང་། རང་བཞིན་ལོ་རྒྱུས་ལ་ཉམས་ཞིབ་བྱས་པ༽ཞེས་པའི་དཔེ་ཆ་བརྩམས་གྲུབ་པར་སྐྲུན་བྱས་པ། སྐབས་དེའི་དེབ་ཚོང་གི་འགྲོ་རྒྱུག་བཟང་ཤོས་ཤིག་་ཏུ་གྱུར་ཏེ། རྒྱལ་བོའི་དམིགས་བསལ་མཐུན་ཚོགས་དང་། ཚན་རིག་པ། རྩོམ་པ་པོ་བརྩི་བཀུར་ཆེ་ཤོས་ཀྱི་གྲས་སུ་ཚུད། ལོ་དེའི་ནང་ཞོལ་ཁང་ཞེས་པའི་ཁང་བ་གཞན་པ་ཞིག་ཏུ་གནས་སྤོས་ཤིང། ཁོང་རྟིང་རྒྱས་ཀྱི་རྒྱུད་དུ་རིགས་ཀྱི་མེ་ཏོག་བཅུ་འཁྲུངས་བ་ལས། སྲས་སིར་སྤི་རན་སིའི་སི་སྒྲར་བེན་ནི། རྩི་ཤིང་རིག་པའི་མཁས་པ་དང་། སིར་ལྗོར་ལྗིའི་སྒྲར་བེན་ནི་ཨང་རྩིས་རིག་པའི་མཁས་པ་ཞིག་ཏུ་གྱུར་ནས། སྟེང་ཞལ་སྐུ་འཁོར་ལྷན་རྒྱས་མི་ལོ་བཞི་བཅུ་ལྷག་གི་རིང་དེར་བཞུགས།
ཞོལ་ཁང་ནང་གི་ཕྱག་ལས།
སྤྱི་ལོ༡༨༤༠ནས་སྤྱི་ལོ༡༨༥༠བར་གྱི་དུས་ཡུན་ལོ་གྲངས་བཅུ་ལྷང་གི་རིང་། ཁོང་གིས་མུ་མཐུད་བརྟག་དཔྱད་ཉམས་ཞིབ་དང་། རྩོམ་ཡིག་སྤེལ་ནས་རང་ཉིད་ཐོག་མར་དགའ་མོས་ཡོད་པའི་ས་ཁམས་རིག་པའི་སྐྱེད་ཚལ་ཡངས་པོར་རེ་ཞིག་ཕྱིར་བསྐྱོད་གནང་ཞིང་། མཚོ་འགྲུལ་སྐབས་བྱུ་རུའི་དྭངས་ཆབ་འཁྱིལ་བའི་རྒྱ་གར་གྱི་བེ་ཏའི་གླིང་ཕྲན་མྱུལ་ཞིབ་མཛད་པས། གླིང་ཕྲན་དེའི་ཤིན་ཏུ་མཛེས་བརྗིད་ཆེ་བའི་རྡོ་དཀར་གྱི་བྲག་རིའི་བཟོ་བཀོད་རྣམས། རྒྱུ་རྐྱེན་ཇི་ལྟ་བུའི་འོག་སྐྱེ་འཕེལ་དང་གྲུབ་ཚུལ་བྱུང་སྐོར་ཐུགས་གཞིག་གནང་སྟེ། སྤྱི་ལོ༡༨༤༢ལོར་ཁ་བྱང་དུ༼བྱུ་རུའི་རི་ཚོགས་ཀྱི་བཟོ་བཀོད་དང་འགྲེམས་སྤེལ༽ཞེས་པའི་དཔེ་དེབ་དང་། དེ་ནས་ལོ་གཉིས་ཀྱི་རྗེས༼མེ་རིའི་གླིང་ཕྲན་ཐོག་གི་ས་ཁམས་རིག་པའི་བརྟག་དཔྱད༽ཅེས་པའི་དཔེ་ཆ། སླར་ཡང་ལོ་གཉིས་ཀྱི་མཇུག༼ལྷོ་ཨ་མེ་རི་ཁའི་ས་ཁམས་རིག་པའི་ཉམས་ཞིབ་༽ཏུ་འབོད་པའི་གཞུང་བཅས་རིམ་པར་བརྩམས། སྐབས་དེ་ཤེད་ནས་ཁོང་གི་སྐུ་གཟུགས་ཅུང་ཉམས་རྒུད་ལྟ་བུར་སོང་ཞིང་། ཉིན་རེར་ཆུ་ཚོད་བཞི་ལས་ཕྱག་ལས་གནང་ཐུབ་མི་འདུག་ལ། རྒྱུན་པར་གཟིམས་ཁང་མཐའ་འཁོར་གྱི་ལྡུམ་རྭའི་ནང་ཡང་ཡང་ཞབས་འཆག་གནང་བ་དང་། སྐབས་རེར་འདྲེན་འཁོར་ཡང་ཞོན་ནས་ཕེབས་བཞིན་ཡོད་པར་བཤད། གང་ལྟར་ཡང་། ཁོང་གི་སྙུན་གཞི་དེ་ཅི་ཡིན་འགངས་ནས་ཤེས་རྟོགས་མ་ཐུབ་པར་སྣང་ལ། ཁོང་མཚོ་འགྲུལ་བརྒྱུད་འཛམ་གླིང་གི་མཚོ་གླིང་དང་ས་ཁུལ་མང་བོར་རྒྱུན་རིང་ཕེབས་རྐྱེན། གྲང་བའི་ནད་གཞི་ཞིག་གིས་ཟིན་པ་ཨེ་ཡིན་ཞེས་ཚོད་སྒམ་བྱས་ཡོད་ཚུལ་ཞིག་གོ་ཐོས་བྱུང་ངོ་།།
ལེའུ་གསུམ་པ།
འཁྱུགས་ཙམ་གྱིས་རྙེད་པའི་ཤེས་རྟོགས་ཅིག
སྐུ་ཞབས་སྒྲར་བེན་མཆོག་ནས་རང་གི་གཟུགས་གཞི་བདེ་ཐང་ཡོད་མེད་ལ་མ་ལྟོས་པར། བརྩོན་པ་ཆུ་བོའི་རྒྱུན་བཞིན་བརྟེན་ནས་འཇིག་རྟེན་རིམ་འབྱུང་གི་བསམ་བློའི་ཐོག་ཉམས་ཞིབ་མུ་མཐུད་གནང་སྟེ། དོན་དངོས་ཐོག་དངོས་རིགས་འདི་དག་སུ་ཞིག་གིས་སྤྲུལ་སྒྱུར་བཟོ་སྐྲུན་བྱས་པ་ཞིག་དང་། འགྱུར་མེད་སྲ་བརྟན་ཞིག་མིན་པའི་ཚུལ་ལ་གོ་བ་དང་ངེས་ཤེས་ཆེ་རུ་ཕྱིན་ནས། སྤྱི་ལོ༡༨༤༢ལོའི་ནང་ཁོང་གིས་རང་ཉིད་ཀྱི་དཔྱད་པའི་མཐོང་སྣང་ཐུང་ངུ་ཞིག་རྩོམ་བྲིས་མཛད་མོད། དེ་ཉིད་ཧ་ཅིང་བསྡུས་དྲགས་བརྗོད་བྱ་ཞིབ་གསལ་ངོ་སྤྲོད་འདུམ་དཀའ་ཚུལ་ལ་དགོངས་ནས། རྒྱུ་མཚན་དང་ཁུངས་ལུང་ཚད་ལྡན་རིགས་བདམ་གསེས་ཐོག རང་གིས་བསྡུ་རུབ་མཛད་པའི་དཔྱད་གཞིའི་དངོས་རིགས་ཀྱི་བདེན་དཔང་དང་། དེ་ལ་རང་ཉིད་ཀྱིས་དཔྱད་པ་ཞིབ་མོའི་ལུགས་སུ་བཏང་བའི་ཉམས་མྱོང་རྣམས་ལྟོ་སྦྱར་ཏེ། རིམ་འབྱུང་རིག་པའི་རྣམ་བཤད་ཀྱི་གཞུང་ལུགས་ཆེན་པོ་ཞིག་བརྩམ་རྒྱུའི་ཐུགས་ཐག་བཅད་པས་མ་ཚད། ཕུན་རོན་སོགས་འདབ་ཆགས་ཉར་མཁན་རྣམས་ལ། བྱ་རིགས་འདེམས་གསེས་མཉམ་འབྲེལ་གྱིས་ཕུན་རོན་གསར་བའི་རིགས་བཟོ་སྐྲུན་བྱེད་ཕྱོགས་བཀའ་མོལ་བྱས་པ། དེང་སང་བཅོས་མ་འདེམས་སྒྲིག་གིས་སྲོག་ཆགས་སོགས་དངོས་རིགས་གསར་བ་བཟོ་སྐྲུན་བྱེད་སྟངས་ཤིག་ཡོད་ཚུལ་གོ་ཐོས་བྱུང་བ་དེ་ག་ཡིན་པར་མངོན། དེ་ལྟར་ནའང་། ཇི་ལྟར་བྱས་ཏེ་རང་བཞིན་ཉིད་ཀྱིས་བྱ་དངོས་རྣམས་འགྱུར་འགྲོས་དང་། ཤུགས་རྐྱེན་ཅི་ཞིག་ལ་བརྟེན་ནས་དེ་དག་དུས་ཚོད་དང་མཉམ་པོར་འགྱུར་ལྡོག་བྱེད་བཞིན་ཡོད་དམ། ཉི་མ་ཞིག་ལ། སྐུ་ཞབས་སྒྲར་བེན་མཆོག་འདྲེན་འཁོར་ནང་། མེ་ཏོག་ལྡུམ་རྭར་སྤྲོ་འཆམ་གནང་བཞིན་པའི་སྐབས། གློ་བུར་དུ་ཁོང་གི་ཐུགས་ལ་རང་བྱུང་ཁམས་ཀྱིས་འདེམས་སྒྲིག་གི་སྣང་ཤེས་ཤིག་འཁྲུངས་ནས། དེ་དག་ནི་བཅོས་མ་འདེམས་སྒྲིག་གི་བཟོ་སྐྲུན་དང་འདྲ་བར། རང་བྱུང་ཁམས་རང་ཉིད་ཀྱིས་བདམས་གསེས་བྱས་པ་ཞིག་ཡིན་པར་ངེས་ཤེས་སྐྱེས་འདུག་གོ།
ལེའུ་བཞི་བ།
དམ་པའི་གསུང་རབ་ལྐོག་གསོད།
ལོ་བར་མང་བོ་ཞིག་གི་རིང་སྒྲར་བེན་མཆོག་གིས་སྲོག་ལྡན་གྱི་རིགས་དང་། རྩི་ཤིང་སོགས་རང་བྱུང་ཁམས་ཀྱིས་འདེམས་སྒྲིག་བྱས་པ་ཞིག་ལས། དཀོན་ཅོག་གིས་བཀོད་པའམ་སྤྲུལ་བ་ཞིག་མ་ཡིན་པའི་གནས་ལུགས་གསལ་བོར་ཤེས་རྟོགས་ཡིད་ཆེས་རྙེད་སོན་བྱུང་འདུག་མོད། ཚན་རིག་པ་མང་བོ་ཐེ་བས་མི་མང་རྣམས་ཀྱིས་ཡུ་ཤིའི་ཆོས་གཞུང་ནས་བཤད་པའི་ཚིག་དོན་ཐད་བདེན་དངོས་ཀྱི་ཡིད་ཆེས་ཤུགས་ཆེ་བྱེད་བཞིན་ཡོད་སྟབས། ཁོང་རང་ཉིད་ཀྱི་རིམ་བྱུང་གི་ལྟ་ཚུལ་རྣམས་པར་སྐྲུན་གནང་འདུན་དེ་ཙམ་མེད་པ་ལྟ་བུར་སྣང་ལ། སྤྱི་ལོ༡༨༤༤ལོར་ཁོང་གིས་རང་ཉིད་ཀྱི་ཐུགས་ཐག་ཉེ་བའི་གྲོགས་པོ། རྒྱལ་བོའི་སྐྱེད་ཚལ་གྱི་རྩི་ཤིང་རིག་པའི་སྤྱི་ཁྱབ་པ། ཉེ་སྔོན་རྒྱ་གར་སོགས་ཧི་མ་ལ་ཡའི་རི་རྒྱུད་ཁག་ཏུ་མྱུལ་ཞིབ་ཀྱིས་དཔྱད་གཞིའི་རྣམ་གྲངས་གཏོས་ཆེན་ཞིག་དབྱིན་ཡུལ་དུ་འཁྱེར་ཡོང་མཁན། ལྗོན་སི་སྤིས་ཧོས་ཁུར་མཆོག་ལ་ཕྱག་བྲིས་སྤྲིངས་ཏེ། ༼ང་ལ་དངོས་རིགས་རྣམས་མི་འགྱུར་བའི་རང་བཞིན་ཞིག་མ་ཡིན་པའི་གདེངས་ཚོད་ཕལ་ཆེར་བརྒྱ་ཆ་བརྒྱར་ཡོད༽ཅེས་གསུངས་ཤིང་། ཁོང་ལས་དུས་རབས་གཉིས་ཀྱིས་སྔོན་དུ་བྱུང་བའི་ཨི་གྲ་ལའི་གནའ་བོའི་ཚད་རིག་པ་ཆེན་མོ། སྐུ་ཞབས་དགའ་ལེ་ལོ་དང་འདྲ་བར་གལ་སྲིད་གནས་ཚུལ་དེ་དག་ཕྱི་ལ་ཁྱབ་བསྒྲགས་བྱས་པ་ཡིན་ན། དམ་པའི་གསུང་རབ་ལ་མ་དད་ཁ་ཐད་བྱས་རབས་ཀྱི་སྐྱོན་བརྗོད་དང་། ངོ་རྒོལ་གྱི་རླུང་ཚུབ་ཆེན་པོ་ཞིག་ལང་རྒྱུ་ཡིན་པ་ཁོང་གིས་གསལ་བོར་མཁྱེན་རྟོགས་ཡོད་པར་མངོན། ཁོང་གིས་རྩིས་དང་དཔལ་འབྱོར་གྱི་རིག་པར་མཁས་པའི་དགེ་འདུན་པ། ཐོ་མ་སི་མོལ་ཐ་སི་འབོད་པས་བརྩམས་པའི་དཔེ་དེབ་ཁ་བྱང་དུ༼མི་འབོར་གྱི་གཞི་རྩར་ཚོད་སྒམ་བྱས་པའི་བརྟག་དཔྱད་ཅིག༽(༡༧༩༨བརྩམས )ཞེས་པའི་དཔེ་ཆར་གཟིགས་རྟོགས་མཛད་པས། སེམས་ལ་ཤུགས་རྐྱེན་ཆེན་པོ་ཞིག་ཐེབས་འདུག་ལ། དཔེ་ཆ་དེའི་ནང་འགྲོ་བ་མིའི་གྲངས་འབོར་དུས་ནམ་ཡང་ཡར་བསྐྱེད་འགྲོ་མི་ཐུབ་པ་དང་། ཉིན་གཅིག་ང་ཚོ་ཚང་མར་ཁ་ཟས་ཀྱི་དཀའ་ངལ་ཆེན་པོ་འབྱུང་ཞིང་། རང་ཉིད་གསོན་འདོད་ཀྱི་ཆེད་གནས་ཡུལ་དང་དངོས་བོ་འདྲ་མིན་ལ་བརྟེན་ནས་འཚོ་ལ། དེ་ཙ་ན་གསོན་གནས་ཀྱི་ཆེད་འཐབ་རྩོད་རྒྱུན་མར་འོང་བ་དང་། སྟོབས་དང་ནུས་པ་ཆེ་ཤོས་རིགས་ཁོ་ན་ཤུལ་དུ་འཚོ་ངེས་ཞེས་བཤད་ཅིང་། ད་དུང་ཁོང་གིས་མིའི་གྲངས་འབོར་བྲི་རྐྱེན་དམག་འཁྲུགས་དང་། མུ་གེ ནད་རིགས་བཅས་གཙོ་བོའི་བདུད་རིགས་གསུམ་ཡིན་ཞེས་བཤད་ཅིང་། སྒྲར་བེན་གྱིས་ལྟ་ཚུལ་དེ་འཛམ་གླིང་ནང་སྲོག་ལྡན་རིགས་དང་། རྩི་ཤིང་སོགས་ཀྱི་སྟེང་རིགས་བསྒྲིལ་ནས་གསུངས་སོ།།
ལེའུ་ལྔ་བ།
དཔེ་དེབ་ལས་འཛམ་གླིང་འགུལ་སྐྱོད།
སྐུ་ཞབས་སྒྲར་བེན་མཆོག་རིམ་འབྱུང་གི་རིགས་པའི་ཐོག ཧ་ཅང་ཐུགས་འདོད་ཆེ་ཚུལ་གོ་ཐོས་ཤེས་ཚོར་ཡོད་པའི་རང་བྱུང་ཁམས་རིག་སྨྲ་བ། ཨ་སྤི་རིའི་བོལ་ལ་སི་མཆོག་གིས་རང་རྩོམ་རིམ་འབྱུང་རྣམ་བཤད་གནད་བསྡུས་ཁ་བྱང་དུ༼འབྱུང་རྩ་ལས་ངེས་མེད་སྣ་ཚོགས་སུ་མཆེད་པའི་དངོས་རིགས༽ཞེས་འབོད་པ་ཕྱག་ཡིག་བཅས་བཏང་བ། སྤྱི་ལོ་༡༨༥༨ཟླ༧ནང་ཁོང་གི་ཕྱག་སོར་འབྱོར་ནས་ཞིབ་གཟིགས་མཛད་པས། རང་ཉིད་ཀྱིས་འདས་པའི་མི་ལོ་ཉི་ཤུ་ལྷག་གི་དུས་ཡུན་ནང་། དཀའ་སྤྱད་འབད་བརྩོན་ཆེན་པོས་བསྒྲུབས་པའི་རིམ་འབྱུང་གི་ལྟ་ཚུལ་རྣམས། སྐུ་ཞབས་བོལ་ལ་སི་མཆོག་གིས་གྲ་གཙང་སྒྲོས་དག་ངང་འགྲེལ་བརྗོད་གནང་ཟིན་པ་གཟིགས་ཏེ། ངོ་མཚར་ཆེན་པོ་སྐྱེས་ནས་གུས་བརྩི་མཛད་ཅིང་། རང་གི་ཟླ་གྲོགས་ཚན་རིག་པ་ལིའི་ཡིལ་མཆོག་དང་། ཧོས་ཁུར་རྣམ་གཉིས་ནས་ཁོང་དང་བོལ་ལ་སི་རྣམ་གཉིས། ཚན་རིག་གི་ཚོགས་འདུ་ཞིག་ཏུ་འདུ་མཛོམས་ཐུབ་པ་ཡིན་ན། དགེ་མཚན་ཆེ་སྐོར་བཀའ་མོལ་རེ་བསྐུལ་ཞུས་པ་ལྟར། སྤྱི་ལོ༡༨༥༨ཟླ༧ནང་ལོན་གྲོན་གྱི་ལེ་ནིའི་ཨན་མཐུན་ཚོགས་སུ་ཚོགས་འདུ་ཞིག་སྐོང་ཚོགས་གནང་ཞིང་། ཚོགས་འདུའི་ཐོག་ཚན་རིག་པ་བོལ་ལ་སི་མཆོག་གིས། སྒྲར་བེན་ལ་ཁོང་རྣམ་གཉིས་ཀྱི་རིམ་འབྱུང་ལྟ་བའི་བསམ་བློའི་མཐུད་མཚམས་སྟེང་། བདེན་དཔང་གི་ཆ་རྐྱེན་ལྷག་པར་ཡང་མང་བོ་ཡོད་པར་མོས་མཐུན་གྱིས་མུ་མཐུད་ལྟ་ཚུལ་དང་། བསམ་འཆར་བརྗེ་རེས་བྱ་འོས་གསུངས་པར་སྒྲར་བེན་ནས་ཀྱང་དེ་མཐུན་ངོས་ལེན་ལེགས་གསོལ་ཞུས་ཤིང་། སྤྱི་ལོ༡༨༥༩ཟླ༩ཚེས༢༤ཉིན། ཁོང་གིས་རླབས་ཆེན་གྱི་རིམ་འབྱུང་རྣམ་བཤད་ཆེན་མོ་མཚན་བྱང་དུ༼སྐྱེ་ཁམས་ཀྱི་འབྱུང་རྩ༽ཞེས་པའི་དཔེ་དེབ་སྙན་གྲགས་ཅན་དེ་བརྩམས་གྲུབ་དཔར་བསྐྲུན་བྱས་འདུག
༼སྐྱེ་ཁམས་འབྱུང་རྩར༽ཚུར་ཟློག
སྒྲར་བེན་གྱི་དཔེ་ཆ་པར་སྐྲུན་བྱེད་པོ་ལྗོན་མོ་རིའི་མཆོག་གིས་དེབ་དེ་པར་སྐྲུན་མ་བྱས་པའི་སྔོན་དུ་ཞིབ་ཀློག་བྱས་རྗེས། རྣམ་བཤད་དེ་ཉིད་ཀྱི་ཐོག་ཟིང་འཁྲུག་ཆེན་པོ་ཞིག་ཡོང་ངེས་ཡིན་པ་ཚོད་གིས་ཐུག་སྟེ། དེབ་གྲངས་གཅིག་སྟོང་ཉིས་བརྒྱ་ལྔ་བཅུ་ལས་པར་སྐྲུན་བྱ་མ་སྤོབས་ཤིང་། དཔེ་ཆ་དེ་དག་བཙོང་ཐེངས་གཅིག་གི་ནང་ཕལ་ཆེར་རྫོགས་ཟིན་པས། འདོན་ཐེངས་གཉིས་པ་ཡང་བསྐྱར་པར་སྐྲུན་བྱས་འདུག དེ་ནས་རིང་བོར་མ་ལོན་པར་སྒྲར་བེན་རང་ཉིད་ཀྱི་ལས་རོགས་ཟུར་བ་རང་བྱུང་ཁམས་རིག་པ་སྙན་གྲགས་ཅན། སྤེས་ལིབ་དགོ་སེ་དང་། ཐོག་མར་དཀར་ཆག་སྒྲིག་རོགས་ཞུ་མཁན་རིས་ཆར་སྒྲི་ཨོ་བིན། རང་ཉིད་གང་ནས་ཐུགས་སྦྱོང་གནང་ཡུལ་ཁམ་བྷི་རེ་རྗེའི་གཙུག་ལག་སློབ་ཆེན་གྱི་སློབ་སྤྱི་ཆེན་མོ་ཨ་སྒྲམ་སེ་དགུ་བེ་ཁུ་སོགས། ཡུ་རོབ་ཕྱོགས་ཀྱི་ཚན་རིག་པ་དང་མི་ཚོགས་མང་བོས་ཕྲེང་བསྒྲིགས་ནས། དམ་པའི་གསུང་རབ་ཀྱི་བདེན་དོན་ངོས་ལེན་མི་བྱེད་པའི་ཉེས་ཅན་ཞེས། ཁོང་བར་ཁ་ཐད་ངོ་རྒོལ་གྱི་སུན་འབྱིན་ཤུགས་དྲག་བྱས་པ་དང་། དེ་བཞིན་བྱང་ཨ་རིའི་སློབ་ཆེན་སྙན་གྲགས་ཅན་ཧ་ཝར་སྒྲིའི་སློབ་སྤྱི་ཆེན་མོ། ལོ་ཡེ་ཟི་ཨ་དགའ་སིའི་ཟི་ཞབས་འབྲིང་དང་བཅས་པས་ངོ་རྒོལ་ཤུགས་ཆེ་བྱས་པ་སོགས། ཉེན་ཁ་ཧ་ཅིང་ཆེ་བའི་གནས་སུ་ཆགས་འདུག་སྟེ། ཡུ་ཤིའི་དགེ་འདུན་པ་ཞིག་གིས། ཁ་ཁུམ་སིམ་ཞིང་ཞི་འཇམ་གྱི་ངང་ཚུལ་ལྡན་པའི་སྒྲར་བེན་ནི། དབྱིན་ཇི་ལུང་བའི་མི་ཉེན་ཁ་ཆེ་ཤོས་སུ་ཆགས་འདུག་ཅེས་བཤད་དོ།། དེ་ལྟ་མོད་ཀྱི་ཕྱོགས་གཞན་ཞིག་ནས་སྒྲར་བེན་མཆོག་གི་ཚན་རིག་གི་བསམ་བློའི་ལྟ་བ་ནི། རིན་ཐང་ཆེ་ལ་བདེན་དཔང་གི་རྒྱབ་རྟེན་ཆེན་པོ་ཡོད་པ་ཞིག་ཏུ་གདེངས་འཇོག་མཛད་དེ། ཚེ་སྲོག་རིག་པའི་མཁས་པ་ཐོ་མ་སི་ལོག་སི་ལིའི་དང་། ཧོས་ཁུར། ལིས་ཡེལ་གསུམ་གྱིས་ཨང་ལན་ནང་ཁོང་བར་རྣམ་པ་ཀུན་ཏུ་སྲུང་སྐྱོབ་བྱས་པ་དང་། ཨ་རིའི་སློབ་ཆེན་ཧ་ཝར་སྒྲིའི་རྩི་ཤིང་སྡེ་ཚན་གྱི་སློབ་སྤྱི། ཨ་ས་དགུ་རེ་འཁོར་བཅས་ཀྱིས་བྱང་ཨ་རིའི་ཕྱོགས་ནས་དེ་དག་ལ་རྒྱབ་སྐྱོར་བྱས་འདུག་ལ། སྒྲར་བེན་རང་ཉིད་ཞོལ་ཁང་གཟིགས་ཤག་ཏུ་རྩོད་པའི་ཆ་ཤས་ཅུང་ཟད་རེ་ཉམས་སུ་བཞེས་ནས་བཞུགས་ཡོད་པར་མངོན་ནོ།།
དངོས་རིགས་འབྱུང་རྩའི་དཔེ་གཞུང་གི་བརྗོད་སྙིང་།
རང་བཞིན་འདེམས་སྒྲིག་གམ། དངོས་པོ་རྣམས་ཀྱིས་རང་རང་མུ་མཐུད་འཚོ་གནས་ཀྱི་དོན་དུ་འཐབ་རྩོད་ཇི་ལྟར་བྱེད་བཞིན་ཡོད་མེད་ཀྱི་སྐོར་དེ་ནི། དཔེ་གཞུང་དེའི་བརྗོད་སྙིང་ཡིན་ལ། ལར་ནས་དཔེ་ཆ་དེ་ཧ་ཅང་ཡིག་ཚོགས་རྒྱས་པོ་ཞིན་ཡིན་མོད་ཀྱི། ལྟ་ཀློག་གི་རིན་ཐང་ཆེན་པོ་ཡོད་པ་ཞིག་ཡིན་། དེ་ཡང་དཔེ་ཆ་དེའི་དབུ་ནས་རྟ་དང་། ཕུན་རོན། ལྡུམ་རྭའི་ནང་གི་མེ་ཏོག་སོགས། མི་ལ་འདྲིས་སུ་འཇུག་པའམ། མིས་རང་བཞིན་འདེམས་སྒྲིག་གི་བཅོས་ཐབས་ལ་བརྟེན་ཏེ་རྟ་ལུག་སོགས་དངོས་རིགས་གསར་བ་བསྐྲུན་སྟངས་དང་། དེ་དག་གི་ཕྱི་རྣམ་རང་བཞིན་གྱིས་འབྱུང་ཚུལ། དངོས་རིགས་འདྲ་མཚུངས་ཁྱད་པར་འབྱེད་དཀའ་རིགས་ལ་མིང་འདོགས་ཇི་ལྟར་བྱེད་པ། སྲོག་ལྡན་རིགས་ཀྱི་ཕ་མ་དག་གི་རྣམ་པ་ཕལ་ཆེར་ཞིག་འདྲ་མཚུངས་ཡིན་མོད། ཕྲན་བུ་མི་འདྲ་བའི་ཁྱད་པར་ལས། རང་ཉིད་འཚོ་ཐབས་ཀྱི་གོ་སྐབས་བཟང་དུ་འགྲོ་བཞིན་པའི་ཚུལ་དང་། ལེའུ་དྲུག་པ་བདུན་པར་རྩོམ་པ་པོ་རངཉིད་ཀྱིས་རང་གི་ལྟ་ཚུལ་ལ་དྭོགས་སེལ་དང་དགག་སྒྲུབ་བྱེད་པ། ལེའུ་བརྒྱད་སོགས་ནས་འབུ་སྲིན་ཕྲ་མོ་དང་། ས་གཏེར་སོགས་དངོས་རིགས་ཀྱི་འཛམ་གླིང་རྒྱས་བཤད་མཛད་པ་བཅས། མདོར་ན། ཁོང་གིས་སྲོག་ཆགས་ཙི་ཙི་ནས་གླང་ཆེན་གྱི་བར་དང་། སྲོག་མེད་རྩ་ལྡུམ་ཕྲ་མོ་ནས་རགས་པའི་བར་བདེན་དཔང་བཅས་འགྲེལ་བཤད་ཞིབ་མོའི་ལུགས་སུ་གནང་ཡོད་པ་ཞིག་རེད། འོན་ཀྱང་ཁོང་གིས་དངོས་རིགས་རྣམས་ཇི་ལྟར་བྱས་ནས་བྱུང་བའི་སྐོར་ཙམ་ལས། དེ་དག་གང་ཞིག་གི་འབྱུང་རྩ་དངོས་ཀྱི་རྒྱུ་མཚན་ནམ་ཡང་འགྲེལ་བརྗོད་གནང་མེད་པར་གྲགས་སོ།།
རང་བཞིན་འདེམས་སྒྲིག་གིས་རིམ་འབྱུང་།
རིམ་འབྱུང་ཞེས་པའི་ནང་དོན་དངོས་ནི་འགྱུར་ལྡོག་ཡིན་ལ། དེ་ཡང་སེམས་ལྡན་དང་སེམས་མེད་ཀྱི་བེམ་པོའི་རིགས་གཉིས་ཆ། དུས་ཀྱི་རྒྱུ་བ་དང་མཉམ་དུ་འགྱུར་འགྲོས་བྱེད་པ་དེ་ཡིན་ཞིང་། སྒྲར་བེན་ནས་གནས་ལུགས་འདི་ནི་རང་བྱུང་ཁམས་རང་ཉིད་ཀྱིས་འདེམས་སྒྲིག་བྱས་པ་ཞིག་ཡིན་པར་འདོད། རིམ་འབྱུང་གི་རིགས་པའམ་ལྟ་བ་དངོས་ནི་གཤམ་གསལ་དོན་ཚན་བདུན་གྱི་ཐོག་ནས་འཆད་དེ། དང་བོ། རིགས་རྒྱུད་སླར་སྤེལ། ཕ་མ་དག་ལ་རང་ཉིད་དང་གཤིས་སྤྱོད་འདྲ་ལ། རྣམ་པ་མཚུངས་པའི་རིགས་རྒྱུད་ན་གཞོན་ཡོད་པ་སྟག་ལ་སྟག་ཕྲུག་དང་། སེང་གེ་ལ་སེང་ཕྲུག་ཡོད་པ་ལྟ་བུ། གཉིས་པ། ན་གཞོན་མངས་དྲགས་པ། རིགས་རྒྱུད་གཞོན་པ་ཡོད་ཚད་འཚོ་མི་ཐུབ་ལ། གལ་སྲིད་འཚོ་ཐུབ་པའི་དབང་དུ་བྱས་ན། ལོ་བར་བདུན་བརྒྱ་ལྔ་བཅུ་ཐམ་པའི་རིང་། གླང་ཆེན་ཆ་གཅིག་ལ་རིགས་རྒྱུད་ས་ཡ་བཅུ་དགུ་ཡོད་ཐུབ་པར་རྩིས་བསྡོམས། གསུམ་པ། འཕོ་འགྱུར། མཐའ་གཅིག་ཏུ་རིགས་རྒྱུད་ཚང་མ་གཅིག་མཚུངས་མ་ཡིན་པར། ཆ་ཤས་ཕྲ་མོའི་ཆ་ནས་ཆེ་ཆུང་དང་། རིང་ཐུང་། ཁ་དོག དབྱིབས་གཟུགས་བཅས་མི་རབས་རེ་རེ་བཞིན་འགྱུར་ལྡོག་བྱེད་པ། བཞི་པ། རང་བཞིན་འདེམས་སྒྲིག སྐྱེ་ལྡན་ནི་ཟས་ཀྱི་དོན་དུ་འབད་བརྩོན་བྱེད་མཁན་གནས་ཡུལ་སྣ་ཚོགས་ལ་བརྟེན་པ། དབྱིབས་གཟུགས་ཀྱི་ཁྱད་པར་ཁ་ཤས་ཀྱིས་རང་གི་ཧུར་བརྩོན་གྱི་འཚོ་ཐབས་ལ་རམ་འདེགས་བྱེད་པ་ཞིག་སྟེ། མཆེ་བ་རྣོན་པོས་དངོས་པོ་གང་ཞིག་འཛིན་བཟུང་དང་། ས་བོན་མང་བོས་མེ་ཏོག་ཡར་བསྐྱེད་བྱེད་པ་ལ་ཕན་ཐོགས་ཡོད་པ་ལྟ་བུ། ལྔ་བ། ཐོབ་སྐལ། གལ་ཏེ་རང་ཉིད་ཀྱི་ཕ་མེས་ལ་གཟུགས་བཟང་བྱད་ལེགས་ལྟ་བུའི་ཁྱད་ཆོས་ཤིག་ཡོད་ན། ཁྱད་པར་དེ་རང་གི་རིགས་རྒྱུད་སྲོག་ལྡན་དང་རྩི་ཤིང་གི་རིགས་སོགས་ལའང་། རང་གི་ཕ་མེས་ལས་བྱུང་བའི་ཐོབ་སྐལ་ལྟ་བུར་ཡོད་ལ། དེ་ཉིད་ཀྱིས་དེ་དག་ལེགས་པར་འཚོ་གནས་ཐུབ་པ་དང་། རིགས་རྒྱུད་མང་བོ་སྤེལ་བར་རོགས་ཕན་བྱེད་ཀྱི་ཡོད་པ་ལྟ་བུ། དྲུག་པ། རིམ་འབྱུང་། དུས་ཚོད་རྒྱུན་རིང་བོ་ཞིག་དང་། རྒྱུད་རབས་མང་བོ་ཞིག་བརྒྱུད་ནས་རིམ་པར་འཕོ་འགྱུར་གྱིས་རང་རང་གི་བཟོ་དབྱིབས་སམ། རྣམ་པ་ལ་ཡར་བསྐྱེད་བྱུང་བ་དཀྱུས་མའི་དངོས་རིགས་ཀྱི་རང་བཞིན་དུ་ཆགས་ཤིང་འཚོ་བ། བདུན་པ། དངོས་རིགས་འབྱུང་རྩ། དངོས་རིགས་གང་ཞིག་རང་ཉིད་གནས་ཡུལ་གྱི་འཁོར་ཡུག་དང་འཚམས་པོ་ཡོད་པ། འཁོར་ཡུག་ལ་འགྱུར་ལྡོག་བྱུང་ཡང་རང་ཉིད་གཏན་མེད་དུ་མ་སོང་བར་རིམ་པར་བྱུང་བ་བཅས་དོན་ཚན་བདུན་དུ་བསྡུས་ནས་བཤད་དོ།།
ལེའུ་དྲུག་པ།
ངོས་ལེན་ཆེད་འཐབ་རྩོད།
༼དངོས་རིགས་འབྱུང་རྩའི༽གཞུང་དོན་ངོས་ལེན་བྱས་ན། འཇིག་རྟེན་དཀོན་མཆོག་གིས་བཀོད་པར་སྨྲ་བའི་དམ་པའི་གསུང་རབ་ཏུ་གྲགས་པའི་ཆོས་གཞུང་གི་བསྟན་དོན་རྫུན་མར་ཆགས་འགྲོ་སྟབས། སྒྲར་བེན་ཉིད་ཀྱི་ནང་མི་ཐེ་བས་མི་ཚོགས་མང་བོར་ཧ་ལས་ཧོན་འཐོར་ཁོང་ཁྲོ་ཆེན་པོ་ཞིག་སྐྱེས་ཡོད་པར་མངོན། གང་ལྟར་ཡང་། ག་ལེར་བྱས་ནས་རང་བྱུང་ཁམས་རང་ཉིད་ཀྱིས་འདེམས་སྒྲིག་བྱས་པའི་རིམ་འབྱུང་གི་ལྟ་བའི་རྣམ་བཞག་ལ་ཡར་བསྐྱེད་བྱུང་སྟེ། ཚན་རིག་པ་ཕལ་མོ་ཆེས་སྒྲར་བེན་མཆོག་བདེན་པ་ཡིན་པར་ངོས་འཛིན་ཤེས་རྟོགས་བྱུང་འདུག ཁོང་གིས་དཔེ་ཆ་དེ་བརྩམས་ཚར་རྗེས་བགྲེལ་ཡོལ་མ་གནང་བར་མུ་མཐུད་ཉམས་ཞིབ་མཛད་ཅིང་། སྤྱི་ལོ༡༨༧༡ལོར༼མི་དང་འདེམས་སྒྲིག་གི་འབྲེལ་ལམ་ནང་གི་ཕོ་མོའི་ཁྱད་ཉམས༽ཞེས་པའི་དཔེ་ཆ་པར་བསྐྲུན་བྱས་ནས། འགྲོ་བ་མིའི་རིགས་སུ་གྱུར་བ་རྣམས་དམིགས་བསལ་བཞེངས་སྐྲུན་བྱས་པ་ཞིག་མ་ཡིན་པར། སེམས་ཅན་གཞན་དང་འདྲ་བར་རིམ་པར་བྱུང་བ་ཞིག་ཡིན་པ་དང་། དེ་དག་གི་མེས་པོ་གོང་མ་རྣམས་ལོ་རྒྱུས་ཀྱི་མ་བཀོད་ཡར་སྔོན་གྱི་རྒྱངས་ཐག་རིང་བོ་ཞིག་ནས། ཚེ་སྲོག་གི་སྐུད་པ་ཕྲ་མོ་ཞིག་བརྒྱུད་དེ་བྱུང་བ་ཡིན་ཚུལ། རང་ཉིད་ཀྱི་ཨ་མྱེ་ཨ་ར་སི་མ་སི་མཆོག་གི་གསུང་ལྟར་བྲིས་པ་ཞིག་ཡིན་པར་བཤད་དོ།།
ཕོ་མོའི་འདེམས་སྒྲིག
རང་བྱུང་འདེམས་སྒྲིག་གི་ལྟ་ཚུལ་ལྟར་ན། སྲོག་ལྡན་རིགས་ཚང་མར་རང་ཉིད་འཚོ་གནས་ཀྱི་ཆེད། ཆེ་ཆུང་དང་། དབྱིབས། ཁ་དོག དབང་བོ། གཤིས་སྤྱོད་སོགས་ཡོད་པར་བཤད་ཅིང་། ཁ་ཤས་ཤིག་དེ་དག་ལ་བརྟེན་ནས་རང་ཉིད་འཚོ་བར་ཕན་ཐོགས་པ་ལས། གནོད་གཞི་ཅན་དུ་འགྱུར་བའང་ཡོད་དེ། དཔེར་ན། རྨ་བྱ་དག་ལ་བཀྲག་མདང་རྒྱས་པའི་སྒྲོ་གཤོག་རིང་བོ་ཡོད་སྟབས། གཞན་གྱིས་འཛིན་བཟུང་བྱེད་པའི་ཉེན་ཁ་སོགས་བར་ཆད་འབྱུང་སྲིད་པ་ལྟ་བུ་ཡིན། མོ་རིགས་ཀྱི་རྨ་བྱ་རྣམས་ཀྱིས་ཕོ་རིགས་ཀྱི་རྨ་བྱར་མཛེས་ཤིང་ཡིད་གར་འོང་བའི་སྒྲོ་གཤོག་ཡོད་པར་མཐོང་ནས། དེ་དང་མཉམ་པོར་དགའ་མགུར་སྤྱད་པས་ཕོ་རིགས་ཀྱིས་རང་གི་བཟོ་བཀོད་རྒྱུད་པ་ཕྱི་མར་འཕོ་ཞིང་། དེས་རང་ཉིད་འཚོ་བར་ཕན་ཐོགས་ཡོད་པ་མོ་རིགས་རྨ་བྱས་སྒྲོ་གཤོག་དེ་མཐོང་ནས། དེ་དང་འདུས་པས་རྒྱུད་པ་ཕྱི་མ་མུ་མཐུད་འཚོ་གནས་ཡོང་བར་ཕན་ཐོགས་ཡོད་པ་ལྟ་བུ་ཡིན། རང་རེའི་ངག་རྒྱུན་དང་མངོན་བརྗོད་སོགས་སུ། རྨ་བྱས་འབྲུག་སྒྲ་ཐོས་ནས་མངལ་འཛིན་པར་གསུང་སྲོལ་ཞིག་ཀྱང་ཡོད་དོ།།
ལེའུ་བདུན་པ།
ཐ་མའི་ལོ་དུས།
སྤྱི་ལོ༡༨༧༠ཡས་མས་ཤིག་ནས་སྐུ་ཞབས་སྒྲར་བེན་མཆོག་གི་སྙུན་གཞི་དྲག་སྐྱེད་བྱུང་ཞིང་། སྤྱི་ལོ༡༨༧༧ལོར་ཁམ་བྷི་རེ་ལྗིའི་གཙུག་ལག་སློབ་ཆེན་ནས་ཁོང་བར་དམིགས་བསལ་གྱི་གཟེངས་རྟགས་ཤིག་འབུལ་ལམ་ཞུས་འདུག སྐབས་དེ་ཤེད་ནས་ཁོང་གིས་འབུ་སྲིན་གང་གིས་རྩི་ཤིང་གང་དག་ཟ་སྤྱོད བྱེད་པ། ས་འབུ་སོགས་འབུ་སྲིན་ཁག་ཅིག་ས་འོག་ཏུ་འཚོ་སྡོད་འགྲོ་རྒྱུག་བྱས་པའི་བུ་ག་དག་ལས། སྔོ་ལྡུམ་དང་རྩི་ཤིང་སོགས་ཡར་སྐྱེད་ལ་ཕན་ཐོགས་ཇི་ལྟར་འབྱུང་གི་ཡོད་ཚུལ་སོགས། རང་བཞིན་གྱི་ཐོག་མའི་ལྡུམ་རྭ་གསོ་སྐྱོང་བྱེད་མཁན་གྱི་འབུ་སྲིན་རིགས་གཙོ་བོར་བརྗོད་པའི་དཔེ་ཆ་རིགས་རྩོམ་བྲིས་བྱས་པར་སྣང་ཞིང་། སྤྱི་ལོ༡༨༨༡ཟླ༡༠ནང་སྙིང་རླུང་ཧ་ཅང་འཇམ་པོ་ཞིག་གིས་ཟིན་པ་དང་། དེའི་ཕྱིར་ལོ་ཟླ༤ཚེས༡༩ཉིན་ཞོལ་ཁང་གཟིམས་ཤག་ཏུ། ཞི་བདེ་ཁ་ཁུ་སིམ་པོའི་ངང་སྐུ་མྱ་ངན་ལས་འདས་ཤིང་། སྐབས་དེར་ཁོང་དགུང་ལོ་བདུན་ཅུ་དོན་གསུམ་རེད། དེ་ནས་བཟུང་༼དངོས་རིགས་འབྱུང་རྩའི༽ངོ་རྒོལ་དང་སྐྱོན་བརྗོད་ཟིང་འཁྲུགས་མཇུག་རྫོགས་མོད། ཉེ་ལམ་ཡུ་ཤིའི་ཆོས་སྡེ་ཁག་གིས་ད་དུང་ཡང་ཁོང་གི་གཞུང་ལུགས་ལྟ་ྐློག་དང་སློབ་སྦྱོང་བྱེད་པར་བཀག་འགོག་གནང་གི་ཡོད་ཚུལ་ཞིག་གོ་ཐོས་བྱུང་ངོ་།། སྐུ་ཞབས་ཆར་ལིའི་སི་སྒྲར་བེན་མཆོག་རྒྱལ་སྤྱིའི་ཚན་རིག་པ་བཟང་ཤོས་ཀྱི་སྙན་གྲགས་ལྡན་པའི་མི་སྣ་ཤིག་ཏུ་དུས་ནམ་ཡང་ཆགས་རྒྱུ་ཡིན་པར་བཤད་ལ། ཁོང་གི་སྐུ་གདུང་ཨང་ལན་ནུབ་ཕྱོགས་ཀྱི་ཨ་བྷེ་ཞེས་པའི་ས་ཆར་ཚན་རིག་པ་ཨ་ས་ཁི་ནོས་ཁྲོན་མཆོག་གི་སྐུ་ཕུང་གི་འཕྲོར་བཞག་ཅིང་། དུར་འཇུག་མཛད་སྒོའི་ཐོག་སྲིད་དོན་པ་དང་། གསར་གཏོད་མཁན། མྱུལ་ཞིབ་པ། ཚན་རིག་པ་། སྒྱུ་རྩལ་བ་སོགས་རྒྱལ་ཁག་མང་བོའི་ཚན་རིག་མཐུན་ཚོགས་ཀྱི་ཚོགས་མི་ཁྱོན་ཆེ་ཞིག་མཉམ་ཞུགས་གནང་ཡོད་པར་མངོན་ནོ།།
བཀའ་དྲིན་ཆེ། ཁོང་གིས་སའི་གོ་ལའི་འཐེན་ཤུགས་ཐོག་མར་རྟོགས་པའི་སྐོར་ནས་རྩོམ་ཡིག་རེ་ཡོད་ན་དགའ་བ་ལ།
ཁོང་ཤིང་སྡོང་ཞིག་གི་འོག་ཏུ་བཞུགས་ཏེ་དེའི་ཡལ་ཀའི་སྟེང་ནས་མར་ཟག་བཞིན་པའི་ལོ་མ་དང་ཀུ་ཤུ་དག་ལ་ལྟ་བཞིན་པའི་འདྲ་པར་ཞིག་བྱིས་པ་ལོ་ཆུང་ཡིན་དུས་ནས་མཐོང་མྱོང་།