འཆམ་ར་དྲི་མེད་རྒྱལ་མཚན།
—————–
༄། །མདུན་བསྐྱོད་དགོས་ན་བློས་གཏོང་གྱིས།།
༈ གཡག་ཀོ་རྙིངཔའིི་ཡོལ་ལའི་རྒྱབ་ནས་རུལ་སུངས་ཀྱི་དྲི་ངད་འཐུལ་དུས་རྟོགས་སད་པ་གང་ན་ཡོད།
ཁ་བྱང་གི་འགྲེལ།
༡། ཡར་རྒྱས་ཀྱི་ཚེ་སྲོག་ནི་སྐྱོན་འཚང་ཐེར་འདོན་ཡིན་ལ། སྐྱོན་འདོན་གྱི་ཕོད་པ་ནི་ལྷག་བསམ་ཀྱི་སྟོབས་ཤུགས་ལ་རག་ལས་ཡོད།
དེ་ཡང་རྒྱ་ཁྱོན་གྱི་ངོ་གདོང་ལ་མ་ལྟོས་པའི་ཚོགས་པ་ཞིག་དང་སྒྲིག་འཛུགས་གཅིག་གི་རྩ་བའི་དམིགས་ཡུལ་གྱི་འདེལ་ཁ་ནི། མེད་པ་ནས་ཡོད་པ་དང་། མཐུས་ཚང་ནས་འཕེལ་རྒྱས། གསར་གཏོད་ནས་སྲ་བརྟན་ཏེ། མདོར་ན་ཡོད་ཚད་ཀྱི་དམིགས་འདུན་མཐའ་ཐུག་ནིི་ཁེ་ཕན་བསྒྲུབ་རྒྱུར་གཏད་ཡོད། དེ་འདྲའི་འཛུགས་བསྐྲུན་གྱི་ཐོག་མའི་ཆ་རྐྱེན་ནི་ལྟོས་གྲུབ་ཀྱི་ལས་གཉེར་བའི་མི་སྣ་རེ་རེའི་ངོས་ནས་ཚད་བཟུང་མེད་པའི་བྱ་སྤྱོད་ལ་གལ་ཆེན་རང་བཞིན་ལྡན་པའི་འགན་ཁུར་དགོས་པ་དེ་རེད། ལྡོག་ཕྱོགས་ནས་བཤད་ན་སྤྱི་ཚོགས་ཚང་མའི་ནང་ལ་ནང་སྙིང་ནས་གསོན་ཤུགས་ཀྱི་ཟུང་ཁྲག་འཇིབ་པའི་ལྐོག་གཡེང་པ་དང་། ཕྱི་ཤུན་འཐུག་པའི་རུལ་སུངས་ཅན་ཡོང་དང་ཡོང་བཞིན་པ་ལྟར། དེ་འདྲའིམི་མངོན་པའི་ཚུལ་གྱི་གཏོར་བཅོམ་རིངས་ལུགས་པ་དེ་ཚོ་ཕམ་ཉེས་བཏང་བ་ལ། གོ་རིམ་ལྡན་པའི་རྒོལ་རྡུང་ནི་སྤྱི་ཚོགས་དེ་མཐོར་འདེགས་ལ་ཕྱོགས་པའི་བྱ་བ་རླབས་ཆེན་ཞིག་ཡིན། དེ་ཡང་ལ྄ྭྷག་བསམ་དང་རྣམ་རིག་གྲུང་བའི་སྐྱེ་བོ་རྣམས་ཀྱིས་སྤྱི་སྒེའི་རང་དབང་དང་ཐོབ་ཐང་གི་ཆེད་དུ་ཐབས་ལམ་དང་གོ་སྐབས་ཡོད་ཚད་བཙལ་ནས་ཅི་ཡང་བློས་བཏང་དང་། གང་ལའང་རྩོད་ལེན་གྱིས་འཐབ་རྩོད་བྱེད་བཞིན་ཡོད། དེ་ནི་བདེན་པ་ལ་གནས་ལུགས་ཡོད་པའི་རྒྱུ་མཚན་གྱིས་རྩོད་འོས་པའི་གནད་དོན་ཞིག་རེད་ལ། བདེན་པ་ལ་མཐའ་ཡོད་པའི་རྒྱུ་མཚན་གྱིས་ཁོ་ཚོར་རྒྱལ་ཁ་འཐོབ་ངེས་པའི་འཐབ་རྩོད་ཅིག་ཀྱང་རེད་ཅེས་བཤད་ཐུབ། དེ་ལྟར་ཉེས་ཅན་སྦར་འཛིན་བྱེད་པའི་ཕོད་སེམས་ནི་ཚོགས་པ་དེའི་གྲུབ་ཆ་རེ་རེ་ནས་ལྷག་བསམ་གྱི་སྙིང་རྩའི་འཕར་ཤུགས་ལ་བརྒྱ་ཆ་བརྒྱ་ཐམ་པ་རག་ལས་ཡོད། དེས་ན་བསྒྲུབ་བྱར་གྱུར་པའི་དམིགས་འབེན་དེ་ཉིད་མངོན་འགྱུར་ཡོང་བ་ལ་མེད་དུ་མི་རུང་བའི་རྩ་བའི་ཆ་རྐྱེན་ནི་ལྷག་བསམ་གྱི་མ་ལག་ལ་རག་ལས་ཡོད་ཅེས་བཤད་ཆོག ངས་འདི་འདྲའི་བལྟ་ཚུལ་ཞིག་བཟུང་ནས་བཤད་པ་ནི་སྐྱོན་འཚང་ཐེར་འདོན་གྱི་རིན་ཐང་གི་ཆ་ནས་བཤད་ཀྱིན་ཡོད་ལ། ལྷད་མེད་ལྷག་བསམ་གྱི་ནུས་ཤུགས་ཕྱོགས་ནས་ཀྱང་བརྗོད་ཀྱིན་ཡོད། ད་རུང་གོམ་གང་མདུན་སྤོས་ཀྱིས་བཤད་ན། བདག་ཉིད་ཆེན་པོ་གྷན་དྷིས། འགྲོ་བ་མི་ཚོས་འཇིགས་སྣང་གང་ཞིག་ལ་བརྟེན་ནས་བདེན་པ་དེ་བློས་གཏོང་གི་ཡོད་ཅེས་གསུངས་པ་ལྟར། ལྷག་བསམ་གྱི་དཔུང་ཤུགས་ཞན་པའི་ཁོར་ཡུག་དེར། རུལ་སུངས་པའི་སྐྱོན་འཚང་གི་གད་སྙིགས་བསྔོགས་ནས་ངན་པ་ལ་འཛུབ་མོ་ བཙུགས་པའི་གོ་སྐབས་ཤར་མི་སྲིད། གང་ཡིན་ཟེར་ན་ལྷག་བསམ་དང་ཕོད་སེམས་ཞན་པའི་གང་ཟག་ཞིག་གི་ངོས་ནས་བཤད་ན། རང་ཉིད་ལ་མནར་གཅོད་དང་། དཔལ་འབྱོར་གྱི་གྱོང་གུད་དང་། ལས་གནས་ཀྱི་དོ་ཕོག འཚོ་ཐབས་ལ་གོད་ཆག འབྲེལ་ཡོད་ལ་བརྡབ་གསིག་སོགས་ཀྱི་གནོན་ཤུགས་འདྲ་མིན་འོག་ནམ་ཡང་འཇིགས་སྐྲག་དང་། དོག་ཟོན་གྱི་བག་ཆགས་ཟབ་མོས་མིག་གིས་མཐོང་ས་དང་། རྣ་བས་ཐོས་ས་ནས། རང་དང་རང་གི་བའི་འཚོ་གནས་དང་བདེ་སྐྱིད་ཀྱང་བློས་བཏང་བྱེད་ཀྱིན་ཡོད། ཡོད་ཚད་གཅིག་མཚུངས་ལྟར་ཁོང་ཚོའང་རང་དབང་དང་བདེ་སྐྱིད་ལ་དགའ་ཞེན་དང་རེ་འདོད་མེད་པ་རྩ་བ་ནས་མིན། ཡིན་ནའང་དེ་ནི་ཡུལ་དུས་ཀྱི་གཉན་འཕྲང་ཞིག་ནས་ཁོང་ཚོས་བདམས་པའི་ལམ་ཁ་དེ་རེད་ལ། ཁོངཚོའི་སྔུན་སོ་དཀར་པོས་སེམས་ནང་གི་མེ་ལྕེ་སྦས་པའི་གྱོང་གུད་ཀྱི་ལེའུ་ཞིག་ཀྱང་རེད། དེ་ལྟར་ལངས་མི་ཐུབ་པའི་སྤྱི་ཚོགས་ནི་ལྷག་བསམ་མེད་པའི་ཞ་བོ་དང་། ཤེས་འཇོན་མེད་པའི་སྲང་མདོ་བ། ད་རུང་མཐོང་རྒྱ་ཞན་པའི་ཁྲོན་སྦལ་དང་། ལྗིད་ཁོག་དབེན་བའི་བཀོལ་སྤྱོད་པ་རང་ཡིན། དེར་བརྟེན་དེ་འདྲའི་སྤྱི་ཚོགས་ཤིག་དར་བ་ནས་མང་ཕྱོགས་དེ་ཐོབ་ལ་རྔམ་ཤིང་རྒྱུ་ལ་གཟན་པའི་ཁེ་གཉེར་རིངས་ལུགས་པ་གྱུར་ཟིན་པ་རེད། དུས་དེ་ནས་བཟུང་། ངན་པ་རྒྱུས་ཆེ་ན་ཧམ་པས་མི་ཟ་ཟེར་བ་ལྟར། སྡིག་པར་མིག་བཙུམ་གྱི་མཐོ་རིམ་མི་སྣ་ནི་ཇག་པ་རང་ཡིན་པས། ཟ་གནོན་སྤྱད་གསུམ་གྱིས་རང་སྣང་གང་ཤར་བྱེད་ངེས་ཡིན། དེ་ཡང་བདག་ཉིད་ཆེན་པོ་གྷན་དྷིས། སློང་བས་ཅི་ཡང་མི་ཐོབ། དེ་ནི་ང་ཚོ་རང་གིས་ལེན་དགོས་པ་ཡིན་ཞེས་གསུངས་ཡོད། དེ་འདྲའི་ངན་སྤྱོད་པ་སུན་འབྱིན་པ་ལ་ཆེད་བསྐོས་མང་ཚོགས་ཀྱི་མཐུས་མི་རྣམ་པས་སྐུག་སྟེགས་ཟིན་བསྡད་པ་ཙམ་མིན་པ་ནོག་ཉེས་ཕུ་འདེད་ཀྱིས་ཞིབ་འཇུག་དང་། བཙིར་བདར་བཏང་དགོས། དེ་ལྟར་མ་བྱས་ཚེ་སྲིད་ཕྱོགས་ནས་བཤད་ན་ཁྱེད་ཚོ་ཁྲིམས་འགལ་ཚབས་ཆེན་དང་། མང་ཚོགས་མགོ་སྐོར་བཏང་མཁན་རང་ཡིན་ལ། ཆོས་ཕྱོགས་ནས་གླེང་ན་རྒྱུ་འབྲས་ཆད་དུ་བསད་པའི་མི་རུང་བའི་སྡིག་པ་ཚབས་པོ་ཆེའང་ཡིན། མ་ཟད་རྒྱ་ཆེའི་མང་ཚོགས་ཀྱི་ངོས་ནས་ཀྱང་རང་དོན་རང་གཅེས་ཀྱིས་རང་རང་སོ་སོའི་ས་ནས་འགོ་འཛུགས་ཏེ་བྱས་ཉེས་ཀྱི་ངན་འཚང་འབྲུ་ཕོད་དགོས། ཡིན་ནའང་འཐབ་རྩོད་ཀྱི་ངོ་བོ་དེ་དྲག་པོའི་བྱ་སྤྱོད་ཕྱོགས་སུ་མ་ལྷུང་བའི་ཐབས་བྱུས་ལ་ནམ་ཡང་དམ་གཟབ་དང་། བརྒྱུད་བསྐུལ་བྱ་རྒྱུ་ནི་ག་དུས་ཀྱང་གནད་དོན་ཆུང་ཆུང་ཞིག་བརྩི་མི་རུང་། གལ་སྲིད་དེ་འདྲའི་གནད་དོན་ཞིག་ལྷག་ཚེ། དེ་ནི་དཔེར་ན་རང་ཉིད་ཀྱི་ལག་པ་བཅད་རྒྱུའི་ཚབ་ཏུ་རྐང་བ་བཅད་པ་དང་གཅིག་མཚུངས་ཡིན། ཡུལ་ཕྱོགས་གང་དུའང་སྐྱོན་འདོན་མེད་པའི་ཕྱི་ཚུལ་ལྷིང་འཇགས་ཀྱི་སྤྱི་ཚོགས་ཤིག་བྱུང་ན། དེ་ནི་ལྐོག་ཟ་རུལ་སུངས་ཀྱི་རླུང་རྟ་དར་བའི་སྔ་ལྟས་ངོ་མ་ཡིན། དེ་འདྲའི་ཁུ་སིམ་པའི་སྤྱི་ཚོགས་སོབ་སོབ་དེ་ཉིད་དུས་འགྱངས་མེད་པའི་བཅོས་བསྒྱུར་དང་། ཡོ་བསྲང་བྱེད་མ་ཐུབ་ཚེ་དགུན་གཞུང་གི་གཙང་པོ་དང་། མར་ངོའི་ཟླ་བ་ལྟར་བྲི་ཞིང་འགྲིབ་ངེས་ལ། ནམ་ཞིག་ན་ཡོད་པ་ནས་མེད་པ་དང་། གསོན་པོ་ནས་ཤི་རོ་ཞིག་ཏུའང་འགྱུར་ངེས་པ་ཡིན། དེའི་ཚེ་ཤུལ་དུ་ལྷག་ཡོད་པ་ནི་ཁྱོད་ཀྱིས་མཉན་མི་འདོད་པའི་མི་ཁ་གཟན་པོ་དང་། ཁྱོད་ཀྱིས་མཐོང་མི་འདོད་པའི་ཁང་ཁྱིམ་ཞིབ་རོ་རེ་ཡང་ཡིན་སྲིད། ད་རུང་ཁྱེད་ཀྱི་ཐོབ་སྐལ་ནི། མནོན་མི་ཐུབ་པའི་ཞེ་འགྱོད་ཀྱི་རྦ་རླབས་དྲག་པོ་རེ་ཡ་ཁོག་ནས་འཕྱུར་ངེས་རེད། དེ་དུས་ཏེ། ཡོད་ཚད་ཕྱིས་ཟིན་པའི་ཉིན་མོ། དཀའ་སྡུག་སྟོང་གིས་འཐེན་འདྲོད་བྱས་པའི་ཆེས་ཐོག་མའི་དམིགས་ཡུལ་རླབས་ཆེན་དེའང་། ལྷག་བསམ་གྱི་བུ་ཆུང་སྐྱོང་མ་ནུས་པའི་ཁྲལ་སོད་ཀྱི་ཨ་མ་ཚོས་རྩ་བརླག་བཏང་ཟིན་པ་རེད། དུས་དེ་ནས་བཟུང་ཁྱེད་ཚོས་བློས་བསླང་གི་དཀྱིལ་འཁོར་བཞེངས་ཏེ་རྨི་ལམ་གྱི་བདེ་དྲོད་ཙམ་ཉུལ་ནས། ཡོད་ཚད་གདུང་འགྱོད་གིས་མི་ཚེ་བསྐྱལ་ངེས་ཡིན་ནོ། ཕྱོགས་གཞན་ཞིག་སྟེ། སྤྱི་སེམས་མིན་པའི་ཕྱོགས་འགལ་བར་ནས། འགྲན་རྩོད་ཀྱི་ངར་ཤུགས་ཤིག་གིས་སྐྱོན་འཚང་ཐེར་འདོན་གྱི་རྣམ་པ་མངོན་གྱི་ཡོད་ཀྱང་། དེ་ནི་ཡང་དག་པའི་དམིགས་འདུན་ཞིག་གིས་མིན་རྐྱེན་བཤུ་གཞོག་དང་ལྐོག་གཡེངས་ཀྱི་རང་བཞིན་ལས་མི་འདས་པ་ཐག་གཅོད་ཆོག།
༢། རུལ་སུངས་ཅན་གྱི་སྤྱི་ཚོགས་ནི་དམངས་ལ་གོ་སྐབས་མེད་པའི་དན་རྟགས་ཡིན་ལ། མང་ཚོགས་ཀྱི་ཐོབ་ཐང་ནི་ཡང་དག་པའི་དམངས་གཙོའི་རྨིག་རྡོ་དང་པོ་ཡིན།
མཐུན་སྣང་གི་འཇིག་རྟེན་རེ་ནས་ལས་སྣང་གི་བཤུལ་ལམ་དུ་འགྲིམ་བཞིན་པའི་སེམས་ཅན་འདི་ཚོས། ནམ་ཡང་འཚོལ་བསྙེགས་ཀྱི་རེ་འདུན་ནི་བདེ་སྐྱིད་རེད་ལ། བདེ་སྐྱིད་ནི་ནམ་ཡང་རང་དབང་དང་ཁ་འབྲལ་ཐབས་མེད་པའི་སེམས་ཚོར་ཞིག་རེད། བརྗོད་དོན་འདི་ཉིད་དེང་སང་གི་དཔེར་ཞིག་དྲངས་ནས་ངས་ཁྱེད་ལ་ངོ་སྤྲོད་ཞུས་ཆོག དེ་ཡང་ཁྱེད་ཀྱིས་ཐོས་མྱོང་ལ་ཁྱེད་ལ་ཆ་རྒྱུས་ཡོད་སྲིད་པའི་རྒྱ་ནག་སྟེ། དེང་རབས་འགལ་ཟླའི་རང་བཞིན་ཅན་གྱི་སྟོབས་ཆེན་རྒྱལ་ཁབ་ཞིག་རེད། དང་ཐོག་རྒྱལ་སྤྱིིའི་ལྡིང་ཆ་ནས་རྒྱ་གཞུང་་ལ་བལྟས་ཏེ་ཁོར་ཡུག་དེའི་ནང་གི་གོང་རིམ་གྱི་འཛིན་སྐྱོང་དང་མི་དམངས་ཀྱི་འཚོ་བའི་ཟུར་ཞིག་བཀོད་ན། འཛམ་གླིང་དམག་ཆེན་གཉིས་པ་མཇུག་རྫོགས་པའི་རྗེས་སུ་ལོ་རྒྱུས་ཀྱིས་སྤྲད་པའི་བསླབ་བྱ་ཞིག་གིས། ཕྱི་ལོ་ ༢༩༤༥། ལོར་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་གསར་དུ་བཙུགས་ཏེ་རྩ་ཁྲིམས་གཏན་འབེབ་བྱས་ཡོད། དེའི་ནང་གི་དོན་ཚན་ ༡་༢ པའི་ནང་། མི་དམངས་ཚོའི་རང་ཐག་རང་གཅོད་ཀྱི་རྩ་དོན་ལ་རྩི་བཀུར་བྱེད་དགོས་ཚུལ་འཁོད་ཡོད་པ་ལྟར། དེའི་རྗེས་འགྲོ་བ་མིའི་ཐོབ་ཐང་ཡོངས་ཁྱབ་གསལ་བསྒྲགས་བྱས་ཏེ། དེ་དུས་རྒྱ་ནག་ཚུད་པའི་རྒྱལ་ཚོགས་ཀྱི་ཚོགས་མི་ ༡༩༢ ཀྱིས་མཚན་རྟགས་བཀོད་ནས་ཁྲིམས་ཐོག་གི་ནུས་སྟོབས་ལྡན་པའི་ཆིངས་དོན་དོན་ཚན་གཉིས་བཞག་ཡོད། དེའི་དོན་ཚན་དང་པོའི་ནང་དུ། (མི་རིགས་ཚང་མ་རང་ཐག་རང་གཅོད་ཀྱི་ཐོབ་ཐང་ཡོད། ཐོབ་ཐང་འདི་ལ་བརྟེན་ཁོང་ཚོས་རང་དབང་གི་སྒོ་ནས་སྲིད་དོན་གྱི་ཐག་གཅོད་བྱེད་ཆོག) ཅེས་འཁོད་ཡོད། དེ་འདྲའི་ཁྲིམས་ཡིག་ལྟ་བུ་གཅིག་ལ་བསམ་ན་རྒྱལ་ཚོགས་ཀྱི་ཚོགས་མི་རྒྱ་ནག་གིས་ལག་ལེན་དུ་མི་བསྟར་བའི་ཁར། གྲངས་ཉུང་མི་རིགས་གཙོས་པའི་མངའ་འབངས་ཡོངས་ཀྱི་ཆབ་སྲིད་ཀྱི་ཐོབ་ཐང་ཡོངས་རྫོགས་བཙན་གྱིས་འཕྲོག་ཅིང་། བཤུ་གཞོག་དང་དྲག་གནོན་གྱིས་དུས་ཚོད་བསྐྱལ་བཞིན་པར་བརྟེན། འཛམ་གླིང་ཁྱོན་ཡོངས་ཀྱི་ཁྲོད་ནས་ལྐོག་ཟ་རུལ་སུངས་དང་དམར་གསོད་ཁྲག་སྦྱོར་ད་རུང་བཙོན་འཇུག་མནར་གཅོད་ཀྱི་གྲངས་འབོར་མཐོ་གྲས་ཤིག་ཆགས་ཀྱིན་ཡོད། འོད་སྣང་མེད་པའི་མུན་ཁང་ནང་དུ་དུས་ཚོད་བསྐྱལ་དགོས་ན། བག་ཕེབས་དང་བདེ་སྐྱིད་མེད་ཁར། སུན་སྣང་དང་ཞེད་སྣང་ཁོ་ནས་འཚོ་དགོས་པ་ལྟར། ཐམས་ཅད་ཡིད་ཆེས་མེད་པའི་འཚོ་བ་ཞིག་གིས་ཁ་འཐོར་ཆོག་ཆོག སྲིད་དབང་སྒེར་གཅོད་བྱས་པའི་ཉེ་ལེན་ལས་རུལ་སུངས་སུ་གྱུར་ཡོད། དེ་ལྟར་འདྲ་མཉམ་མིན་པའི་བཙན་ཤུགས་ཀྱི་དབང་བསྒྱུར་ནི། ཕུགས་བསམ་དང་སྤྲོ་སྣང་གིས་ཕོངས་པའི་མི་བརྟན་པའི་སྤྱི་ཚོགས་ཤིག་འཛུགས་བསྐྲུན་བྱས་པ་ཡིན་ལ། དེ་འདྲའི་སྤྱི་ཚོགས་ཀྱི་གྲུབ་ཆ་རེ་རེ་ནས་བསམ་ན། བུམ་པའི་ནང་གི་སྲན་ཟླུམ་ལྟར་རེ་ཞིག་ཕྱོགས་གཅིག་ཏུ་འདུས་པ་ལྟར་སྣང་ཡང་། དོན་ལ་ནང་སྙིང་མ་འདྲེས་པའི་རང་རང་གི་སར་གླན་ལྐུག་མིན་པའི་མི་བུ་ཚོས་མཚམས་རེ་སྤྲེལ་ལད་དང་། སྐབས་རེ་ལྐོག་གཤོམ་ཞིག་གིས་ནམ་ཡང་ངེས་མེད་ཀྱི་གོ་སྐབས་བཙལ་ནས་བསྡད་ཡོད། ནམ་ཞིག་ན་བུམ་པ་དེ་ཞིག་རལ་བྱུང་བ་ལྟ་བུའི་དུས་ཚོད་ཅིག་འཆར་ཚེ་ནང་དམེ་གྱི་དམག་འཁྲུགས་ཀྱང་བྱུང་མྱོང་ཡོད་པ་ལྟར། ངེས་གཏན་མེད་པའི་རྙོག་འཛིང་གྱི་ཚ་རླབས་ཁྲོད། གོད་ཆག་གི་མེ་ལྕེ་འབར་ཁ་མྱུར་མོ་ཞིག་གི་འཇུག་འབྲས་སུ་གནོངས་འགྱོད་དང་། ཡོད་ཚད་འཐོར་ཞིག་ཏུ་འགྲོ་བ་ནི་རྟེན་འབྲེལ་ལུགས་འབྱུང་གི་གནས་ལུགས་ཤིག་རེད། དེ་ཡང་མང་ཚོགས་ལ་བསྟུན་པའི་ཁོ་ཚོའི་བསམ་ཚུལ་ལ་བརྩི་བཀུར་དང་ཉན་འཇོག་མེད་པ། གྲོས་ཚོགས་རིམ་པའི་སྙན་ཐོ་ཁག་ཆ་འཇོག་དང་ཐག་གཅོད་མེད་པ། སྤྱི་ཚོགས་ཀྱི་བརྟན་ལྷིང་དང་ཆོས་རིག་འཕེལ་རྒྱས་ལ་དོ་ཁུར་མེད་པ། ལྐོག་གཡེངས་དང་འཆལ་སྤྱོད་པ་སོགས་འགོག་སྡོམ་མེད་པ། ཕྱི་འབྲེལ་གྱི་མཐུན་ལམ་དང་ནང་སྐྱོང་གི་མིག་རྒྱངས་མེད་པ། ཛ་དྲག་གི་གནས་བབ་ལ་གདོང་ལེན་དང་མ་འོངས་ལ་འཆར་འགོད་མེད་པ། དཔལ་འབྱོར་འཛུགས་བསྐྲུན་དང་ཤེས་རིག་ནང་འདྲེན་མེད་པ། ཚོགས་པ་རྒྱ་བསྐྱེད་དང་རང་སྐྱོན་ངོས་ལེན་མེད་པའི་བཙན་ཤེད་སོགས་འདི་ཚོ་ནི་སྤྱི་ཚོགས་ཤིག་ཉམས་རྒུད་འགྲོ་བའི་རྟགས་མཚན་ངོ་མ་ཡིན། དེ་ལྟ་བུའི་བརྒྱུད་རིམ་ནང་ཆད་གསོད་རིངས་ལུགས་ཀྱི་དབང་བསྒྱུར་དེས། སྤྱི་ཚོགས་དེའི་ནང་དུ་དུང་ཞེན་གྱི་དྲོད་མདངས་དྲོན་མོ་ནི་གཏན་འགོག་ཏུ་བྱེད་ངེས་ལ། དུང་ཞེན་དང་ལྷག་བསམ་མེད་པའི་ཁེ་གཉེར་རིང་ལུགས་ཀྱི་ཁོར་ཡུག་ནང་ཐམས་ཅད་འཁྲུལ་སྣང་དང་དོགས་པས་བཅིངས་ནས་ཁ་ཅིག་གིས་མང་ཚོགས་རྡོག་རོལ་བཏང་སྟེ་གཅིག་སྡུད་ཀྱི་དབང་ཤུགས་ཚང་མ་རང་ཁོ་ནར་ཡོད་དགོས་པ་སེམས། འགའ་རེས་ནི་གནོན་ཤུགས་འོག་གི་མི་མང་ཚོའི་རྒྱུ་ཟ་ཟས་འགོམ་རང་གི་ཐོབ་ཐང་དང་ཁེ་སང་ཡིན་པར་རློམ། ལ་ལས་ནི་ལས་འབྲས་ལ་བདེན་ཁ་སྦྱིན་ཁུལ་གྱིས་མདོ་དོན་གོ་སྐབས་ཤིག་བཙལ་བའམ་མིག་ལོག་འོག་ནས་ྐློག་བཤད་ཀྱིས་རང་སེམས་གསོ་སྟེ། མདོར་ན་ལྐོག་གཡེངས་དང་གཉའ་གནོན། ཁྲལ་སོད་དང་དུས་བཅད་ཀྱིས་ཡོད་ཚད་རུལ་སུངས་སུ་གྱུར་ནས་མང་མོས་དང་དམངས་གཙོ། འདྲ་མཉམ་དང་དྲང་བདེན། རང་དབང་དང་ཐོབ་ཐང་། ད་རུང་ལྷག་བསམ་དང་ལ་རྒྱ་ཞེས་པ་ནི་མཚམས་མཚམས་སུ་བསྒྲགས་གཏམ་གྱི་ལམ་ནས་རྣ་ལམ་དུ་ཐོས་རྒྱུ་ཡོད་སྲིད་པ་ཙམ་རེད། སྤྱི་ཚོགས་ཤིག་ལ་གཞི་རྩ་མེད་ཐབས་མེད་པའི་རྩ་ཁྲིམས་སྤྱི་དམངས་ལ་ཐད་ཀར་དམིགས་པ་རེ་ཡོད་ན། དེ་ནི་མང་ཚོགས་ཀྱི་ཐོབ་ཐང་དང་འབྲེལ་བ་ཞིག་ཡིན་ངེས་ལ། དོན་གྱི་བདག་པོ་རྒྱ་ཆེའི་མང་ཚོགས་ནི་ཐོན་བསྐྱེད་ཀྱི་རྩ་བ་དང་། སྟོབས་ཤུགས་ཀྱི་འབྱུང་གནས་ཡིན་པས་མ་ཚད། ཚོགས་པ་ཞིག་དང་སྐྱིད་སྡུག་ཅིག་གི་རྩ་བའི་མ་ལག་ཀྱང་ཡིན་པ་ལྟར། ཁོ་ཚོའི་འདོད་འདུན་དང་ཁོང་ཚོའི་ཐོབ་ཐང་ནི་ཚོགས་པ་ཞིག་དང་ཡང་དག་པའི་དམངས་གཙོའི་རྨིག་རྡོ་དང་པོའང་བཞག་དགོས། དེ་ལྟར་མིན་པ་དམིགས་དོན་དང་མི་མཐུན་པའི་མང་ཚོགས་རྡོག་རོལ་བཏང་བའི་གོང་རིམ་མི་སྣ་ཞིག་སླེབས་ཚེ། དེའི་དབང་བསྒྱུར་རིང་ལུགས་ཀྱིས་རྒྱ་ཆེའི་མང་ཚོགས་ཁ་ལོ་བསྒྱུར་ནས་རང་དབང་དང་གུ་ཡངས། བདེ་སྐྱིད་དང་བག་ཕེབས་ཤིག་ཡོད་མི་སྲིད། དེ་ལྟར་ལོག་ལམ་དུ་ཕྱིན་པའི་ཚོགས་སྐྱིད་ནི་མང་ཚོགས་ཀྱི་གཉའ་གནོན་དང་བདེ་འཇགས་ཀྱི་གཤེད་མ་རང་ཡིན་པར་བརྟེན། མི་མང་གི་སྐུ་ཚབ་མཐོ་རིམ་མི་སྣ་རྣམ་པ་དང་། གནད་ཡོད་ཀྱི་མི་སྣ་རེ་རེ་ནས་བཟུང་ཐམས་ཅད་ཀྱིས་བཅའ་ཁྲིམས་དེར་ཚོད་ལོན་དང་གཡོ་ཟོལ་མེད་པའི་འགན་ཁུར་དགོས་ལ། དོན་གྱི་བདག་པོ་རྒྱ་ཆེའི་མང་ཚོགས་ལ་བསྟུན་ཤེས་དང་བརྩི་མཐོང་དགོས་པ་ནི། རང་ཉིད་ཁོང་ཚོའི་ཚབ་མཚོན་མི་སྣ་ཞིག་ཡིན་པའི་ཆ་ནས་ཡིན་པས་མ་ཚད། རང་ཉིད་ཀྱི་འཁོས་འབྱོར་དང་བློ་སྟོབས་ཚུན་ཆད་ཀྱི་འབྱུང་རྩ་ཁོང་ཚོ་ཡིན་པས་ཀྱང་རེད། ད་རུང་དམིགས་འདུན་ཟབ་ས་ཞིག་ནས་རེ་སྨོན་ཁྲི་ཁྲག་གིས་གསོ་སྐྱོང་གནང་བཞིན་པའི་སློབ་ཕྲུག་ཚོས། ངེས་པར་དུ་འགན་ལེན་བྱ་དགོས། དེ་ཡང་འཇིག་རྟེན་གྱི་ཁ་དཔེར། བྱ་ཕུག་རོན་འོ་མས་གསོས་གསོས་དེ། །དགྲ་ཁྱུང་ཆེན་ཡོང་དུས་ཨེ་ཕན་བསམ། །ཞེས་པ་ལྟར། ཁྱོད་ཚོ་ཁོར་ཡུག་དེའི་ནང་ནས་དམིག་བུ་ཕྱེས་པའམ་བྱེ་ཡོད་དུས། ད་དུང་སྤྱི་ཚོགས་དེའི་བྱུང་དང་འབྱུང་འགྱུར་གྱི་ཉེན་ཁ་དང་གོད་ཆག་རྣམས་འགན་ཁུར་མེད་པ་མིག་གིས་མཐོང་ནའང་ངག་སྒོ་སྡོམ་སྟེ། ྐློག་ལབ་ཁོ་ནས་ཉི་མ་ཕོད་དགོས་དོན་ཅི། དེ་ཡང་བདག་ཉིད་ཆེན་པོ་གྷན་དྷིས། ཆེས་མཐོའི་སློབ་ཁང་གི་སློབ་སྦྱོང་གི་དམིགས་ཡུལ་ནི་ཡུལ་གྱི་རང་དབང་གི་སླད་དུ་གནས་ཤིང་། རང་སྲོག་འདོར་བ་ནུས་པའི་ཡུལ་མིའི་སྲིད་ཞུ་སྒྲུབ་མཁན་ཚད་ལྡན་དག་ཐོན་པ་བྱ་རྒྱུ་དེ་ཡིན་ནོ། ཞེས་གསུངས་ཡོད། དེ་ལྟར་མིན་པ་རང་གཅེས་པ་འགའི་རང་སྲུང་གི་ངག་རྒྱུན་དུ་གོང་གི་ལྷ་ཁྲོས་དོགས་དང་འོག་གི་ྐླུ་འཁྲུགས་དོགས་སོགས་ལ་བསྙད་ནས། སྤྱི་དམངས་དང་ཚོགས་པ་དེའི་ཁ་རྗེ་དབང་ཐང་རང་གི་མིག་འོག་ནས་ད་རུང་ཐུར་དུ་བཞུར་བཅུག་ན། དེ་ནི་ལྷ་དང་ྐླུ་ལ་དྲན་ལན་ལོག་འཇལ་བྱས་པ་ལས་ཐུགས་དམ་བཀང་བ་ཞིག་ཡིན་མི་སྲིད། གཞན་ཕན་ལ་དུང་བ་རྣམས་ཀྱིས་ནི་སེམས་ཅན་ལ་འཕྲལ་ཕུགས་ཕན་བདེ་བསྐྲུན་རྒྱུར་ཐུགས་དམ་དུ་བཟུང་བ་ལས། དབྱེན་སྦྱོར་དང་བསྟན་སྲིད་ལ་དོ་ཁུར་མེད་པའི་འཛུམ་མདངས་ངོར་ནམ་ཡང་དོན་གྱི་དགྱེས་ཞལ་ངོམས་མི་སྲིད་པ་མ་ཡིན་ནམ།
༣། བཙན་ཤེད་ཀྱི་དབང་འཛིན་པ་ནི་ཉེས་ཅན་གྱི་གཏེ་ཕོ་ཡིན་ལ། ནག་ཅན་གྱི་གཏེ་ཕོ་ནི་མང་ཚོགས་ཀྱི་དགྲ་ཟླ་ངོ་མ་ཡིན།
དེ་ཡང་ལྟོས་གྲུབ་ཀྱི་ཐོབ་ཐང་ངོས་ནས་བཤད་ན། འཇིག་རྟེན་གྱི་མཚོ་ངོགས་འདིར་ཐོག་མ་སླེབས་པ་ནས་ཁྱོད་ལ་ཡོད་པ་ནི་རང་དབང་དང་ཐོབ་ཐང་ཡིན་ལ། ཁྱོད་ལ་དབང་བ་ནི་རང་དབང་དང་ཐོབ་ཐང་ལ་ལོངས་སྤྱོད་ཆོག་པ་དེ་ཡིན་པས་མ་ཚད། རང་ཉིད་ཀྱི་ཐོབ་ཐང་ལ་འདྲ་མཉམ་གྱིས་རྩོད་གླེང་བྱེད་ཆོག་པ་དེའང་ཡིན། དེ་ལྟར་སུ་ཞིག་སྐྱེས་པ་ནས་སྤྱི་དམངས་ལ་དམིགས་པའི་སྤྱི་མཐུན་གྱི་རྩ་ཁྲིམས་ཆེན་མོ་དང་མ་འགལ་བའི་ཐོག རང་ཉིད་ཀྱིས་ལས་དོན་གང་ཞིག་གཉེར་བ་དང་། སྤྱི་ཚོགས་གང་དུ་འཛུལ་ཞུགས་བྱ་བ། མདོར་ན་འགྲོ་འདུག་གི་ཀུན་སྤྱོད་དང་། གཏམ་བརྗོད་ཀྱི་དབང་ཚད་སོགས་གཞན་གྱི་ཤུགས་རྐྱེན་འོག་གནས་མི་དགོས་པ་གདམ་ཀ་དང་རང་དབང་ཆ་ཚང་རང་ཉིད་ལ་གཙང་དག་ཡིན། དེ་བཞིན་ཁྱོད་ལ་སྐྱེས་ཡུལ་དང་ཕ་ས་ཞིག་ཀྱང་ཡོད་ངེས་པ་ལྟར་དེར་འཚོ་སྡོད་བྱེད་པའང་ཁྱོད་རང་ཉིད་ཀྱི་ཐོབ་ཐང་ཡིན་ལ། རང་ཉིད་འཚར་ལོངས་བྱུང་བའི་བརྒྱུད་རིམ་ནང་རང་གིས་སྐྱབས་གནས་སུ་བཀུར་བའི་ཆོས་ལུགས་ལ་དད་མོས་བྱེད་པའང་ཁྱོད་ཀྱིི་ཐོབ་ཐང་ཡིན། མ་ཟད་རང་ཉིད་ཀྱི་དཀའ་ངལ་དང་སྤྱི་ཚོགས་ཀྱི་བདེ་སྡུག་ད་རུང་སྐྱོན་འཚང་རྗེན་སྟོན་གྱི་སྨྲ་བརྗོད་སོགས་ཀྱང་ཁྱོད་ཀྱིས་གླེང་ཆོག་པའི་ཐོབ་ཐང་ཡིན། དེ་ལྟར་རང་དབང་དང་ཐོབ་ཐང་ཡོད་པ་དེའང་རིགས་རུས་དང་། སྟོབས་འབྱོར། ཕོ་མོ་དང་སྟོབས་ཤུགས་ལ་བལྟས་ནས་ཕྱེས་པ་མ་རེད་ལ། འདྲ་མཉམ་མིན་པའི་ལྟ་ཚུལ་ཞིག་གིས་ནི་དེ་བས་ཀྱང་མ་རེད། འོ་ན་ཅི་ཞིག་གིས་ཡིན་ནམ་ཞེ་ན། ཁྱོད་རང་ཉིད་གནམ་ཞབས་འདིར་སྐྱེས་ཡོད་པས་ཡིན་ལ། གནམ་ཞབས་འདིར་སྐྱེས་ཚད་བདེ་སྡུག་གི་ཚོར་ཤེས་གཅིག་མཚུངས་ཡིན་པས་ཀྱང་རེད། མ་ཟད་སྐྱེ་འགྲོ་འདི་ཀུན་ས་སྒང་འདིའིི་ཁྱིམ་ཚང་གཅིག་གི་ནང་གནས་དགོས་པས་རེད་ལ། གནས་པ་དེའང་འབྲེལ་འདྲིས་ཀྱི་ལམ་ནས་འཚོ་དགོས་པས་རེད། དེ་ལྟར་རང་ཉིད་འཇིག་རྟེན་འདིར་སྐྱེས་པའི་བགོ་སྐལ་དུ་རང་དབང་དང་ཐོབ་ཐང་ཡོད་པ་དེ་ཉིད། རང་ས་ནས་འགོ་འཛུགས་ཏེ་རྩོད་ལེན་དང་གཉོམ་སྐྱོང་བྱེད་པ་ནི་རང་འཁྲིའི་འོས་འགན་ཞིག་ཡིན་པ་ཤེས་དགོས།
གང་དུ་འདྲ་མཉམ་མིན་པའི་བལྟ་ཚུལ་དང་རང་ཉིད་ལ་རག་ལས་མེད་པའི་གཅིག་སྡུད་རིངས་ལུགས་ཀྱི་འཛིན་སྐྱོང་འོག་འཚོ་གནས་དགོས་པའི་སྤྱི་ཚོགས་ཤིག་ཡོད་ན། བློ་ཁ་མ་གང་བའི་མི་རྣམས་གཞན་བསྟུན་གྱི་འཚོ་བས་སྤྲོ་སྣང་རྒྱས་མི་ཐུབ་པའི་རང་ཉིད་ཀྱི་མི་ཚེ་ལ་སུན་སྣང་བྱ་ངེས། དེ་འདྲའི་དབང་བསྒྱུར་ལམ་ལུགས་ཀྱི་མནོན་ཤུགས་དང་གོད་ཆག་དེས་ཡོད་ཚད་ཀྱི་སེམས་ལ་འཁོན་འཛིན་གྱི་མེ་ལྕེ་འཆེད་ཡོང་བ་ཡིན། ནམ་ཞིག་ན་རྒྱུག་ཆུ་ཕུ་འདེད་ཀྱིས་རྐྱེན་ཆག་ངན་པའི་འབྱུང་གནས་ལ་ཞིབ་འཇུག་དང་བརྩད་གཅོད་བྱེད་ངེས་ལ། ཞིབ་འཇུག་རིག་པའི་འཕུར་མཚམས་ཤིག་ནས་མཐར་འཇུག་གི་རྙེད་དོན་ནི། ཆུ་འགོ་གངས་ཐུག་གི་དཔེར་ལྟར་བཙན་ཤེད་རིངས་ལུགས་ཀྱི་འགོ་གཙོ་བ་ཉེས་ཅན་གྱི་གཏེ་ཕོ་ཉིད་དེེ། ངལ་གཙོ་བ་རྒྱལ་ཆེའི་མང་ཚོགས་ཀྱི་དགྲ་ཟླ་ངོ་མ་དེ་རེད། དེ་དུས་ནི་སྙིང་རྗེ་མེད་པའི་རྒོལ་རྡུང་བསྐལ་པའི་མེ་ལྟ་བུས་བསྲེགས་ངེས་ལ། ཙན་དན་གྱི་མེ་ལྟ་བུས་བཞུ་ནས་རྩ་མེད་ཀྱང་བཟོ་ངེས་པ་ཡིན། དེ་ཡང་སྤྱི་རྒྱུར་དབང་བཟས་དང་། མང་ཚོགས་བཙན་འདེད། ཐོབ་དབང་སྒེར་གཅོད་དང་། ཁྲིམས་ལུགས་རྡོག་བརྫིས། ད་རུང་འཆམ་མཐུན་ལ་དབྱེན་དཀྲུག་དང་། ཉེས་བྱས་ལ་གནོངས་འགྱོད་མེད་པ་སྐྱུག་བྲོ་བའི་ཧམ་ཤེད་ཀྱིས་ཇག་ཚོགས་རིང་ལུགས་པ་གནས་པའི་རིང་། སྤྲེལ་ལད་ཅན་དང་། སྐབས་ཚོལ་བའི་ཡོལ་ལ་ནག་པོས་དྲང་བདེན་དང་ལས་འབྲས་ནི་རེ་ཞིག་བཀབ་པ་ལྟར་ཁོང་ཚོས་མི་མཐོང་བའི་ཁར། ཁོ་ཚོས་ནམ་ཡང་དེ་ལ་ཆ་འཇོག་བྱེད་མི་སྲིད། ད་རུང་དེ་ཉིད་ལ་བརྩི་འཇོག་བྱེད་མཁན་ཚོ་རྗེས་ལུས་དང་ྐླད་རྙིང་གི་མིང་ནས་སྨོད་ཀྱི་རེད། དེ་ནི་ཁོང་ཚོའི་ལྟ་གྲུབ་ཀྱི་གྲུབ་ཆ་གཙོ་བོ་དང་འཛིན་སྐྱོང་གི་ལངས་ཕྱོགས་ངོ་མ་རེད། བོད་རྒན་ཚོའི་ངག་རྒྱུན་དུ། མ་འགྲོ་ན་དུས་མི་དགེ་དྲན་ཞེས་པ་ལྟར། ད་རུང་ཁོ་ཚོས་སོ་སོས་སོ་སོར་འཇོན་པོ་དང་ཀུན་གྱིས་བརྩི་བཀུར་བྱེད་བཞིན་པ་དང་། དེ་ལྟར་འོས་བབས་ཀྱང་ཡོད་སྣང་གིས་རང་རྒྱུད་རློམ་སྟེ། ཁོའི་ལག་འོག་ནས་ལྐོག་བཟན་པ་དང་ཁེར་གཉེར་རིངས་ལུགས་པ། ད་དུང་བཀས་བཀོད་བརྒྱུད་འཛིན་པ་སོགས་མང་ཚོགས་ཀྱི་གསོན་ལྤགས་བཤུ་མཁན་ས་ཁྱབ་རྡོ་ཁྱབ་ཀྱིས་སྤྱི་ཚོགས་དེའི་བརྟན་ལྷིང་ཡོད་ཚད་དཀྲོག་ངེས། བདེན་བ་ཉམས་དམས་པའི་དུས་དེ་ཙམ་ན་ལྷག་བསམ་དང་ལ་ཞེན་ཅན་ཚོས་མཚམས་རེར་སྐྱོན་འདོན་དང་རྒོལ་བརྡུང་རེ་ཙམ་གཏོང་ངེས་ཀྱང་རང་སྲུང་དང་འཇིགས་སྣང་གིས་དཔུང་རོགས་མེད་པའི་གཡུལ་ས་ནས་ཁོ་ཚོ་རེ་ཞིག་ཕམ་གྱི་རེད། དེར་བརྟེན་ལམ་ཁ་ཚོལ་ཐུབ་པའི་མི་བུ་རྣམས་ནི་སྙིང་ནད་རུམ་གང་རེ་ཁྱེར་ནས་ཕྱོགས་དང་ཕྱོགས་སོ་སོར་བྱོལ་འགྲོ་བ་ངེས་འགྲོ་རེད། འོན་ཀྱང་ནམ་ཞིག་ན་དེ་འདྲའི་མནར་གཅོད་བཟོད་མི་ཐུབ་པའི་རྒྱལ་ཆེའི་མང་ཚོགས་འུ་ཐུག་ནས་ཡར་ལངས་བྱེད་ངེས་པ་མ་ཟད། དེ་འདྲའི་གྱོང་གོད་ཁུར་མི་ཐུབ་པའི་མི་མང་རྣམས་ཀྱིས་འཇིགས་སྣང་མེད་པ་ངོ་རྒོལ་བྱེད་གཏན་ཁེལ་རེད། དེའང་ཨིས་རབ་ཀྱི་སྲིད་དབང་སྒེར་གཅོད་པ་ས་དམ་ཧུ་སིན་བརྟུལ་བ་བཞིན་དུ། སྐེ་ལ་ཐག་པ་བསྐོན་ནས་དྲོད་སྲིད་ལ། འཐབ་རྩོད་པ་ཚོས་དྲང་བདེན་མི་རིག་པའི་དཔོན་ངན་དེའི་མནར་གཅོད་ཀྱི་སྡུག་གྱོང་ཡིད་ལ་དྲན་བཞིན་ཁོའི་ལུས་སྲོག་གི་སྟེང་ནས་འཁོན་ནད་བཙངས་ངེས་རེད། གང་ཡིན་ཟེར་ན་རང་ལ་རང་ཉིད་དུང་ཞེན་ཆེ་བའི་འཇིག་རྟེན་འདིར་སོ་སོའི་སྐྱེས་ཐེངས་གཅིག་གི་རང་དབང་དང་ཐོབ་ཐང་། ད་རུང་རང་དང་རང་གི་སྤྱི་ཚོགས་དེའི་ཁས་ཞེ་དབང་ཐང་ཆ་ཚང་ཐུབ་ཚོད་དང་མཐོང་ཆུང་། ཧམ་ཤེད་གནོན་ཤུགས་ཀྱིས་བཙན་འཕྲོག་དང་རྩ་བརླག་བཏང་ནས། རང་ཐེ་བའི་རྒྱ་ཆེའི་མང་ཚོགས་ཀྱི་བདེ་སྐྱིད་ཡོད་ཚད་རྩ་མེད་བཏང་མཁན་དེ་ཡིན་པས་རེད། དེས་ན་བཙན་ཤེད་དང་་བཤུ་བཞོག་རིངས་ལུགས་ཀྱི་དབང་འཛིན་པ་ནི་ཉེས་པ་སྣ་དགུའི་གཏེ་དཔོན་དང་ཇག་དཔོན་རེད་ལ། ཉེས་ཅན་གྱི་གཏེ་ཕོ་ནི་ནམ་ཡང་མི་སེར་མང་ཚོགས་ཀྱི་དགྲ་བོ་རྣལ་མ་ཡིན། ཁྱེད་ཀྱིས་དབང་པོའི་སྒོ་བཙངས་མེད་པའི་ཡིད་ཆེས་ཡོད། དུས་རབས་ཉེར་གཅིག་པའི་ཉི་མ་གནམ་ནས་ཤར་ཚར་རེད། དེར་བརྟེན་དེ་འདྲའི་གནད་དོན་འགང་ཆེན་དང་ཛ་དྲག་ཞིག་ཡིན་མིན་ཐད་ད་དུང་དོགས་འབྲི་བྱེད་མི་སྲིད། མདོ་དོན། བརྗོད་དོན་འདིའི་དམིགས་འོག་ཏུ་ཚུད་པའི་བཙན་ཤེད་ཀྱི་དབང་བསྒྱུར་རིངས་ལུགས་པ་ཞིག་ཡོད་ཚེ། ཉེས་ཅན་ངོས་ཟིན་པའི་རྗེས་ཐོག་དེ་རང་ནས་ལངས་དགོས། ཡར་ལངས་དགོས། མང་ཚོགས་ཡར་ལངས་དགོས། ་ཆིལ་བསྒྲིལ་གྱི་དཔུང་པ་མཉམ་དུ་གཤིབ་ནས་རྒྱུ་མཚན་གྱི་རལ་གྲི་ྐླད་དུ་ཕྱར་ཏེ་དགྲ་བོའི་གདོང་ལ་ལངས་དགོས། ཐོབ་ཐང་དང་དྲང་བདེན་རྩོད་དགོས། མདུན་ལམ་དང་ནོར་སྲིད་རྩོད་དགོས། འཇིགས་ཞུམ་ནི་རྗེས་ལུས་ཀྱི་རྨང་གཞི་ཡིན་པས། ཁ་འཐོར་གྱི་རྩ་བ་བཙན་གནོན་ལ་རྒོལ་ཏེ་དེང་རབས་ཀྱི་མང་གཙོས་སྒྲིག་འོག་ནས་གྱེན་དུ་ལངས་དགོས། ལྐོག་གཏམ་ལ་གཡེངས་པའི་སྙིང་ནད་པ་ཚོ།
༤། སྤྱི་ཚོགས་ཤིག་གི་གསོན་ཤུགས་ནི་ཤེས་ཡོན་པ་གསོ་སྐྱོང་ལ་རག་ལས་ཤིང་། བགྲོ་གླེང་དང་ཟབ་སྦྱོང་ནི་གསོ་སྐྱོང་གི་ཐབས་ལམ་གལ་ཆེན་ཞིག་ཡིན།
ལས་དབང་ནི་སྔོན་མ་ཞིག་གི་བསྐོས་ཐང་ཡིན་པར་ཁོ་བོས་ཀྱང་གནས་ལུགས་མཐོང་གིན་ཡོད། དེ་བཞིན་ལས་དབང་ལ་བཤགས་སྦྱོང་གི་ལམ་ནས་དག་ཐབས་བྱ་རྒྱུ་ཡོད་པ་ཆོས་ཉིད་རིག་པའི་རྙེད་དོན་ལྟར། དགེ་རྩ་ཞིག་གི་ནུས་སྟོབས་ཀྱང་འདོད། འོན་ཀྱང་ཕལ་མོ་ཆེས་ལས་དབང་ལ་དག་ཐབས་མེད་པའི་ལྟ་ཚུལ་ཞིག་བཟུང་སྟེ། འུ་ཐུག་པའི་འཛིན་སྟངས་ཤིག་གིས་མི་ཚེའི་ལོ་ཟླ་ལེ་ལོའི་རླུང་ཁར་བསྐུར་ནས་བག་མེད་ཀྱི་བྱ་སྤྱོད་ལ་སྦྱར་བཞིན་འདུག དེ་བཞིན་མདུན་བསྐྱོད་ལ་ཕྱོགས་པའི་རྐང་ལག་ལྕགས་སྒྲོག་གིས་བཅིངས་ནས། ནམ་ཡང་རྗེས་ལུས་དང་རྨོངས་གཉིད་ཀྱི་དམ་ཞབས་བཙུད་དེ། ནམ་ཡང་ཐོན་བསྐྱེད་ཀྱི་འགོག་རྐྱེན་བཟོ་བཞིན་འདུག བལྟས་ཚོད་ལ། དེ་ཚོ་ནིི་ཆོས་དང་ལས་འབྲས་ཁས་ལེན་པ་ཁས་ཆེ་བ་ཕལ་མོ་ཆེའི་ངོས་ནས་བཤད་ན་མངོན་གསལ་དོད་པོའི་ལམ་སྲོལ་ཞིག་རེད། དེ་ཉིད་ཀྱི་འབྱུང་རྩ་ནས་གླེང་ན་ཆོས་ལ་ཡིད་ཆེས་དང་བློས་འགེལ་གཙང་མ་ཞིག་མེད་པའི་ཉེར་ལེན་གྱིས་ཡིན་པའང་བཤད་ཆོག་ལ། རྨོངས་ཞེན་སྟེ། རྒྱུ་འབྲས་ཁས་ལེན་སྟངས་མ་ཤེས་པས་ཡིན་པའང་ཤེས་ཐུབ། གལ་ཏེ་རང་དང་རང་གི་སྤྱི་ཚོགས་ལ་གསོན་ཉམས་དང་ཕན་བསྐྱེད་ལྡན་པའི་ནུས་སྟོབས་ཤིག་དགོས་པ་འདོད་ན། རྗེས་ལུས་ཀྱི་རྨང་གཞི་ལས་དབང་ལ་ཁག་དཀྲིར་མེད་པ། སྤྱིར་སྒེར་རྡོག་རྩ་ཆིག་བསྒྲིལ་གྱིི་ཐོག་ནས་ཤེས་ཡོན་དང་ཤེས་ཡོན་པ་གསོ་སྐྱོང་གིས་ཤེས་རིག་དར་རྒྱས་ཀྱི་གནས་ལ་འབད་འབུངས་བྱེད་དགོས་པ་ཡིན། ཤེས་ཡོན་གྱི་ལམ་ནས་སྤྱི་ཚོགས་འཚོལ་བསྙེགས་ལ་ཕྱོགས་བཞིན་པའི་དེང་སང་། ཤེས་ཡོན་མེད་པའི་གང་ཟག་དེ་རྨོངས་འཐོམ་དང་ལྟ་སྤྱོད་སོགས་གང་ཅིའི་ཐད་ནས་དེང་རབས་ཅན་གྱི་སྤྱི་ཚོགས་འདིའི་ནང་། མཉམ་གནས་དང་འདྲ་མཉམ་གྱི་འཚོ་བ་རོལ་ཐུབ་ཀྱིན་མེད་པ་རེད། གལ་སྲིད་ཚོགས་ཁག་ཅིག་དང་གང་ཟག་སྒེར་ཞིག་ཡིན་ཡང་རུང་། འདྲ་མཉམ་གྱི་ལམ་ནས་ཁོར་ཡུག་འདིའི་ནང་སྤྲོ་སྣང་དང་སྤོབས་པ་འཕེལ་རྒྱས་དང་མདུན་བསྐྱོད་ཀྱིས་འཚོ་འདོད་ཡོད་ན། ཤེས་ཡོན་ནི་མེད་ཐབས་མེད་པའི་འཚོ་གནས་ཀྱི་མ་ལག་གལ་ཆེན་ཞིག་ཡིིན་པ་ངོས་ཟིན་དགོས། དེ་ལྟར་ཡོང་བ་ལ་གཞུང་ཞིག་གི་ངོས་ནས་ངེས་པ་དུ་ཚང་དགོས་པའི་ཤེས་རིག་དར་རྒྱས་ཀྱི་ཐབས་ལམ་ཁག་རྩ་འཛུགས་བྱ་དགོས་པ་ནི་སྨོས་མེད་རེད། དེ་ཡང་ཚད་ལྡན་གྱི་ཤིང་མཁན་ཞིག་ལ་མཚོན་ན། རྣོ་ངར་ལྡན་པའི་སྟ་རེ་རང་ལག་ཏུ་འབྱོར་ཞིང་། ཤིང་གཅོད་གཏུབ་ཀྱི་གནད་གསང་ལ་མཁས་པ་ལྟར། གང་ཞིག་བཤད་པ་བྱ་བའི་སློབ་ཚན་ལ་མཁས་ཤིང་། གང་ལ་བཤད་སའི་སློབ་ཕྲུག་ལ་ངོ་སྤྲོད་སྟངས་མཁས་པའི་དགེ་རྒན་དང་། སློབ་སྦྱོང་ཡར་རྒྱས་ལ་རམ་འདེགས་གཏོང་ཐུབ་པའི་ཁོར་ཡུག དོགས་གཅོད་ཀྱི་བགྲོ་གླེང་། སློབ་སྟོན་གྱི་ཟབ་སྦྱོང་། འགྲན་རྩོད་ཀྱི་ལྡིང་ཆ། བསྐུལ་ལྕག་གི་སྒྲིག་གཞི་སོགས་སྤྱི་སྒེར་དོ་ཁུར་གཅིག་བསྒྲིལ་གྱིས་དཀའ་བ་དང་དུ་ལེན་ཏེ། བསམ་བློའི་ཁང་ཆུང་ཤེས་རིག་གི་ནོར་གྱིས་བཀང་ནས་ལེགས་ཉེས་ཀྱི་གནས་ལ་བློ་མིག་ཡངས་པོར་ཡོང་བ་བྱ་དགོས། དེ་ལྟར་བྱུང་ན་ཤེས་ཡོན་པའི་ཁྱུ་ཚོགས་ཤིག་གིས་སྤྱི་ཚོགས་ཀྱི་ལྡིང་ཆ་ཁེངས་ནས་གཟི་བརྗིད་ཀྱི་འོད་སྣང་འབར་ཞིང་། ཡར་རྒྱས་ལ་མེ་སྟག་མཆེད་འོང། མ་ཟད་ཚོགས་སྐྱིད་གང་ཞིག་ཡིན་ཡང་ཞུམ་མེད་ཀྱི་སྤོབས་པས་ཁེངས་ཤིང་གསོན་ཤུགས་ཀྱི་གཉོམ་ལག་རྒྱས་འོང་བ་ཡིན། ཡིན་ནའང་བར་ཆད་བདུད་ཀྱི་ཆོ་འཕྲུལ་ཞིག་སྟེ། དེ་འདྲའི་བརྒྱུད་རིམ་ནང་རང་མ་གཏོགས་གོང་ན་སུའང་ཡོད་མི་ཆོག་པའི་རྙིང་ཞེན་གྱི་འཁྲེག་ལྟའིི་ཤུགས་རྐྱེན་འོག་མ་ཤོར་བ་དང་། ཤེས་ལྡན་གྱི་མཁས་པ་དང་འཇོན་ཐང་གི་མཐུ་རྩལ་རྫོགས་མཁན་འཚར་རིམ་བཞིན། རང་གི་ལྟ་བ་དང་མ་མཐུན་ཚེ་རྡོག་པ་བསྣུམ་རྐྱང་གིས་འཕེལ་རྒྱས་ཀྱི་གཉའ་བཅག་ནས་འཐོར་ཞིག་ལ་བསུ་མ་མི་བྱ་བ། མང་མོས་ཀྱི་ལམ་ལུགས་འོག་ནས་ཚང་མས་སྤྱི་སེམས་ཁུར་དུ་ཁྱེར་ཏེ་བསམ་ཤེས་དང་མིག་རྒྱངས་རིང་པོས་དེང་རབས་ཀྱི་ལྡིང་ཆར་བསྐྱོད་དགོས། དེའི་ཕྱིར་ཤེས་ཡོན་དང་ཤེས་ཡོན་ཅན་གྱི་རིན་ཐང་ཆ་ནས་གླེང་ན། བདག་ཉིད་ཆེན་པོ་གྷན་དྷི་མཆོག་གིས། སློབ་སྦྱོང་ནི་ཐར་པ་བྱེད་པ་ཞིག་གོ་ཞེས་བཤད་པ་དེ་དེང་དུས་ཀྱང་བདེན་པར་ངེས། དེ་ནི་ནང་སེམས་དོན་གྱི་ཤེས་བྱ་རྐྱང་བ་མིན། ཐར་པ་བྱེད་པའི་དོན་ཡང་འཆི་བའི་རྗེས་སུ་ཐར་པའི་གོ་འཕང་ལ་འདྲེན་པའི་བརྡ་དོན་རྐྱང་པ་ཞིག་མཚོན་པ་མ་ཡིན་པར། སྐྱེ་འགྲོ་ཡོངས་ལ་ཕན་པའི་སྲིད་ཞུ་སྒྲུབ་པའི་སླད་དུ་སློབ་སྦྱོང་མཐར་ཕྱིན་པ་ཞིག་དགོས་པ་དེ། ཐར་པ་བྱེད་པ་ནི། ད་ལྟའི་ཚེ་འདིར་ཡང་འཆིང་བའི་རྣམ་པ་ཡོངས་རྫོགས་ནས་ཐར་པ་ཞིག་དགོས་པའི་བརྡ་དོན་ཡིན། འཆིང་བའི་རྣམ་པ་གཉིས་ཡོད་པ་ལས། ཕྱི་ན་གཞན་དབང་བྲན་གཡོག་ཏུ་ཚུད་པ་དང་གཅིག ནང་རང་གི་དགོས་བྱེད་དང་འདོད་པའི་དབང་དུ་སོང་བ་དང་གཉིས་ཡིན་ཞིང་། འཆིང་བ་སྒྲོལ་བྱེད་ཀྱི་ལམ་དུ་ཞུགས་ཏེ་ཐོབ་པའི་ཤེས་བྱ་དེ་གཅིག་པུ་ནིཡང་དག་པའི་སློབ་སྦྱོང་ཞིག་ཡིན། ཞེས་གསུངས་ཡོད། དེ་ལྟར་ཤེས་ཡོན་ནི་རྐང་བ་དང་འདྲ་སྟེ། དེས་འཇིག་རྟེན་འདི་ནས་ང་ཚོ་ཡར་བསླང་སྟེ་དཀའ་སྡུག་གི་ཡུལ་ལས་གཡོ་བཞིན་འདོད་འདུན་གྱི་ཡུལ་ལ་ཁྲིད་ཐུབ་པ་བཞིན། ཤེས་ཡོན་གྱིས་རྨོངས་གཉིད་ལས་བསླང་སྟེ་ཕན་བདེའི་ལེགས་བྱང་ལ་དཀྲི་ཐུབ་ཅིང་ལེགས་ཚོགས་རྒྱ་བསྐྱེད་བྱེད་ཐུབ། ཤེས་ཡོན་ནི་མིག་དང་འདྲ་སྟེ། དེས་ཡིད་དུ་འོངས་བའི་མེ་ཏོག་སོགས་འཇིག་རྟེན་གྱི་དངོས་པོ་སྣ་ཚོགས་མཐོང་ཐུབ་པ་བཞིན། ཤེས་ཡོན་གྱིས་བཟང་ངན་གྱི་བྱ་བ་ཐམས་ཅད་གདམ་ངའི་རང་བཞིན་དུ་མཐོང་ཐུབ། ཤེས་ཡོན་ནི་སྒྲོན་མེ་ཡིན་ཏེ། དེས་མུན་ཁུང་ནང་གི་དངོས་པོ་གསལ་བར་བྱེད་ཐུབ་པ་བཞིན་ཤེས་ཡོན་གྱིས་འཇིག་རྟེན་འདི་དང་ཕ་རོལ་གྱི་འཇུག་སྒོ་མཐའ་དག་ང་ཚོར་གསལ་བོར་སྟོན་ཐུབ། ཤེས་ཡོན་ནི་ནོར་བུ་ཀེ་ཏ་ཀ་སྟེ། དེས་འབག་བཙོག་གི་ཆུ་སྙིགས་བསལ་ནས་གཙང་དག་བྱེད་ཐུབ་པ་བཞིན། ཤེས་ཡོན་གྱིས་རང་དང་རང་གི་སྤྱི་ཚོགས་ནང་ཉོན་མོངས་ཡིད་བྱེད་དང་ལྐོག་ཟ་རུལ་སུངས། བཙན་དབང་དྲག་སྤྱོད་པ་སོགས་རྩ་སྟོང་བྱེད་ཐུབ། དེའི་ལྡོག་ཕྱོགས་ནས་བསྟན་ཚུལ་ཞིག་གིས་ངས་ད་རུང་ཁྱེད་ལ་ཤེས་ཡོན་མེད་པའི་ཉེས་དམིགས་བཤད་ན་ཁྱོད་ལ་བལྟ་ཚུལ་ཆུང་དྲག་ཡོད་པས་རེད། དེ་ལྟར་ཤེས་ཡོན་པ་གསོ་སྐྱོང་གི་བརྒྱུད་རིམ་ནང་བགྲོ་གླེང་དང་ཟབ་སྦྱོང་ནི་མེད་ཐབས་མེད་པའི་མཐུན་རྐྱེན་གལ་ཆེན་ཞིག་ཡིན། དེ་ཡང་སློབ་ཕྲུག་སོགས་སློབ་སྦྱོང་དོན་གཉེར་བ་ཞིག་ལ་མཚོན་ན། ནམ་རྒྱུན་འཆད་ཉན་གྱི་ལམ་ནས་གོ་རྟོགས་སྐྱེས་པ་དང་། དེ་མིན་རང་ཉིད་ཀྱིས་རང་སྦྱོང་བྱས་པ་སོགས་གང་ལྟར་ཡར་རུང་། དེ་འདྲའི་སློབ་གཉེར་བྱས་པའི་བརྒྱུད་རིམ་ནང་རང་གིས་སྦྱོང་བརྩོན་བྱས་པ་ལྟ་བུ་ལ་བསམ་ན། ཕལ་ཆེར་བ་ནི་ཁ་ཚོན་མ་ཆོད་པ་སོ་ཉིའི་ལམ་ནས། ས་སྲོད་ཀྱི་རྫི་བོས་ནོར་ལུག་མཐོང་ནའང་སུའི་ཡིན་མིན་ཤན་འབྱེད་ནས་ངོས་བཟུང་མི་ནུས་པ་བཞིན། ཁོ་ཚོས་ངེས་གཏན་ཁེལ་བའི་གོ་རྟོགས་གསོན་པོ་རེ་རག་ཡོད་པ་དཀོན་པོ་ཡིན། དེར་བརྟེན་ཡིན་མིན་ཤན་འབྱེད་དང་ཡོད་མེད་ཐག་གཅོད་ཅིག་གིས་ཁོང་ཚོར་ཤེས་བྱ་རིག་པའི་གནས་ལུགས་རྣམས་ངོ་སྤྲོད་པ་དང་། ཐོས་རྒྱ་ཡངས་པོ་བཟོ་བ་ནི་སློབ་སྟོན་པ་དང་འཛིན་སྐྱོང་ལྷན་ཚོགས། དེ་བཞིན་དགེ་རྒན་ཚོའི་ངོས་ནས་བཤད་ན་རྩ་བའི་འགན་འཁྲི་རང་བཞིན་ཅན་ཞིག་རེད། མ་ཟད་སློབ་ཕྲུག་རང་ངོས་བཤད་ནའང་ཤེས་བྱ་ནང་འདྲེན་གྱིས་ཡིད་ཆེས་འཕེལ་བའི་གོ་རྟོགས་ནི་སློབ་སྦྱོང་བྱས་པའི་དོན་སྙིང་དང་པོ་ཡིན། དེ་ཡང་མཐའ་ཆོད་མེད་པའི་སྤོམ་སྦྱོང་གི་ལམ་ནས་དུས་གྲོན་མི་བྱ་བ། བློ་མོས་དང་བསྟུན་པའི་རིག་གཅིག་རྐང་འཛིན་ནི་དམིགས་འབྲས་ལྡན་པའི་སློབ་གཉེར་བྱ་སྟངས་ཤིག་ཡིན་ངེས་འདུག དེ་ལྟར་ཆེད་ལས་མཁས་དབང་རིམ་པ་གདན་ཞུས་ཀྱིས་དོན་ཕན་ལྡན་པའི་བགྲོ་གླེང་དང་། གསལ་འདེབས་ཀྱི་ཟབ་སྦྱོང་རིམ་པ་རྩ་འཛུགས་ཀྱིས་སློབ་གཉེར་བ་གསོ་སྐྱོང་བྱེད་པ་ནི་སྤྱིར་སྒེར་གཉིས་ཐད་ནས་ཕུགས་རྒྱངས་རིང་པོའི་མདུན་མ་གལ་ཆེན་ཞིག་ཡིན་ནོ། མཐར་སྡོམ། དམངས་གཙོ་རྒྱལ་གྱུར་ཅིག །
ཅེས་པའང་ཕྱི་ལོ་ ༢༠༠༨ ཟླ་བ་ ༩ ཚེས་ ༢༤ ཉིན་བཻ་ཏའི་ཡུལ་གྱི་རི་སྒང་སེར་པོའི་འདབས་ནས་འཆམ་ར་དྲི་མེད་རྒྱལ་མཚན་དེས་སྤྱི་ཚོགས་ཤིག་ལ་དུང་ཞེན་དྲག་པོས་བྲིས།། འདིའང་སྤྱི་དམངས་རྒྱལ་བའི་རྒྱུར་གྱུར་ཅིག།
དོགས་གཅོད་ཀྱི་བགྲོ་གླེང་། སློབ་སྟོན་གྱི་ཟབ་སྦྱོང་། འགྲན་རྩོད་ཀྱི་ལྡིང་ཆ། བསྐུལ་ལྕག་གི་སྒྲིག་གཞི་སོགས་སྤྱི་སྒེར་དོ་ཁུར་གཅིག་བསྒྲིལ་གྱིས་དཀའ་བ་དང་དུ་ལེན་ཏེ། བསམ་བློའི་ཁང་ཆུང་ཤེས་རིག་གི་ནོར་གྱིས་བཀང་ནས་ལེགས་ཉེས་ཀྱི་གནས་ལ་བློ་མིག་ཡངས་པོར་ཡོང་བ་བྱ་དགོས།
གཡུ་མཚོ་ལགས་ཕེབས་ནས་རྩོམ་ཡིིག་དུམ་བུ་ཞིག་བསྐྱོད་བྱས་ནས་ཕེབས་སོང་འདུག
ཧ་ཧ་ཧ་ཧ
བསྐྱོད་བྱས་ནས་ཞེེས་པ་༼བསྐྱར་བཀོད་༽ལ་བཅོས་རོགས