སྐྱོ་བྲག་དགའ་དབང་།
ངས་འདི་ནས་གླེང་བར་འདོད་པ་ནི། མད་ོལས། འཇིག་རྟེན་གྱི་ཁམས་མཐའ་ཡས་མུ་མེད་པ་ན་དེ་བཞིན་གཤེགས་པ་ལ་མི་མཁྱེན་པའམ། མི་གཟིགས་པའམ། མི་གསན་པའམ། ཐུགས་སུ་མ་ཆུད་པའམ། མངོན་སུམ་དུ་མ་མཛད་པའམ། མངོན་པར་རྫོགས་པར་སངས་མ་རྒྱས་པ་ཅིའང་མེད་དེ། ཞེས་གསུངས་པའི་ཕྱོགས་མཚོན་ལྟ་བུར་ཏིང་འཛིན་རྒྱལ་པོའི་མདོ་ལས་དེང་དུས་རབ་བྱུང་གི་གནས་ཚུལ་གསལ་ལ་མ་འདྲེས་པ་ཞིག་གསུངས་འདུག་པ་དེ་ཡིན།
འཁོར་བའི་ཉེས་ལ་སོ་སོར་མ་བརྟགས་ཏེ། །ལས་ཀྱི་རྣམ་པར་སྨིན་ལ་མི་འཇུག་ཅིང་། །སངས་རྒྱས་རྣམས་ཀྱི་ཚིག་ལ་མ་དད་པས། །བྱིས་པ་དེ་དག་བཅད་ཅིང་གཏུབ་པར་འགྱུར། །ཞེས་པ་ནི་འཁོར་བའི་སྐྱོན་མ་མཐོང་བ་དང༌། ལས་དང་རྣམ་པར་སྨིན་པ་སྟོན་པའི་དེ་བཞིན་གཤེགས་པའི་བཀའ་ལ་མ་དད་པའི་ཕྱིར་བསླབ་པ་ཉམས་པ་སོགས་ཀྱིས་འདི་ཕྱིར་བཅད་ཅིང་གཏུབ་པར་འགྱུར་བའོ། །
མི་འཐོབ་རབ་ཏུ་རྙེད་དཀའ་ཐོབ་ནས་ནི། །བཟོ་ཡི་གནས་དག་ལ་ནི་མཁས་མ་གྱུར། །དབུལ་པོར་གྱུར་ཅིང་ནོར་ཡང་ཡོང་མེད་དེ། །དེ་ནས་འཚོ་བ་མེད་པས་རབ་ཏུ་འབྱུང་། །ཞེས་པ་ནི། རྙེད་དཀའ་མི་ལུས་ཐོབ་ནའང་བཟོ་རིགས་དག་ལ་མཁས་པར་མ་གྱུར་པས་དབུལ་པོར་གྱུར་ནས་འཚོ་བ་མེད་པས་འཚོ་བའི་ཕྱིར་དེ་བཞིན་གཤེགས་པའི་བསྟན་པ་ལ་རབ་ཏུ་བྱུང་བའོ། །
སངས་རྒྱས་བསྟན་འདིར་དེ་དག་རབ་བྱུང་ནས། །ལྷུང་བཟེད་ཆོས་གོས་དག་ལ་ཆགས་པར་འགྱུར། །དེ་དག་སྡིག་པའི་གྲོགས་པོས་ཡོངས་ཟིན་པས། །བདེ་བར་གཤེགས་པའི་བསླབ་པ་མི་སྤྱོད་དེ། །ཞེས་པ་ནི། རབ་ཏུ་བྱུང་བ་རྣམས་ཉེར་མཁོའི་ལོངས་སྤྱོད་ལ་ཆགས་པར་གྱུར་ཅིང་སྡིག་པའི་གྲོགས་པོའི་ལག་ཏུ་སོང་བས་བསླབ་པའི་གནས་ལ་གུས་པར་མི་བྱེད་པའོ། །
དེ་དག་བདག་གི་ཚུལ་ཁྲིམས་མ་མཐོང་བས། །བྱིས་པ་དག་ནི་སེམས་གནས་མི་རྙེད་ཅིང་། །ཉིན་མཚན་རྣལ་འབྱོར་ལ་ཡང་མི་བརྩོན་པས། །དེ་དག་སྡིག་པའི་ལམ་ལ་སྨོད་མི་བྱེད། །ཅེས་པ་ནི། ཡོན་ཏན་གྱི་གཞི་མ་ཚུལ་ཁྲིམས་མེད་ཅིང་། སྒོམ་པའི་རྣལ་འབྱོར་ལ་མ་བརྩོན་པས་སེམས་ཞི་བར་གནས་པའི་ཏིང་ངེ་འཛིན་མ་ཐོབ་པའི་ཕྱིར་ཉེས་པ་ལ་ཉེས་པར་མཐོང་བ་མེད་པའོ། །
ལུས་དང་སེམས་ནི་ཤིན་ཏུ་མི་སྡོམ་པ། །དེ་ནི་ཚིག་ཏུ་མི་སྨྲ་ཅི་ཡང་མེད། །སུ་ཡིས་ཉེས་པ་ཅི་བྱས་བརྒལ་ལོ་ཞེས། །རྟག་ཏུ་གཞན་གྱི་ཉེས་པ་ཚོལ་ཞིང་རྟོག །ཅེས་པ་ནི། དྲ་འབུ་སོགས་ཀྱིས་ལུས་ངག་ཡིད་ཀྱི་སྤྱོད་པ་མ་བསྡམས་པས་རྫུན་པའི་ཚིག་སྨྲ་ཞིང་གཞན་གྱི་སྐྱོན་སྨྲ་བ་ལྷུར་ལེན་པའོ། །
བྱིས་པ་དག་ནི་ཟས་ལ་ཆགས་གྱུར་ནས། །ཟས་ལ་ཚོད་རིག་པར་ནི་མི་བྱེད་དེ། །སངས་རྒྱས་བསོད་ནམས་ཀྱིས་ནི་ཟས་རྙེད་ཀྱང་། །དེ་ལ་བྱིས་པ་བྱས་པ་གཟོ་མི་འགྱུར། །ཞེས་པ་ནི། ཟས་ལ་ལྷག་པར་ཆགས་པ་རྣམས་ཀྱིས་ཟས་ཀྱི་ཚོད་ཟིན་པ་མེད་ཅིང་། སངས་རྒྱས་ཀྱི་བསོད་ནམས་ལ་རྟེན་ནས་ཟས་རྙེད་ནའང་བྱས་པ་མི་ཤེས་པ་ཡིན་པའི་ཕྱིར། སངས་རྒྱས་ལ་བྱས་པ་གཟོ་བའི་ལས་དེ་བཞིན་གཤེགས་པ་ལ་བལྟ་བ་དང༌། ཕྱག་བྱ་བ་དང༌། མཆོད་པ་སོགས་ལ་འཇུག་པ་མེད་པའོ། །
དེ་དག་ཁ་ཟས་རོ་ཞིམ་བསོད་པ་དག །རྙེད་ནས་རྣལ་འབྱོར་མི་བརྩོན་ཟ་ཞིང་འཐུང་། །དེ་དག་ལ་ནི་ཟས་དེ་གདུག་པར་འགྱུར། །བལ་གླང་ཕྲུ་གུས་རྩ་བ་མ་བཀྲུས་བཞིན། །ཞེས་པ་ནི། ཁ་ཟས་ཤིན་ཏུ་ཞིམ་པ་དྲི་དང་རོ་དང་ལྡན་པ་དག་མི་རིགས་པའི་སྦྱོར་བས་ཡོངས་སུ་ལོངས་སྤྱོད་པ་དག་ནི་དུག་དང་འདྲེས་པའི་ཟས་ཟ་བ་དང་འདྲ་བར་དགེ་བའི་སྲོག་གི་བར་ཆད་བྱེད་པའི་རྒྱུ་ཡིན་ཏེ། དཔེར་ན། གླང་པོ་ཆེའི་ཕྲུ་གུས་པདྨའི་རྩ་བ་འདམ་དང་བཅས་པ་ཟོས་ན་འཆི་བའི་རྒྱུར་འགྱུར་བ་བཞིན་ནོ། །
ད་དུང་། དམའ་བའི་རིགས་དང་དབུལ་བའི་རིགས་ལས་ནི། །ང་ཡི་བསྟན་པ་འདི་ལ་རབ་བྱུང་ནས། །དེ་དག་ཞི་བའི་ཆོས་འདི་སྤོང་བར་བྱེད། །ཅེས་རབ་ཏུ་བྱུང་བ་ཕལ་མོ་ཆེའི་འབྱུང་ཁུངས་དང་། ཆོས་སྤོང་གི་ལས་བྱེད་པ་དག་ཀྱང་སངས་རྒྱས་ཀྱི་འབྱུང་འགྱུར་སྔོན་མཁྱེན་གྱིས་གནད་དུ་ཕིགས་པར་གསུངས་པའི་ངོ་མཚར་ཅན་དུ་མཐོང་ནས་འགྲེལ་བ་གྲགས་ཕྲེང་ལྟར་གྱི་གོ་བདེར་བགྱིས་སོ། །
སངས་རྒྱས་ཀྱིས་དྲ་འབུ་ལུང་བསྟན་ནས་དྲ་བ་དང་གློག་ཀླད་ལུང་དུ་མ་བསྟན་པའི་རྒྱུ་མཚན་ཅི།
མདོ་སྡེ་རུང་མཐུན་དུ་གསུངས་པ་ལ་དགོངས་ནས་ལུང་མ་བསྟན་པ་ཡིན་རྒྱུ་རེད།
སྐྱོ་བྲག་ལུང་བསྟན་པའི་མདོ་ཡིན་ས་རེད།
མི་མང་པོ་ཅིག་གི་སེམས་ནང་བླ་མ་གྲྭ་པས་ཆོས་མ་གཏོགས་གཞན་གང་བྱེད་ནའང་མི་འགྲིག་པར་བསམ་པ་དང་། ཅ་དངོས་ཡག་པོ་ཞིག་འཁུར་ནའང་སྐྱོན་བརྗོད་པ་དང་། ཁ་ལག་ཞིམ་པོ་ཞིག་གོན་ནའང་སྐྱོན་བརྗོད་པ། བལྟས་མོ་ཞིག་ལྟ་ནའང་སྐྱོན་བརྗོད་ཀྱང་བྱེད་པ་ལས་བསམ་བློ་གཏོང་གི་མེད། སྤྱིར་རབ་བྱུང་རྣམས་འཇིག་རྟེན་གྱི་བྱ་བ་ཡོད་ཚད་དང་བྲལ་ནས་ཆོས་འབའ་ཞིག་བསྒྲུབ་ཐུབ་ན་རབ་ཡིན་མོད། འོན་ཀྱང་གྲྭ་པ་རྣམས་ཀྱང་མི་ཞིག་ཡིན་པ་དང་བདེ་བ་འདོད་མཁན་ཞིག་ཡིན་པས་མི་གཞན་ལ་དགོས་པ་ཚང་མ་སྤོང་དགོས་ན་ཤིན་ཏུ་ནས་ཀྱང་དཀའ་མོ་རེད། དང་པོ་ང་རང་ཚོ་འདོད་ཡོན་ཐམས་ཅད་སྤོང་ནས་གྲྭ་པ་ཟླ་བ་གཅིག་གྱིས་དང་གཞི་ནས་ཧ་གོ་གི་རེད། དེས་ན་བླ་མ་གྲྭ་པ་རྣམས་ཀྱིས་གཙོ་བོ་མི་ཚངས་པ་སྤྱོད་པ་དང་། རྫུན་སྨྲ་བ། སྲོག་གཅོད་པ། རྐུ་ཇག ཆང་རག ཐ་མག ཚོང་། བརྒྱན་འཇོག་སོགས་སྤོང་དགོས་པ་དང་། ཐོས་བསམ་བསྒོམ་གསུམ་ལ་བརྩོན་པ་གང་ཐུབ་གནང་ན་ང་ཚོ་སྐྱ་བོ་རྣམས་ལས་ཞེ་དྲག་གི་འཕགས་པ་རེད། དེ་མིན་ཅ་དངོས་ཡག་པོ་འཆང་བ་དང་། ཁ་ལག་ཞིམ་པོ་ཟ་བ། བལྟས་མོ་ལྟ་བ། རྩེད་མོ་བརྩེ་་བ་སོགས་ལ་སྐྱོན་ཆེན་པོ་གལ་མཐོང་གི་མི་འདུག སེར་མོ་བ་ལ་ཡང་བདེ་བ་དང་སྐྱིད་པོ་དགོས་པའི་ཕྱིར།
བོད་ལ་ཞེན་རེད་མིན་འདུག་གྲྭ་པ་ལ་ཞེན་རེད་འདུག ཀུ་རེ་ཡིན།
ཁྱོད་ཀྱི་བསམ་ཚུལ་འདི་བློ་ལ་འཐད་པ་ཡིན།
དྲ་འབུ་ཞེས་པའི་ཚིག་འདི་སྐྱོ་བྲག་གིས་གསར་དུ་བཅུག་པ་ཞིག་རེད།
མདོ་ནང་དྲ་འབུ་ཞེས་པའི་ཚིག་ཅིག་མེད་ཚོད་ཡིན།
མེ་དཀར་ལེགས། བོད་ཀྱི་སྤྲུལ་སྐུའི་སྐོར་ལ་བགྲོ་གླེང་གིས་བློ་འཁྲུགས་
ནས། ༼སྐྱོ་བྲག་ལུང་བསྟན་པའི་མདོ་ཡིན་ས་རེད།༽་ཞེསབཀོད་པར་མཐོང་ངོ་།
་
བོད་ཀྱི་རིང་གཞུང་འདོད་ན་སྔ་རབས་སྐད་ལ་སྦྱོངས།
བོད་པ་གཅིག་སྒྲིལ་འདོད་ན་སྔ་རབས་སྐད་ལ་སྦྱོངས།
བོད་པ་ཡར་སྐྱེད་དགོས་ན་འདོད་ན་སྔ་རབས་སྐད་ལ་སྦྱོངས།
སྔ་རབས་སྐད་དེ་བཀའ་འགྱུར་གཞུང་ན་གསལ།།
་
ཞེས་བྲིས་པ་བཞིན་དུ། རྩོམ་ཡིག་དེ་ཉིད་ཚིགས་བཅད་འདིའི་ཕྱོགས་སུ་འགྲོ་བར་སྣང་བས་བདག་ཡིད་དགའོ།
དེ་ཡང། དེང་སང་། ཞེས་པར་ཀློང་ཆེན་རབས་འབྱམས་པ་དང་། མཁས་གྲུབ་རྗེ་སོགས་ཀྱི་བྲིས་གཞུང་ན། དིང་སང་། བྲིས་སོ།།
འདིས་དྲ་འབུ་མེ་ཏོག་དཀར་པོ་ལུང་བསྟན་བཞག་འདུག བཀུ་རེ་ཡིན་ནོ།
འོ་བཀའ་འགྱུར་ནང་ལ་མེད་པའི་བོད་སྐད་མང་པོ་འདུག བཀའ་འགྱུར་ནི་རྒྱ་གར་ནས་དར་བར་འདོད་ཅིང་དེས་ན་བཀའ་འགྱུར་ནང་གི་ཕྱི་ཡི་འཁོར་ཡུག་ནང་གི་རྟོག་འགྱུ་ཐམས་ཅད་རྒྱ་བའི་འཁོར་ཡུག་ལ་བསྟུན་ནས་བྲིས་པ་རེད། དེར་རྟེན་བཀའ་འགྱུར་ནང་དུ་མེད་པའི་སྐད་ཅ་དེ་ཚོ་ལ་གང་བྱེད་དགོས་རེད་དམ། རྒན་ལེགས་ཆོས་ཀྱི་བཀའ་འགྱུར་ནང་དུ། གཡག་དང་འབྲོང། འབྲི་དང་བེའུ། རྐྱང་དང་གནའ་བ་སེམས་ཅན་དེ་རིགས་ཀྱི་མིང་ཡོད་དམ། ད་དུང་བོད་ཀྱི་ཞིང་འབྲོག་གི་རིག་གནས་ཚབ་མཚོན་གྱི་མིང་བརྡ་མང་པོ་ཞིག་ཡོད་པས་དེ་ཚོའང་བཀའ་འགྱུར་གྱི་ནང་དུ་ཡོད་དམ།
མདོ་ཏིང་འཛིན་རྒྱལ་པོའི་གླེགས་བྱང་དང་། བཀའ་འགྱུར་པོད་གང་གི་ནང་དང་། ལྡེབ་གྲངས་བཅས་གསལ་པོ་གསུང་རོགས་གནོངས།
བན་དེ་བ་་ལེགས།
བཀའ་འགྱུར་གི་ཤེས་བྱ་དེ་དག་རྒྱ་གར་གྱི་ཡིན་ཀྱང་། སྐད་དེ་བོད་སྐད་གཙང་མ་ཡིན། སྐད་དེའི་ཐོག་ཏུ། བོད་ཀྱི་དངོས་རྫས་ཇི་འདྲ་ཞིག་ཡིན་ནའང་བདག་ཅག་གིས་འབྲི་ཐུབ། དཔེར་ན། བདག་གིས་བརྡ་སྤྲོད་ཀྱི་དཔེར་བརྗོད་དུ། སྔོན་ལོ་ངོ་བཅུ་ཕྲག་འགའ་ཤས་སྔོན་དུ་འདི་ལྟར་བྲིས་པ་ཡོད་དེ། རྗེས་འཇུག་ག་དང་ངའི་རྗེས་སུ། གིས། ཞེས་པ་འཇུག་སྟེ།
གཡག་གིས་རྩྭ་ཟ་འབྲོང་གིས་མཐོང་ངོ་། ཞེས་པ་ལྟ་བུ། གཞན་ཡང་། དིང་སང་གཞིས་ཀ་རྩེ་དང་ལྷ་སའི་བར་དུ་རླངས་འཁོར་ཐོག་འགྲུལ་སྐྱོད་བྱེད་ཐུབ། ཅེས་པ་ལྟ་བུ་བཀའ་འགྱུར་གྱི་སྐད་དང་མི་མཐུན་པ་ཞིག་ཏུ་འདུག་གམ།
བདག་གིས་བཀའ་བསྟན་གསུང་འབུམ་བཅས་ཀྱི་སྐད་བཀོལ་དགོས་པ་ཡང་དང་ཡང་དུ་སྨྲས་ཀྱང་། དིང་སང་སྔར་གྱི་མཁས་པས་བྲིས་པའི་སློབ་སྦྱོང་བྱས་པ་དག་གིས་གོ་དོན་ཡོད་པའི་རིག་གཞུང་རྒྱ་མཚོ་ལྟ་བུ་ཡོད་ཀྱང་། དེ་དག་ལ་སློབ་སྦྱོང་དམན་པ་རྣམས་ཀྱིས་ཆོས་སྐད་དང་རང་གི་ཁ་སྐད་བསྲེས་པ་དང་། དེ་བཞིན་བདག་རང་ཡང་བཀའ་བསྟན་གསུམ་རྣམས་ལ་སྦྱངས་པ་དམན་པས། ནོར་འཁྲུལ་བྱས་ཡོད་པ་ཀུན་བསྟན་ཏེ། འདི་འགྲིག་ འདི་མི་འགྲིག ཅེས་བསྟན་ན། རང་ཅག་གིས་བོད་སྤྱིའི་སྐད་ལ་ཡར་རྒྱས་གཏོང་ཐུབ། དངོས་བསྟན་གང་ཡང་མེད་པར་ཁྱོད་ཀྱི་སྐད་ངན་ནོ། ཞེས་སྨྲ་བ་ནི་བོད་སྤྱིའི་སྐད་ཡར་རྒྱས་ལ་གནོད་པར་བྱེད་པ་མ་རབས་སུ་ངོས་འཛིན་ནོ།།
རྒན་ལ་དྭགས་པ་ལགས་ལ་བཀའ་ལན་གནང་བར་ཐུགས་རྗེ་ཆེ། འོན་ཀྱང་ང་ཡི་དྲི་བ་ནི། བཀའ་འགྱུར་གྱི་ནང་དུ་གཡག་དང་འབྲོང་ལས་སོགས་ཀྱིས་མཚོན་པའི་བོད་ཀྱི་མིང་བརྡ་དེ་ཚོ་ཡོད་དམ་ཅེས་དྲིས་པ་ཡིན།
དཔེར་ན། དེང་རབས་ཞིབ་འཇུག་པ་ཡིན་ཟེར་མཁན་བོད་རིགས་དང་ཕྱི་རྒྱལ་བ་མང་པོ་ཞིག་གིས་་་་་ལ་བཙས་ཟེར་བར་་་་་ལ་རྩེ་ཞེས་བྲིས་པར་མ་ཟད་་་་ནེའུ་ཡོག་ཏུ་ཡོད་པའི་དཔེ་མཛོད་ཅིག་གི་མིང་བྱང་ལའང་་་་་ལ་རྩེ་དཔེ་མཛོད་ཅེས་བྲིས་པ་འདུག་དེ་ཚོ་དག་པ་ཡིན་ནམ་་་་འོན་ཀྱང་ཁྱེད་ཀྱི་བོད་སྐད་དག་པ་ཡིན་མིན་ནི་བཀའ་འགྱུར་ལ་གཞི་བཅོལ་དགོས་ཟེར་ནས་བཤད་ཡོང་དུས་གང་འདྲ་ཡིན་ནམ་དྲན། བན་དྷེའི་བཀའ་འགྱུར་ནི་རྒྱ་གར་ནས་འོང་པ་ཡིན་ཅིང་དེ་ཡི་ནང་གི་བསམ་ཚུལ་དག་་་ཞེ་ས་མ་ཞུས་ན་རྒྱ་གར་གྱི་བསམ་ཚུལ་ཞིག་ཡིན་དགོས། མ་ཟད་བཀའ་འགྱུར་དེ་དག་ལ་སྔ་ཕྱིའི་མཁས་པ་མང་པོས་ཞུས་དག་དང་སྐད་གསར་བཅད་ཡིན་ཟེར་ནས་བཅོས་བསླད་མང་པོ་ཐེབས་མེད་དམ་སྙམ་པའི་དྭོགས་པས་དྲིས་པ་ཡིན་ཞུ།
ཁྱེད་ཅག་ལ་མངོན་པར་བསྟོད། འུ་ཅག་གི་སྐད་ཡོད་དོ་ཅོག་བཀའ་འགྱུར་ནང་ནས་རྙེད་དགོས་ན་ཅུང་ཁག་པོ་རེད།
དེས་ན་ཡུལ་སྐད་ཡིག་སྐད་དང་ཐད་ཀྱིས་འགྲིགས་འགྲོ་བ་ཞིག་དགོས་རྒྱུ་གལ་ཆེ་སྙམས།
བན་དེ་བ་མཆོག་དང་། གདོང་དམར་བ་ལེགས། བོད་ཀྱི་སྐད་གཙང་མ་དེ་བཀའ་བསྟན་དང་གསུམ་འབུམ་དང་བོན་གྱི་རིག་གཞུང་གི་སྐད་ན་ཡོད། དེ་དག་གི་དག་ཆ་གཞིར་བཟུང་། རང་རེའི་ཡི་གེའི་དག་ཆ་རྣམས་འབྲི་ཐུབ་ན། དགེ་མཚན་ཆེ་བ་ཡོད། ཚུལ་ཁྲིམས་གཡག་རྔ་བཞིན་དུ་སྲུང་བར་མཛད། ཅེས་པ་ཞིག་ངའི་ཁ་ན་འདུག དེས་གཡག་ཅེས་པའི་སྒྲ་དེ་དག་ན་ཡོད་ངེས། དེ་ན་ཡོད་མེད་དེ་གལ་ཆེ་བ་མ་ཡིན། སྐད་གཙང་མ་དེའི་འགྲོ་སྟངས་བཞིན། རང་རེས་མིང་སྒྲ་གསར་པ་ཡང་སྒྲུབ་དགོས་པ་ཡིན། (ལ་བཙས་ཟེར་བར་་་་་ལ་རྩེ་ཞེས་བྲིས་པར་མ་ཟད་) ཅེས་པ་དེ་དིང་སང་བོད་སྐད་གཙང་མའི་གནའ་བོའི་སྒྲ་གདངས་ལ་སྦྱངས་པ་དམན་པ་དག་གིས་སྒྲ་དེ་གཉིས་དོན་དག་གཅིག་པར་འདོད་པ་ལས་བྱུང་། ལ་ལ་སྐྱེས་པ་ལ་ལ་བཙས་དང་། ལའི་རྩེ་མོ་ལ་ལ་རྩེ། ཞེས་འདོད། ནེའུ་ཡོག་ཏུ་ཡོད་པའི་དཔེ་མཛོད་དེ་ཕྱི་མ་ལྟར་ཡིན་ངེས་བསམས།
བནྡེའི་བཀའ་འགྱུར་གྱི་དོན་དེ་རྒྱ་གར་ནས་འོངས་པ་ཡིན་ཀྱང་། ཚིག་དེ་རྣམས་བོད་རང་གི་ཡུལ་འཐོན་ཡིན་དགོས། རྒྱ་གར་གྱི་དོན་དག་བོད་ཀྱི་སྐད་དུ་ཕབ་པ་ན། བོད་ཀྱི་སྐད་ཀྱིས་རྒྱ་གར་གྱི་དོན་དག་འཆད་ཐུབ་པ་བྱུང་འདུག་གམ། མི་འདུག་མཁས་པས་ཞུས་དག་བྱེད་དགོས། དེ་བཞིན་དུ། བོན་གཞུང་ངམ་འདོད་དོན་ཞིག་བོད་ཀྱི་སྐད་དུ་བཏོན་པའམ་བྲིས་པ་ན། ཞུས་དག་བྱེད་དགོས་པ་དེ་འཇིག་རྟེན་གྱུ་མཁས་པ་དག་གི་ལུགས་སོ། དེས་ན། ངའི་ཁ་སྐད་དུ་འོང་བ་ལ་ཡོང་བ་ཟེར་ཡང་དེ་ཉིད་དག་པ་མ་ཡིན། ཆོས་སྐད་དང་མཐུན་པར་འོང་བ་ཞེས་འདོན་ཅིང་འབྲི་ན། ཆོས་རྗེ་ས་པཎ
གྱིས།
ཆོས་ཀྱི་སྐད་དང་མཐུན་པ་ཡིས།
རང་ཡུལ་(ལུང་)སྐད་ངན་སྤང་བར་བྱ།
ཞེས་གསུངས་པ་ལྟར་རོ།།
Hi
རྒན་བློ་བཟང་འཇམ་དཔལ་ལགས་ཀྱིས་དོགས་སྤོངས་ཧ་ཅང་ཡག་པོ་གནང་སོང་བས་ཐུགས་རྗེ་ཆེ། ཡང་བཀའ་དྲི་ཞིག་ཞུ་འདོད་པ་ནི་སྔར་རབ་བྱུང་ཡིན་ལ་ད་ལྟ་ཕམ་པ་ཕོག་ཀྱང་གྲ་ཆས་གྱོན་པ་ཞིག་ཡོད་ན་དེར་ཁྱིམ་རྟགས་ལེན་ཏུ་བཅུག་ན་ཉེས་པ་ཡོད་མེད་གསུང་རོགས།