མོན་གྷོ་གཞིས་ཆགས་ནས་ཆབ་སྲིད་བཙོན་པ་ཞིག་དང་ཁ་བརྡ་བྱས་པ།
༅།། ༢༠༠༨ ཟླ ༣ ཚེས ༨ ཉིན་གཙུག་ལག་ཁང་དུ་གསར་ཞུགས་གྲྭ་བ་ཚོར། ངེད་ནས་སྒྲུང་ཐུང་ཐུང་ཞིག་བཤད། སྒྲུང་དེ་ནི་ཁོང་ཚོ་ནམ་རྒྱུན་འཚུབ་ཆ་ཆེ་སྟབས། ཚེས ༩ དང ༡༠ ཉིན་གཉིས་ལ་ཅུང་མྱ་ངན་གྱི་རྣམ་པར་འདུག་ཆེད་བཤད་པ་ཡིན། ང་ཡང་གཙུག་ལག་ཁང་དུ་སླེབས་ནས་ལོ་མང་པོ་མིན་ལ། རང་གི་ལོ་ཚོད་ཀྱི་ཆ་ནས་བཤད་ན་ཁོང་ཚོར་གསུམ་བཅུའི་དུས་དྲན་གྱི་སྒྲུང་བཤད་རྒྱུའི་ཤེས་ཚད་ཡག་པོ་ཞིག་མེད། ཡིན་ནའང། ངས་ཁོང་ཚོར་གསུམ་པའི་ཚེས ༩ དང ༡༠ ཉིན་གཉིས་ནི་ལོ་རྒྱུས་ནང་བོད་མི་གྲངས་ལས་འདས་པ་དམར་གསོད་བྱས་པའི་ཉིན་མོ་ཞིག་ལ་འཁེལ་གྱི་ཡོད་ཅིང། དེ་ནི ༡༩༥༩ དང་བརྒྱ་བཅུ་གྱ་གྲངས་ནང་རེད། སོང་ཙང་སང་གནངས་གཉིས་ལ་མདོ་དབུས་ཁམས་གསུམ་ནས་ཕེབས་པའི་དད་ལྡན་མཆོད་མཇལ་བ་ཚོའི་མཐོང་སར་སྣང་བ་མེད་པའི་རྣམ་འགྱུར་སྟོན་མི་རུང་ཞེས་བཤད། སྐབས་དེར་ཁོང་ཚོས་འོ་ན་ང་ཚོས་ག་རེ་བྱེད་དགོས་པ་རེད་ཅེས་དྲིས་སོང། ངས་རྩེད་མཚར་གྱིས་ཟས་བཅད་ངོ་རྒོལ་བྱེད་དགོས་པ་རེད་ཅེས་བཤད། ད་དུང་ཟས་བཅད་ངོ་རྒོལ་ནི་ཞི་བ་ཡིན་ཞིང་ཟ་མ་མི་ཟ་བ་རེད་སོགས་བཤད་པ་ཡིན། འོན་ཀྱང་ཡིད་ལ་མ་དྲན་པ་ཞིག་ལ། ན་གཞོན་ཤ་དར་ཁྲག་དར་གྱི་གྲྭ་བ་དེ་ཚོས་ཕྱི་ཚེས ༩ གཙུག་ལག་ཁང་གི་མདུན་དུ་མགོ་བོ་གཟན་གྱིས་བཏུམས་ནས་གུས་ཞུམ་ངང་ཟས་བཅད་ངོ་རྒོལ་བྱས། གྲྭ་བ་རྒན་པ་རྣམས་ཀྱིས་ཀྱང་གནས་ཚུལ་དེ་ཤེས། དེ་མ་ཐག་ཚང་མ་ལས་འགུལ་དེར་མཉམ་ཞུགས་ཞུས་འཕྲལ། རྒྱ་དམག་གིས་ང་ཚོར་གཙུག་ལག་ཁང་གི་ནང་བཅུགས་པ་མ་ཟད། འདྲི་རྩད་ཀྱིས་སྡོད་བཟོད་མི་བདེ་བ་བཟོས།
དེ་ནས་བཟུང་ང་ཚོ་གཙུག་ལག་ཁང་གི་ཕྱི་ལོག་ཏུ་འགྲོ་མི་ཐུབ་པ་བཟོས། ཡིན་ནའང། ཕྱི་ཚེས་དགུ་ནས་རྭ་མོ་ཆེ་གཙུག་ལག་ཁང་གི་ཕྱོགས་ནས་སྐད་སྒྲ་སྣ་ཚོགས་ཤིག་ཐོས་ཀྱི་འདུག སྐད་སྒྲ་དེ་གཙུག་ལག་ཁང་གི་ཉེ་འཁྲིས་སུ་སླེབས་སོང། ང་ཚོས་སྒེའུ་ཁུངས་ནས་སྐད་འབོད་ཀྱི་ཟུར་ཙམ་མཐོང་ཐུབ་ཀྱི་འདུག བོད་མི་ཚོས་ངོ་རྒོལ་སྐད་འབོད་གནམ་ས་ཁེངས་པ་བྱས་ཏེ་ཚུར་སླེབས། རྒྱ་དམག་གིས་མེ་མདས་དྲག་ཉམས་ཅི་ལྟར་བསྟན་ཀྱང་བོད་མི་ཚོས་༧རྒྱལ་བ་རིན་པོ་ཆེ་བོད་དུ་གདན་འདྲེན་ཞུ་དགོས་ཞེས་ངོ་རྒོལ་བྱས། རྒྱ་དམག་གིས་མེ་མདས་དྲག་ཉམས་སྟོན་རྒྱུ་ལས་བརྒལ་སྟེ། མེ་མདའ་ཞི་རྒོལ་བ་ཚོའི་རྐང་སྣེར་གཏད་དེ་གཞུས་སོང། ཕོ་གསར་ཞིག་དམར་གསོད་བཏང་སྟེ་གདོང་ཁྲག་གིས་སྦགས་པ་ངས་དངོས་སུ་མཐོང། ཚམ་ཚོམ་མེད་པར་ལག་ཁྱེར་ཁ་པར་བླངས་ནས་དཔའ་བོ་དེའི་བེམ་པོ་པར་དུ་བཏབས། དེ་ནས་བཟུང་ཉིན་བསྟར་ཆགས་ལྟ་བུར་ཕྱི་ལོག་ན་གྲགས་འགུལ་སྣ་ཚོགས་ཡོད་པ་ང་ཚོས་སྒེའུ་ཁུངས་ནས་མཐོང་བ་དང། སྐད་སྒྲ་མཁའ་དབྱིངས་ནས་རླུང་གིས་སྐྱེལ་སྟེ་ཤེས་རྟོགས་བྱུང། ང་ཚོ་ནི་རྦད་དེ་གཙུག་ལག་ཁང་གི་སྒོ་རྒྱབ་ནས་ཕྱི་རུ་ཐོན་མ་བཅུག་ཁར་ཉིན་རེར་ཟ་མ་ཐུག་པ་སྐམ་པོ་རེ་སྤྲོད་པ་ལས། ཤག་ཕན་ཚུན་དུ་བསྐྱོད་པའམ་གསང་སྤྱོད་ནང་འགྲོ་དུས་ཚུན་ཆུད་ལའང་རྒྱ་དམག་གསུམ་རེས་རྗེས་འདེད་གཏོང་གི་འདུག
ཕྱི་ཕྱོགས་ཀྱི་གྲགས་འགུལ་དེས་ང་ཚོ་སྐོར་ཞིག་གཙུག་ལག་ཁང་གི་རྒྱབ་ནས་གསང་སྟབས་ཀྱིས་འཆོང་སྟེ། གཙུག་ལག་ཁང་གི་མདུན་ཐང་དུ་སླེབས་ནའང། བོད་མི་ཚོས་གྲྭ་བ་དང་ཨ་ནེ་ཚོར་བདག་པོ་རྒྱག་དགོས། ཁོང་ཚོ་ང་ཚོ་བོད་ཀྱི་ཆོས་རིག་གི་བདག་པོ་ཡིན་ཅེས་ལབ་སྟེ་ང་ཚོ་རང་འཇགས་གཙུག་ལག་ཁང་གི་ནང་དུ་བཅུགས་སོང། དེ་ནས་བཟུང་ཕྱི་ལོག་གི་སྐྱོ་གར་ཡོད་ཚད་ང་ཚོས་སྒེའུ་ཁུངས་ནས་ཅུང་ཙམ་ཨེ་མཐོང་ལྟ་རྒྱུ་དང། མི་མང་གི་སྐད་སྒྲ་ཉན་རྒྱུ་དེ་ལས་ཐབས་ཤེས་ཟད་སོང། ངས་སྒེའུ་ཁུངས་ནས་ཨ་མ་ཞིག་གིས་པང་དུ་བུ་ཞིག་ཉར། ལག་ཏུ་བུ་ཞིག་ཁྲིད་དེ་འགྲོ་བཞིན་༧བོད་རང་བཙན་ཡིན། ༧རྒྱལ་བ་རིན་པོ་ཆེ་ང་ཚོའི་དབུ་ཁྲིད་ཡིན། ༧རྒྱལ་བ་རིན་པོ་ཆེ་བོད་ལ་གདན་འདྲེན་ཞུ་དགོས་ཞེས་པ་དེ་མི་མང་གི་སྐད་འབོད་ཁྲོད་ནས་དམིགས་བསལ་གསལ་ཐོས་བྱུང། སེམས་ཚོར་དེའི་འོག་ང་དང་ངའི་གྲོགས་པོ་ཚོར་འདྲི་རྩད་དང་ཆབ་སྲིད་སློབ་གསོ་ཐེངས་ཉི་ཤུ་རྩ་གྲངས་ལྷག་བཙན་ཤུགས་ཀྱིས་སྤྲད་སོང།
ཕྱི་ཚེས ༢༧ ཉིན་གྱི་ཞོགས་པར་ཡར་ལངས་ནས་སོ་འཁྲུ་རུ་སོང། སྐབས་དེར་གཙུག་ལག་ཁང་གི་ཐོག་བརྩེགས་དང་པོའི་མ་ཎི་འཁོར་ལོ་རྣམས་ཐྲག་ཐྲག་འཁོར་བའི་སྒྲ་དེས་ང་ཡུད་ཙམ་སད་པ་ལྟར་གྱུར། མར་བལྟས་དུས་མཆོད་མཇལ་བ་མང་པོ་གཙུག་ལག་ཁང་དུ་བཏང་འདུག་པ་དང་དེའི་ནང་ཁམས་དང་ཨ་མདོའི་ཕྱོགས་ནས་ཡོང་བའི་མཆོད་མཇལ་བ་ཁ་ཤས་ཡོད་པའང་མཐོང། གློ་བུར་དུ་མཆོད་མཇལ་སྒོ་ཕྱེས་བ་དེར་ང་རང་འཐོམས་སོང། སྐབས་དེ་ཤེད་ཅིག་ལ་གཙུག་ལག་ཁང་གི་འགན་འཛིན་གྱིས་ཀྱང་དེ་རིང་མཆོད་མཇལ་བཏང་ཡོད་ཅེས་སྐད་ཆེན་པོ་རྒྱབ་སོང། དེ་མ་ཐག་ང་དང་གྲོགས་པོ་ཚོ་ཐོག་བརྩེགས་དང་པོར་བསྐྱོད་དེ་གཡོ་ཇུས་ཅི་ཞིག་ཡོད་མེད་ལ་བལྟ་རུ་ཕྱིན།
ང་ཚོ་ཧང་སངས་སོང། ཁོང་ཚོས་གསར་འགོད་པ་བཅུ་གྲངས་ཤིག་གཙུག་ལག་ཁང་དུ་ཁྲིད་ཡོང་སྟེ་ལྷ་ས་དུས་བདེ་ཞོད་འཇགས་ཡིན་པའི་གསར་འགྱུར་རྫུན་མ་ཞིག་བཟོ་འཆར་འདུག་པ་མཐོང་སོང་ལ། གཙུག་ལག་ཁང་གི་འགན་འཛིན་སྐུ་ཞབས་ལྷག་པས་ཡོན་རྒྱལ་རབས་ནས་བོད་རྒྱ་ནག་གི་ཆ་ཤས་ཡིན་པ་སོགས་ཁོང་ཚོའི་ཇུས་བཀོད་ལྟར་གསར་འགོད་པར་ལན་འདེབས་གནང་བཞིན་པ་ཤེས་འཕྲལ། ང་ཚོ་ངུ་བཞིན་འཆོང་བཞིན། བོད་ལ་བཤུ་གཞོག་སྡུག་རྩུབ་བཏང་བ། ༧རྒྱལ་བ་རིན་པོ་ཆེས་༣༡༤ དོན་རྐྱེན་དང་འབྲེལ་བ་མེད་པ། ང་ཚོར་༧རྒྱལ་བ་རིན་པོ་ཆེས་རྒྱུད་སྐུལ་གང་ཡང་བྱས་མ་སོང་ཞེས་དབང་མེད་མིག་ཆུ་ཤམ་ཤམ་བཞུར་སྟེ་བཤད་ཀྱང། སྙིང་རླུང་སྟོད་ལ་འཚང་ནས་རྒྱ་སྐད་ཀྱང་ཁ་ནས་མ་ཐོན་སྟབས། ངས་ཐའེ་ཝན་ནས་ཕེབས་པའི་གསར་འགྱུར་འགོད་མཁན་བུད་མེད་དེར་བོད་སྐད་ཀྱིས་སྡུག་བསྔལ་རྣམས་བཤད། བུ་མོ་དེས་ཀྱང་བོད་སྐད་ཅུང་ཙམ་བཤད་ཐུབ་ཀྱི་འདུག འཚུབ་ཆ་རྦ་རླབས་ལྟར་འཁྲུག་པ་དེའི་ནང་ནས་ང་ཚོ་རྒྱ་དམག་གིས་དབྱེ་འབྱེད་མ་ཐུབ་པའི་སྐབས་དེར་སྐར་མ་བཅུ་ལྷག་མ་འགོར་བར་གསར་འགོད་པ་ཚོར་འཁྲིད་སོང། སྐབས་དེར་ང་ཚོས་ཀྱང་རྒྱ་དམག་ཚོར་བོད་སྐད་བཤད་པ་མ་གོ་ཁར་ཁོང་ཚོར་སྡུག་རྩུབ་ཆེ་དྲགས་ནས་ང་ཚོར་གཅར་རྡུང་ཚད་ལས་བརྒལ་བ་བཏང་སོང། ཡིན་ནའང། རྒྱ་དམག་དེ་རྣམས་སྡུག་རྩུབ་ཁ་མདོག་མ་གཏོགས་བློ་ཁོག་མེད་པ་ང་ཚོས་གསལ་བོར་ཤེས། གང་ཡིན་ཞེ་ན། སྐབས་དེར་རྒྱ་མིའི་དམིག་མི་ཞིག་གི་གཅིན་པའང་ཁུའུ་ཐུང་ནང་ཤོར་བ་དངོས་སུ་མཐོང་ནས་གཅར་རྡུང་ཅི་ཙམ་བྱས་ཀྱང་ངུ་མ་དགོད་ཀྱི་སྣང་བ་ཞིག་ཀྱང་ཤར་སོང།
སང་ཉིན་ཞོགས་པར། ལྷ་སའི་གཙུག་ལག་ཁང་གི་སྐུ་ཞབས་ཚོས་གསར་འགོད་པ་ཚོར་ལན་འདེབས་བྱས་པ་དེ་ནི་གཡོ་བསླུ་རེད་ཅེས་གཏམ་ཞིག་རླུང་གིས་འཁྱེར་ནས་སླེབས་སོང། དེ་ནི་གསར་འགོད་པ་དེ་ཚོ་ནི་རྒྱ་ནག་གཞུང་གི་ཆེད་མངགས་ལས་བྱེད་ཡིན་པ་དང། ཁོང་ཚོས་ཉམས་ཚོད་ལེན་པ་དང། ཁ་ལ་མི་ཉན་མཁན་རྣམས་སྲོག་ཐོག་གཏོང་གི་རེད་ཅེས་གྲགས་སོང། ཡིན་ནའང་སྐབས་དེར་ང་ཚོའི་ནང་སྲོག་ཐོག་ལ་ཧ་ལས་པའི་ཞེད་སྣང་བྱེད་མཁན་དེ་ཙམ་མི་འདུག ང་ཚོས་གནས་ཚུལ་འདི་༧རྒྱལ་བ་རིན་པོ་ཆེ་དང་བཙན་བྱོལ་ནས་གསན་པ་ཡིན་ན་ཅི་མ་རུང་སྙམ་བཞིན་པའི་སྐབས་དེར། ཉིན་གཅིག་རླུང་འཕྲིན་ནང་ལྷ་སའི་གཙུག་ལག་ཁང་ནས་སྐུ་ཞབས་ཚོས་གསར་འགོད་པ་ཚོར་ལན་འདེབས་བྱས་པའི་སྐོར་ཐོས་སོང། གནས་ཚུལ་དེ་ཐོས་མ་ཐག་ངའི་གྲོགས་པོ་ཞིག་གིས་དགའ་ཚོད་མ་ཟིན་པར་རླུང་འཕྲིན་ཉན་ཆས་རྩིག་པའི་སྒང་རྡབ་ནས་བཅགས་སོང། ཤག་གི་ཕྱི་ལོག་ཏུ་སླེབས་ནས་ཚང་མས་དགའ་ཚོད་མ་ཟིན་པར་ས་ལྡིང་གནམ་ལྡིང་བྱས། ང་ཚོ་ཚང་མས་གསན་དགོས་ས་དེའི་གསན་འདུག ད་ག་རེ་བྱས་ན་བྱས་ཞེས་སེམས་ཐག་ཆོད་པོས་དགའ་དགའ་སྐྱིད་སྐྱིད་འདྲ་ཞིག་བཏང་བ་ཡིན། འོན་ཀྱང། འདི་ནི་གཙུག་ལག་ཁང་གི་ནང་དུ་བཅུགས་པའི་གྲྭ་བ་ཚོའི་གནས་སྟངས་ལས། ལྷ་ས་ཁྱོན་ཡོངས་ཀྱི་གནས་སྟངས་དང་མདོ་ཁམས་སྟོད་སྨད་དུ་ག་རེ་བྱུང་བཞིན་པ་ཟུར་ཙམ་ལས་ང་ཚོས་ཤེས་ཀྱི་མེད།
སྐབས་དེར། བོད་ཀྱི་བླ་ཆེན་དུ་ཁེས་འཆེ་བ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཟེར་བ་དེ་གཙུག་ལག་ཁང་དུ་ང་ཚོའི་བསམ་བློ་བསྒྱུར་བཅོས་གཏོང་དུ་སླེབས་སོང། ཁོང་གི་གཏམ་བཤད་ལ་ང་ཚོ་ཚང་མ་མི་འགྲོ་རང་འགྲོ་རེད། ཚང་མ་འཛོམས་མཚམས། ཁོང་གིས་མདུན་གྱི་ནག་པང་སྟེང་”བོད་རང་བཙན་གྱི་རེ་སྟོང་མཆིལ་མ་བཞིན་བོར་ཅིག་”ཅེས་བྲིས་སོང། སྐབས་དེར་ངའི་ཟིན་བྲིས་དེབ་ཆུང་ཞིག་ཀྱང་འཁྱེར་ཡོད། ཡིན་ནའང། ཁོང་གིས་མུ་མཐུད་༧རྒྱལ་བ་རིན་པོ་ཆེར་ཏཱ་ལས་ཟེར་བཞིན་མཚན་སྨོད་ཞུ་མགོ་བརྩམས་སོང། ང་རང་ཉོབ་སོང། ཉན་མ་འདོད་ནས་མགོ་གཟན་གྱིས་བཏུམས་ནས་སྒུར་བསྡད་པ་ཡིན། རྒྱབ་ནས་གྲོགས་པོ་ཞིག་གིས་ཉན་འདོད་མེད་ཀྱང་རྣམ་འགྱུར་ཡག་ཅིག་སྟོན་ཞེས་བསླབ་བྱ་རྒྱབ་བྱུང། དེ་མུར་བསྡད་པས་དམག་མི་ཞིག་གིས་གཤེ་གཤེ་བཏང་སོང། མཚམས་དེར་སྒྲུབ་ཁང་གིས་ངེད་ལ་མཛུབ་མོ་བཙུགས་ནས་ཡར་ལོངས་ཟེར། ལངས་པ་ཡིན། མིང་ལ་ཅི་ཞིག་ཡིན་ཟེར། ལན་བཏབས་མེད། དམག་མིས་ངའི་མིང་བཏོན་སོང། སྒྲུབ་ཁང་གིས་སྡོད་མི་ཐུབ་མཁན་དེ་ཁོང་རེད་པཱ་ཞེས་ལབ་སོང། དེ་མ་ཐག་ལག་གི་ཟིན་བྲིས་དེབ་དེས་ཅོག་ཙེ་སྒང་གཞུས་ནས་མར་ཐོན་པ་ཡིན། དམག་མིས་བཀག་ཀྱང་སྒྲུབ་ཁང་གིས་ཐོན་བཅུགས་ལབ་སྟབས་བཏང་སོང། ནང་དུ་ཕྱིན་ནས་ཉལ་བསྡད་པ་ཡིན། འོན་ཀྱང་སྙིང་རླུང་གིས་མེས་འཚིགས་པ་ལྟར་ཅི་བྱ་འདི་བྱ་མེད་པ་ཆགས་སོང།
ཆུ་ཚོད་གཉིས་ཏག་ཏག་འགོར་མཚམས་སྒྲུབ་ཁང་གིས་ང་སྐད་བཏང་། ཟུར་ཐུག་བྱས་ཏེ་ཅིའི་ཕྱིར་ངས་སྤྱོད་པ་དེ་འདྲ་སྟོན་དགོས་སམ་ཞེས་དྲིས་སོང། ངས་༧རྒྱལ་བ་རིན་པོ་ཆེ་ངའི་རྩ་བ་བླ་མ་ཡིན། ཁོང་ལ་དགག་པ་རྒྱབ་ན་ང་ནང་པ་ཆགས་ཀྱི་མ་རེད། ངས་གྲྭ་ཆས་གྱོན་ཡོད། སོང་ཙང། ངས་༧རྒྱལ་བ་རིན་པོ་ཆེ་ཕར་ཞོག ཤག་གི་དགེ་རྒན་ལའང་དགག་པ་རྒྱག་གི་མ་རེད། དེའི་སྐོར་རིན་པོ་ཆེ་ནས་མཁྱེན་གྱི་རེད་ཅེས་ལབ། སྒྲུབ་ཁང་གིས་རྣམ་འགྱུར་ཡག་པོ་སྟོན་ཡ་མེད་ན་དགོན་པ་ནས་ཕུད་ཀྱི་ཡིན་ཟེར། ང་ཕྱིར་ཕུད་བཏང་ན་བཏང་ཞེས་ལན་བཏབས། དེ་ནས་བཟུང་གནོན་ཤུགས་རབ་དང་རིམ་པས་ང་དངོས་གནས་དགོན་པ་ནས་ཕུད་ས་རེད་བསམས་ཀྱང། ཟླ་བ་གཉིས་ལྷག་ལ་ཉིན་རེར་སྤྱི་བདེ་ལས་ཁུངས་ལ་བཅར་དགོས་པའི་ཐོག་དགོན་པར་བཞག་སོང། དེ་བཞིན་ནང་མིར་ཐུག་འཕྲད་སོགས་ལའང་ལས་ཁུངས་དེར་དགོངས་ཞུ་མེད་ཚེ་འགྲོ་མི་ཆོག་པ་བཟོས། གནས་སྟངས་དེའི་འོག་ངེད་རང་སྡོད་བཟོད་མ་བདེ་བར་རྒྱ་གར་རང་དབང་ལུང་པར་ཡོང་དགོས་བྱུང། རྗེས་སུ་ཁོང་ཚོས་ངའི་ཤག་གི་དགེ་རྒན་ལའང་ཟླ་དྲུག་ལྷག་རིང་ཉིན་ལྟར་སོ་ལྟ་སུན་བཙུར་བྱས་སྟབས་དགེན་ལགས་ཀྱང་དགོན་པ་ནས་འདུག་མ་ཐུབ་པར་ནང་དུ་སྤྱུགས་འདུག
གནས་སྟངས་སྐྱོ་བོ་དེ་ང་འདི་གར་འབྱོར་མཚམས་བདེ་སྲུང་ལས་ཁུངས་ནས་གསལ་བོར་མཁྱེན་གྱི་འདུག་པ་མ་ཟད། ངེད་ལ་རེ་འདུན་ཅི་ཡོད་ཁོང་ཚོས་སྐོང་གི་ཡིན་གསུངས་ཀྱང། བདག་གི་ཨ་ཞང་ཡང་ཆབ་སྲིད་བཙོན་པ་ཡིན་ཡང་བདེ་སྲུང་ལས་ཁུངས་ལ་སྐུ་ངལ་གཏད་མེད་སྟབས་ངས་ཀྱང་རེ་འདུན་གང་ཡང་མ་བཏོན།།
༢༠༡༣། ༢། ༨། ཉིན།།
སྒྲུང་ངོ་མ་ཡིད་ལ་བབས་བྱུང་། དབུགས་ཐག་གཅིག་གི་ནང་ཀློག་བཞག
ངའི་ཡིད་ལའང་༢༠༠༨ཝ་ལེར་ཤར་འོང་གྱིན་འདུག རྒྱ་དམར་དེ་ཚོ་སྔོན་ཆད་ཉི་ཧོང་པས་བསད་མ་ཚར་བ་དེ་འགྲིག་མི་འདུག
སྒྲུང་བདེན་པ་ཡིན་ས་རེད།་་་་ཡག་པོ་ཚར་ཅིག་ཀློག་ཡོད་་་ཐུགས་རྗེ་ཆེ།
སྒྲུང་བདེན་པ་ཡིན་ས་རེད།་་་་ཡག་པོ་ཚར་ཅིག་ཀློག་ཡོད་་་ཐུགས་རྗེ་ཆེ།
ཐུགས་རྗེ་ཆེ།་སྐུ་ཞབས་ཤར་ཕྱོགས་ཁུག་རྟ་ལགས།
བོད་ནང་གི་བོད་མི་ཚོའི་སྙིང་སྟོབས་དང་ཆོད་སེམས་ལར་རྒྱ་འདི་འདྲ་རེད། བཙན་བྱོལ་བའི་དྲ་འབུ་ཚོས་ནང་འཛིང་རྒྱག་ནས་མི་ཚེ་རྫོགས་བཞིན་ཡོད། རིན་ཆེན་མི་ལ་ཁྲི་སྐོར་ཞེས་པ་དེ་དངོས་གནས་རེད་འདུག
འོ་ད། བོད་ནང་གི་ཕལ་ཆེ་བའི་འབོད་སྒྲ་རང་བཙན་རེད་འདུག ཚང་མས་ཡག་པོ་ཀློག།
ཁུའུ་ཐུང་ཟེར་བ་འདི་བོད་ཀྱི་ཚོག་མཛོད་ཡོད་ཚད་ནང་བཙལ་བས་མ་རྙེད། རྒྱ་མིང་ཞིག་ཡིན་པར་ཤོག
ཁུའུ་ཐུང་ཟེར་བ་འདི་ཤར་ཕྱོགས་ཁུག་རྟས་རང་སྣང་ཡིན་ས་རེད།
ཤར་ཁུག་ཟམ་གདོང་གི་ཨབ་ཕྲུག་རེད་པ། མིང་ཚིག་གང་བྱུང་རང་སྣང་གང་དྲན་རེད།
སྒྲུབ་ཁང་མི་ངན་ད་བོད་ན་མིང་ངན་གྲགས་ཡོད་པ་ཞིག་ཡིན་ཡ།
སྒྲུང་ངོ་ནས་བདེན་པ་རེད། ཚར་ཅིག་ཀློག་ཡོད་་་་་་་་ཐུགས་རྗེ་ཆེ་ཞུ་གི་ཡིན་ད་