རྣམ་འདྲེན་རྒྱལ་བ་གཞན་གྱིས་བོར་བའི་གངས་ལྡན་ནགས་མའི་དཀྱིལ་འཁོར་ན།།
འཕྱན་པའི་འགྲོ་ལ་རྗེས་སུ་ཆགས་པའི་དམིགས་མེད་ཐུགས་རྗེ་གཡོ་མེད་ཅིང་།།
སྤྱན་རས་གཟིགས་ཞེས་རབ་འབྱམས་ཞིང་གི་རྣ་ལུང་དལ་གྱིས་སྒུལ་བ་སྟེ།།
བདག་གི་སྟོན་པ་བསྟན་འཛིན་རྒྱ་མཚོ་བསྐལ་པའི་མཐར་ཡང་གཏན་གྱི་སྐྱབས།།
དགེ་འདུན་གྲུབ་པའི་མཚན་གྱི་དོན་ནས་བྱོན་པའི་སངས་རྒྱས་གཉིས་པ་ཁྱེད།།
ལྔ་ལྡན་གླིང་གི་དབྱེ་བས་མ་ཆོད་ཀླ་ཀློའི་ཞིང་ཁམས་ཐམས་ཅད་གཤེགས།།
དྲི་མེད་ལུང་དང་རྟོགས་པའི་བསྟན་དང་ཚད་མེད་སྙིང་རྗེའི་ཞབས་རྗེས་ནི།།
མ་ཐེག་ཀུན་བཟོད་སྒེག་མོའི་འཁུན་སྒྲ་སྲིད་པའི་ཁོངས་ལས་རིང་དུ་བརྒལ།།
ལོག་སྨོན་ཆུ་སྲིན་རྒྱལ་མཚན་མཛེས་ཤིང་འཁོར་བའི་རྒྱ་མཚོར་ངལ་གསོ་བའི།།
གདུག་རྩུབ་སྙིང་ཁམས་མེ་རུ་འབར་བའི་མི་སྲུན་དྲག་པོའི་སྡེ་དེར་ཡང་།།
འཚེ་མེད་སྙིང་རྗེའི་ཡུལ་དུ་སྒོམ་པའི་བྱང་ཆུབ་སེམས་ཀྱི་ལྟ་བ་དེར།།
ཆེ་དགུ་མ་བགྲོས་གཅིག་ཏུ་བཏུད་པའི་རྣམ་ཐར་ཡང་དག་དོན་གྱིས་མཛེས།།
རྣམ་པར་དག་པའི་ཐུགས་གཤིས་བཟང་པོས་ཆེ་དགུའི་སྙིང་ལ་བདེ་བ་སྟེར།།
ཤིན་ཏུ་ཞི་བའི་སྤྱོད་པ་བཙུན་པས་འགྲོ་བའི་སེམས་ལ་ངལ་གསོ་ཐོབ།།
ཡང་དག་སྐུ་ཡི་གསུང་དབྱངས་གཅིག་གིས་ཐམས་ཅད་ཐར་པའི་ས་ལ་འགོད།།
རྣམ་པར་རྒྱལ་བའི་རྒྱལ་མཚན་མཛེས་པས་བླ་ན་མེད་པའི་སྟོན་པར་ངེས།།
དྲག་སྦྱོར་སྦྲུལ་གྱི་ཚང་དུ་ཕེབས་འདོད་སྔ་ནས་ཁྱེད་ལ་ཡོད་ནའང་།།
རེ་ཞིག་མི་སྲུན་ཀླ་ཀློའི་དཔུང་གི་མགོ་བོ་མཐོ་ཙམ་གཡོ་བ་དེས།།
བཅུ་ཚན་དྲུག་གི་བགྲང་བྱའི་རི་མོ་མི་འདོད་སྡུག་གི་ཁོག་ལ་བྲིས།།
གཞན་གྱི་དོན་དུ་རྩུབ་པོའི་འཚེར་མ་གདན་དུ་བྱ་བ་བདག་གིར་བཞེས།།
ཐམས་ཅད་མཁྱེན་པའི་མཚན་གྱི་ཅོད་པན་སྲིད་པའི་རྒྱན་དུ་མངོན་པར་མཛེས།།
དྲང་སྲོང་བདེན་པའི་གསུང་དབྱངས་མཐའ་དག་ཚངས་པའི་ཐིག་གིས་མི་གཡོ་བས།།
རིས་མེད་བསྟན་དང་སྟོན་པ་དག་ཀྱང་ཁྱེད་ལ་དབུ་ལྕོག་ལྡེམ་པ་ལྟའི།།
རྣམ་པར་རྒྱལ་བའི་ངོ་མཚར་རྣམ་ཐར་རྒྱལ་བ་གཞན་གྱིས་ག་ལ་ཞིག།།
ནག་ཕྱོགས་དགྲ་སྡེའི་དཔུང་གི་འཚེ་བའི་ཆུ་ཁུར་དལ་གྱིས་འོང་བའི་ཚེ།།
ཤིན་ཏུ་ཞི་བའི་དགོངས་པའི་ཏིང་འཛིན་སྐད་ཅིག་གཅིག་གིས་གཞིལ་བའི་གཏམ།།
ངོ་མཚར་འཕྲུལ་གྱིས་སྲིད་གསུམ་ཁྱོན་ལས་རིང་དུ་བརྒལ་བའི་གྲགས་པ་དེར།།
དཀར་ཕྱོགས་ལྷ་མིས་དགའ་བའི་ཅ་ཅོ་གངས་རི་འཁྲིགས་པའི་སུལ་ན་སྒྲོགས།།
ཁ་ཅིག་ཁྱེད་ཀྱི་མཚན་ནས་འབོད་ཅིང་གཅེས་པའི་སྲོག་ཀྱང་ཡོངས་གཏོང་བ།།
སྐྱབས་གནས་བསླུ་བ་མེད་པར་ཤེས་ཤིང་དེ་ལྟར་བོར་བ་ག་ལ་ཡོད།།
ཁྱོད་ནི་བླ་མ་ཁྱོད་ནི་ཡི་དམ་ཁྱོད་ནི་མཁའ་འགྲོ་ཆོས་སྐྱོང་སྟེ།།
ཁྱེད་ཀྱི་མཚན་ཙམ་ཐོས་པ་ཙམ་གྱིས་ཤིན་ཏུ་བདེ་བའི་ངལ་གསོ་ཐོབ།།
འགའ་ཞིག་ཁྱེད་ཀྱི་མཚན་གནས་རྗེས་འབྲེལ་ཁ་ལ་འཁྱེར་ནས་གྲུབ་རྟགས་ངོམ།།
རེ་འགའ་དྲིན་བྱས་དྲིན་དུ་མི་ཚོར་གཤེ་ཞིང་སྐུར་བའི་སྒྲོ་འདོགས་ཀྱང་།།
དགའ་སྡུག་རང་བཞིན་མཐའ་ལ་མ་ལྷུང་བྱམས་བརྩེའི་དགོད་སྒྲ་སྙན་མོ་ཡིས།།
ཚངས་པའི་དབྱངས་ཀྱི་སྙན་པ་འགོག་པས་ཆེ་དགའི་མགོ་བོ་ཕྲག་ལ་ལྷུང་།།
ལོ་པཎ་རྒྱལ་བློན་སུས་ཀྱང་མ་བྱས་ཁ་བ་རི་བོའི་བདེ་སྐྱིད་སླད།།
ཧི་མ་ལ་ཡའི་གངས་ཀྱི་རི་ལ་ཞབས་སེན་བཀྲ་ཤིས་རི་མོ་བཀོད།།
བགྲང་བྱ་བཅུ་ཚན་དྲུག་གི་རིང་ལ་བྱ་དཀའི་ངལ་བ་འབུམ་ཕྲག་གིས།།
ཐུ་བྷོད་བཙན་པོའི་ཆོས་དང་རིག་གཞུང་འཛམ་གླིང་མཛེས་པའི་རྒྱན་དུ་བཏེགས།།
མགོན་ཁྱོད་ངལ་བའི་རྔུལ་ཆུའི་ཐིགས་པ་ཡར་ཀླུང་གཙང་པོ་མིན་ནམ་སྙམ།།
མི་ལོ་སྟོང་ལ་འཛད་པ་མེད་པའི་བཞུར་རྒྱུན་རིང་མོ་མཁའ་ལ་འཕྱོ།།
ཉིན་དང་ཟླ་བའི་སྐར་ཆ་རེར་ཡང་འགྲོ་ལ་ཆགས་པའི་སྙིང་རྗེའི་སེམས།།
དུབ་པ་མེད་པ་སྤྱན་རས་གཟིགས་ཁྱེད་མི་ཡི་རྣམ་པར་རོལ་བ་ཉིད།།
ཆོས་དང་འཇིག་རྟེན་ལྷན་དུ་སྦྱོར་བའི་གྲུབ་བརྫུ་རྩ་ཡི་གཟུགས་ཁམས་ཅན།།
དེང་གི་དུས་ན་ཟང་ཟིང་ལས་ཀྱིས་བསྟན་དང་སྟོན་པར་བརྙས་པ་མང་།།
མགོན་ཁྱོད་གང་དུ་བྱོན་པའི་ཡུལ་དེར་དག་པར་ཐེར་བའི་བདེན་པའི་ལམ།།
རིས་མེད་ཉི་མ་གཞོན་ནུའི་འོད་བཞིན་ཁྱབ་པའི་བཀའ་དྲིན་སྙིང་ལ་ལྕི།།
དགྲ་དང་གཉེན་གྱི་མཐའ་ལ་མ་ལྷུང་དབུ་མ་ཆེན་པོའི་དགོངས་པ་དེ།།
འདས་མ་ད་གསུམ་མངོན་པར་གཟིགས་ཤིང་འཁྲུལ་བ་མེད་པའི་ལོ་རྒྱུས་ཉིད།།
མགོན་ཁྱོད་མཁྱེན་པའི་མ་འོངས་པ་ནི་འཚེ་མེད་ཞི་བའི་བསྟི་གནས་ཤིག།
ས་ཡ་དྲུག་ལ་ཤིན་ཏུ་འཚམ་པའི་ཆོས་སྲིད་ཟུང་གི་རྒྱལ་ཁམས་ཤིག།།
སྡེ་པ་གཞུང་ལ་བདེ་སྐྱིད་མེད་སྐབས་འཚེར་མའི་ཚང་ཞིག་ཁྱེད་ལ་ཕུལ།།
བཅུ་དྲུག་གཞོན་པའི་དུས་དེ་ནས་བཟུང་སྡུག་གི་སྐེ་ཐག་ཁྱེད་ལ་བསྐོན།།
རྩ་བ་རུལ་བའི་སྡོང་རྒན་དེ་ཉིད་འགྱེལ་བར་ངེས་པ་ཆོས་ཉིད་བཞིན།།
སྡུག་གི་ལོ་རྒྱུས་སྐྱུར་མོ་འདི་ནི་མགོན་ཁྱེད་ཁོ་ནའི་འགན་དུ་བབ།།
སྔ་རབས་སྐུ་དྲག་ཚང་ཞིག་འགྱེལ་བ་མི་ཐེག་སྡུག་བསྔལ་མི་འབྱུང་སྟེ།།
སྔར་མེད་མང་གཙོ་གསོལ་རས་སྩལ་བའི་ལོ་རྒྱུས་འདི་ལ་ངོ་མཚར་ཆེ།།
གྲི་དང་མདུང་གི་ནང་དམེའི་འཚོ་བ་ཡོངས་སུ་སྒྲིལ་བའི་དཀྱོགས་མཚམས་འདིར།།
མགོན་ཁྱེད་ཐུ་བྷོད་བཙན་པོའི་ལོ་རྒྱུས་གསར་དུ་འབྲི་བའི་དབུ་ཁྱུད་ཉིད།།
དགྲ་བོའི་སྒྱོགས་སྒྲས་གནམ་ས་སྒུལ་བའི་ང་དགུ་ལོ་ཡི་མུན་ནག་དེས།།
གངས་རིའི་ཁ་མདོག་ཁྲག་ཏུ་བསྒྱུར་བའི་ཟློག་མེད་ལས་དབང་བཙན་པོ་དེ།།
བྱས་པའི་འབྲས་བུ་སྨིན་པ་ལགས་ཏེ་མ་བྱས་ལས་དང་འཕྲད་པ་མིན།།
དཀར་ནག་གོ་བའི་བརྡ་ཞིག་སླེབས་པ་མི་རིགས་འདི་ལ་ཤིན་ཏུ་འཚམས།།
རྔམ་གནག་མཚོ་མོའི་རླབས་ཀྱིས་འཁྱེར་བའི་རུས་སྦལ་གཉའ་ཤིང་མགྲིན་ཆུད་ལྟར།།
གངས་ཅན་པ་རྣམས་གཏད་སོ་མེད་དུས་མགོན་ཁྱོད་ཐར་པའི་དེད་དཔོན་ཉིད།།
དམར་པོའི་ལྕག་གིས་རྐུབ་ལ་བྲབས་ཤིང་གཉའ་གནོན་སྡུག་གི་ཤོར་མ་དག །
འདི་ཕྱིའི་ལམ་གྱི་ས་མཁན་མཛད་ལ་ཁྱེད་ནི་འཇིག་རྟེན་མིག་གཅིག་པུ།།
ཁྱེད་ཀྱི་ཞབས་སེན་རི་མོའི་རྡུལ་དག་གང་དུ་གནས་པའི་ས་ཕྱོགས་དེར།།
སྡེ་བཞིའི་ཕུན་ཚོགས་གཡང་དུ་ཆགས་ཤིང་ཤིས་པར་བརྗོད་པའི་དབྱངས་ཀྱིས་ཁྱབ།།
མར་གྱུར་འགྲོ་བའི་སྙིང་ལ་ལྕི་བའི་མགོན་པོ་ཁྱེད་ཀྱི་བཀའ་དྲིན་ནི།།
སྟོང་གསུམ་ཐམས་ཅད་གསེར་གྱིས་ཁེངས་ཤིང་ཕུལ་བས་ཆ་ཙམ་གཞལ་མ་ཡིན།།
འདབ་བརྒྱད་སྙིང་གི་པདྨའི་རོ་ལ་ཁྱེད་ཞལ་འཐིམ་པའི་ཐང་གཅིག་ལ།།
མ་སྐུལ་དད་པས་སུག་ལས་བགྱིས་པའི་སྦྲང་ཆུང་ཟ་ཟིའི་གླུ་དབྱངས་འདི།།
འབུམ་ཕྲག་བསྐལ་པར་རྗེས་སུ་འཛིན་ཕྱིར་མདོ་ཁམས་ཡུལ་གྱི་སྙན་ངག་པ།།
འཆི་མེད་བདུད་རྩིའི་མིང་ཙམ་འཛིན་པས་གནས་མཆོག་རྡ་རམ་ས་ལར་སྤེལ།།
ཁྱེད་སྐུ་མི་ནུབ་སྲིད་པའི་རྒྱལ་མཚན་བསྐལ་བརྒྱར་བརྟན་པའི་བཀྲ་ཤིས་ཤོག།།
ཚད་མ་མེད་པའི་ཐུགས་དགོངས་ཟབ་མོ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།།
ཁྱེད་ཞབས་དྲི་མེད་གསེར་གྱི་འཁོར་ལོ་ཁ་བ་ཅན་ལ་བསྒྱུར་བར་ཤོག།།
ས་ཡ་དྲུག་དང་འཛམ་གླིང་སྐྱེ་འགྲོ་ཞི་བདེའི་དཔལ་གྱིས་འཚོ་བར་ཤོག། །
ཅེས་ ༸སྙིང་རྗེའི་རང་གཟུགས་འཕགས་མཆོག་ཕྱག་ན་པདྨོ་མིའི་རྣམ་པར་རོལ་བ་༸གོང་ས་རྒྱལ་ མཆོག་བཅུ་བཞི་པ་ཆེན་པོ་གང་གི་ཞབས་ཀྱི་ཆ་ཤས་ཕྲ་མོ་ཙམ་ལ་བསྟོད་པའི་སརྒ་འདི། མདོ་ཁམས་སྨད་ཀྱི་སའི་ཐིག་ལེར་ལྟེ་མཚལ་འཕོས་པའི་སྙན་ངག་པ་ཀུན་གྱི་གྲལ་མཐའ་བ་ ལྷ་ཆབ་སྦྱིན་པའམ། མིང་གཞན་གནམ་ལྕགས་སུ་འབོད་པས་༢༠༡༣ ཟླ ༡ ཚེས ༨ ཉིན་དད་དུང་དྲག་པོས་ལག་ལ་གང་ཡོང་གི་ཐ་སྙད་དག་སྤུངས་ཏེ་བསྟོད་པའི་ཁུལ་ཙམ་ བགྱིས་པའི་དགེ་བའི་རྩ་བའི་མཐུ་ལ་བརྟེན་ནས། རང་ཅག་གངས་ཅན་པ་རྣམས་གཞིས་བྱེས་ལྷན་འཛོམས་ཀྱི་དཔལ་ལ་རོལ་ཞིང་སྟོན་པ་ཆེན་པོ་ གང་གི་ཞབས་ཀྱི་དཀྱིལ་འཁོར་རི་བོ་གངས་ཅན་གྱི་ཞིང་དུ་འགོད་པར་གྱུར་ཅིག་གུ། །།
སྙན་པོ་རང་ཕུལ་འདུག
ངོ་མ་སྙན་ངག་པ་ཞིག་དང་་་ཡང་ན་སྙན་ངག་ལ་དགའ་མཁན་ཞིག་ཡིན་ན་འདི་འདྲའི་སྙན་རྩོམ་འགའ་མཐོང་ཡོད་པ་དེ་ཚོར་བླང་དོར་གྱི་ངོས་ནས་ཟེར་ན་འདྲ་་་ཡང་ན་ཁྱད་ཆོས་དང་སྒྱུལ་རྩལ་གྱི་ཐད་ནས་ཡིན་ཡང་རུང་ངེས་པར་དུ་སྐད་ཆ་རེ་ཡོད་དགོས་ནི་རེད་མོད་འོན་ཀྱང་འུ་ཚོའི་འདི་ནས་ཡོད་ཚད་པོར་ཚོར་བ་མེད་ནི་འདྲ་ཞིག་རེད་་་
སྡེ་པ་གཞུང་ལ་བདེ་སྐྱིད་མེད་སྐབས་འཚེར་མའི་ཚང་ཞིག་ཁྱེད་ལ་ཕུལ།།
བཅུ་དྲུག་གཞོན་པའི་དུས་དེ་ནས་བཟུང་སྡུག་གི་སྐེ་ཐག་ཁྱེད་ལ་བསྐོན།།
རྩ་བ་རུལ་བའི་སྡོང་རྒན་དེ་ཉིད་འགྱེལ་བར་ངེས་པ་ཆོས་ཉིད་བཞིན།།
སྡུག་གི་ལོ་རྒྱུས་སྐྱུར་མོ་འདི་ནི་མགོན་ཁྱེད་ཁོ་ནའི་འགན་དུ་བབ།།ཞེས་པ་འདི་ནི། ལོ་རྒྱུས་དང་འབྲེལ་བའི་སེམས་ལ་ཕན་པ་ཅིག་བྲིས་འདུག
ངོ་མ་སྙན་པོ་འདུག
འདྲེ་ངས་འདི་འདྲའི་སྙན་ངག་ངོ་མ་ཅན་ལ་མ་མཇལ་བར་ཡུན་རིང་བུད་ཐལ་་་་དོན་གྱི་སྙན་ངག་པ་རྒད་པོ་ཁྱོད་ལ་ཐུགས་རྗེ་ཞུ།
ལྷ་ཆབ་ལགས་ངོ་མ་བཟང་གི སྙན་ངག་ཡག་ཉེས་མི་ཤེས་ཀྱང་བསམ་བློ་གཏོང་སྟངས་ཡག་པོ་ཞེ་དྲགས་འདུག ཐུགས་རྗེ་ཆེ། རྩོམ་པ་རློམ་པ་འགས་ལྟོ་ནང་ནས་ཟ་སྒོ་ང་ཕྱི་ལ་གཏོང་མཁན་འདུག ད་དུ་རེ་འགས་གཟི་བརྗིད་དུ་ཡང་རློམ་མཁན་འདུག
ལྷ་ཆབ་ལགས་་་་་་་་་་་་ཡག་པོ་བྲིས་འདུག་་་་་་་་་་་་
ངེས་དོན་གྱི་སྙན་ངག་པ་ཅིག་རེད་འདུག་་ངོ་སོ་ཡར་ལ་བསྟོད།
བསྟོད་པ་ཡིན་ཙང་སྙན་པོ་འདུག་ཟེར་གི་ཡོད་དམ། ཡང་ན་ཅི
བོད་ཀྱི་སྙན་དངགས་མཁན་པོ་ལྷ་ཆབ་སྦྱིན་པའམ། གནམ་ལྕགས་མཆོག་གིས་རང་རེའི་བླ་མར་སྒྲོ་བསྐུར་མེད་པའི་རྟོགས་བརྗོད་སྐལ་བཟང་མིག་འབྱེད་ལྟ་བུ། ད་བར་དུ་མཆན་ཡིག་པ་བརྒྱད་ཀྱིས་མགྲིན་གཅིག་ཏུ་བསྟོད་པ་ལ་བདག་ཀྱང་དགའ་འོས་པ་ཡིན།
་
འོན་ཀྱང་གོང་གསལ་མཆན་བུ་དག་ན། བོད་སྐད་ཀྱི་ཡི་གེ་དག་པའམ་མ་དག་པ་ལ་གཅིག་གིས་ཀྱང་བརྟག་དཔྱད་མ་བྱས་པ་ནི་ཡ་མཚན་པའི་གནས་སུ་མཐོང་། ཁོ་བོ་ནི་དེ་འདྲ་མ་ཡིན་པར་་བཀའ་བསྟན་གསུམ་འབུམ་རྣམས་དང་བསྡུར་ཏེ། ཡི་གེའི་དག་ཆའི་ངོས་ནས་རྗེས་འཇུག་ཆད་པ་དང་། བོད་སྤྱིའི་སྐད་དང་མཐུན་པར་པ་ཡིག་གམ། བ་ཡིག་དགོས་པ་ངལ་བ་དང་ཞུམ་པ་མེད་པར་བོད་ཀྱི་སྤྱིའི་སྐད་དམ་ཆོས་སྐད་སྲུང་བའི་ཕྱིར་སྨྲ་བར་བྱ་སྟེ། འདི་ལྟར།
་
རེ་འགའ་དྲིན་བྱས་དྲིན་དུ་མི་ཚོར་གཤེ་ཞིང་སྐུར་བའི་སྒྲོ་འདོགས་ཀྱང་།།
འདིར་རེ་འགའ་ཞེས་པ་ཁ་ཅིག་གི་དོན་ཡིན་ནམ་དུས་ཀྱི་དོན་ཡིན། དང་པོ་ཡིན་ན། ཁ་ཅིག་ཅེས་འབྲི་ན་འཁྲུལ་གཞི་མི་འབྱུང་བར་ཁྱད་ཆེ། གལ་ཏེ་དུས་ཀྱི་དོན་ཡིན་ན་འདིར་རེ་འགའ་ཞེས་པར་རེས་འགའ་ཞེས་དགོས་ཏེ། རྗེ་ཙོང་ཁ་པས། ལམ་རིམ་ཉམས་མགུར་ན། འདི་འདྲ་རྙེད་པ་ད་རེས་ཙམ་ཞིག་ཡིན། ཞེས་དང་། ཚད་མའི་བསྟན་བཅོས་རིགས་པའི་རྒྱན། དབུས་སྤར་ཤོག་གྲངས་༨༣ན། རྗེ་དགེ་འདུན་གྲུབ་ཀྱིས། རེས་འགའ་སྐྱེ་བའི་དངོས་པ་ཡིན་པའི་ཕྱིར། ཞེས་སོགས་རྗེ་ཡབ་སྲས་རྣམས་ཀྱི་གསུང་འབུམ་དཔེ་ཆ་དག་ན་ཚར་མང་དུ་བཀོད་པར་མ་ཟད་བཀའ་བསྟན་སོགས་བོད་སྔ་རབས་པའི་སྐད་ན་འདི་ལྟར་ཡོད་ངེས།
དུབ་པ་མེད་པ་སྤྱན་རས་གཟིགས་ཁྱེད་མི་ཡི་རྣམ་པར་རོལ་བ་ཉིད།།
རྣམ་པར་རོལ་བ། ཞེས་པར་ རོལ་པ། ཞེས་དགོས་ཏེ། དྷ་སར་སྤར་པའི་བླ་མཆོད། ཤོག་༥༦ ཀུན་མཁྱེན་ཡེ་ཤེས་རོལ་པ་ལས་བྱུང་བའི། ཞེས་དང་། དེ་ཉིད་ཀྱི་འགྲེལ་པ། ཡོངས་ཡེ་ཤེས་རྒྱལ་མཚན་གྱི་མཛད་པ། དེབ་ཤོག་༡༤༥ ན། དེ་ཉིད་ཀྱི་ཐུགས་ཀྱི་རོལ་པ་ལས་རིགས་བརྒྱ་ལ་སོགས་པར་འཆར་བར་གསུང་། ཞེས་སོགས་བཀའ་བསྟན་ན་ཡོད་ངེས་གཟིགས་པར་མཛོད།
་
འདས་མ་ད་གསུམ་མངོན་པར་གཟིགས་ཤིང་འཁྲུལ་བ་མེད་པའི་ལོ་རྒྱུས་ཉིད།།
ཞེས་པ་ན། འཁྲུལ་བ་མེད་པའི། ཞེས་པར་་འཁྲུལ་པ་མེད་པའི། ཞེས་དགོས་ཏེ། བཀྲ་ཤིས་ལྷུན་པོའི་ཆོས་སྤྱོད་ན་ཤོག་༣པ་ན། ཐུབས་འཁྲུལ་པ་མེད་པ་བླ་མའི་ཐུགས། ཞེས་དང་། ཚད་མ་རིགས་རྒྱན། མདུན་ཤོག་༤༩ན། དམིགས་རྒྱུ་ལ་ཆུར་འཛིན་གྱི་རྟོག་པ་ལྟ་བུ་འཁྲུལ་པའི་ཤེས་པ་དང་། ཞེས་དང་། ཀ་རྨ་པ་སྐུ་ཐོག་བརྒྱད་པ། མི་སྐྱོད་རྡོ་རྗེས། དབུ་མ་འཇུག་པ་སེམས་བསྐྱེད་དྲུག་པའི་ཚིགས་བཅད་༢༥པའི་འགྲེལ་པ་ན། མཉམ་གཞག་ཏུ་འགའ་ཡང་མ་གཟིགས་ཤིང་རྗེས་ཐོབ་ཏུ་དེ་ལྟར་སྣང་བ་ནི་འཁྲུལ་པར་བརྗོད་པའི་ཕྱིར། ཞེས་དང་། སློབ་དཔོན་ཞི་བ་འཚོས་མཛད་པའི་དབུ་མ་རྒྱན་ཚིགས་བཅད་༢༨པ་ན། འཁོར་ལོར་སྣང་བའི་འཁྲུལ་པ་འབྱུང་། ཞེས་དང། དེའི་འགྲེལ་པ། འཇུ་མི་ཕམ་རིན་པོ་ཆེས་མཛད་པ། སི་ཁྲིན་མི་རུགས་དཔེ་སྐྲུན་ཁང་སྤར་མ་ཤོག་༢༢༤ན། འཁོར་ལོ་ལ་འཁྲུལ་པ་སྐྱེད་ནས། ཞེས་སོགས་གཞུང་དཔེ་མང་པོ་ན་གསལ།
་
སྔར་མེད་མང་གཙོ་གསོལ་རས་སྩལ་བའི་ལོ་རྒྱུས་འདི་ལ་ངོ་མཚར་ཆེ།།
སྩལ་བའི། ཞེས་པར་སྩལ་པའི་ཞེས་དགོས་ཏེ། བཀའ་བསྟན་གསུང་འབུམ་བཅས་དཔེ་ཆ་དག་ན། བཀའ་སྩལ་པ། མཐའ་ཡས་པ་མཐོང་ངོ་།
་
ས་ཡ་དྲུག་ལ་ཤིན་ཏུ་འཚམ་པའི་ཆོས་སྲིད་ཟུང་གི་རྒྱལ་ཁམས་ཤིག།།
དཀར་ནག་གོ་བའི་བརྡ་ཞིག་སླེབས་པ་མི་རིགས་འདི་ལ་ཤིན་ཏུ་འཚམས།།
འདིར། ཚིག་རྐང་གཉིས་པོ་དག་ན། འཚམ་དང་། འཚམས། ཞེས་མི་མཐུན་པ་ཡོད་པ་ལས་འཚམས་ཞེས་པ་དག་པར་སེམས་སོ།
་
འབུམ་ཕྲག་བསྐལ་པར་རྗེས་སུ་འཛིན་ཕྱིར་མདོ་ཁམས་ཡུལ་གྱི་སྙན་ངག་པ།།
སྙན་ངག་པ་ཞེས་མང་ཆེས་བས་འབྲི་ཡང་། བཀའ་བསྟན་གསུང་འབུམ་རྣམས་སུ་སྙན་དངགས་པ་ཞེས་ཡོད་ཅིང་། ངག་དང་། དངགས་ལ་སྒྲ་གདངས་ཀྱང་མི་འདྲ་སྟེ། ཚིག་སྙན་པོར་འདོན་པ་ལ་དངགས་ཞེས་བོད་ཀྱི་ཡུལ་མཐའ་འཁོབ་རྣམས་ན། གནའ་བོའི་འདོན་ཚུལ་ལྟར་ད་ལྟར་ཡང་མཆིས་སོ།
་
འཆི་མེད་བདུད་རྩིའི་མིང་ཙམ་འཛིན་པས་གནས་མཆོག་རྡ་རམ་ས་ལར་སྤེལ།།
རྡ་རམ་ས་ལར་སྤེལ། ཞེས་པར་ དྷ་རྨ་ས་ལར་སྤེལ། ཞེས་དགོས་སོ།
་
ཚད་མ་མེད་པའི་ཐུགས་དགོངས་ཟབ་མོ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།།
ཚད་མ་མེད་པའི། འདིར་ཚད་མ། ཞེས་པ་གསར་དུ་མི་སླུ་བའི་རིག་པ་ཞེས་པ་ཡིན་ནམ། གཞན་ཞིག་ཡིན། དང་པོ་དེ་ཡིན་ན། དོན་ལ་འཐད་པ་དང་ལྡན་ནམ། བདག་ཅག་གིས་ནི་སློབ་དཔོན་ཕྱོགས་ཀྱི་གླང་པོས། ཚད་མར་གྱུར་པ་འགྲོ་ལ་ཕན་བཞེད་པ། ཞེས་སངས་རྒྱས་བཅོམ་ལྡན་འདས་ལ་བསྟོད་པ་བཞིན་དུ། རང་གི་བླ་མ་ལ་ཚད་མར་གྱུར་པའི་སྒོ་ནས་བསྟོད་དགོས་པ་མ་ཡིན་ནམ། ཡང་ན། དོན་དམ་པར་ཚད་མ་དང་ཚད་མ་མ་ཡིན་པ་གཉིས་ཀ་སྟོང་པ་ཡིན་པས། ཚད་མ་མེད་པའི་ཞེས་པ་ལགས་སམ། ཞེས་སོ།།
ཚད་མ་མེད་པའི་ཐུགས་དགོངས་ཟབ་མོ་་་་་ཐུགས་ཀྱི་དགོངས་པ་ཟབ་མོ་ཞེས་པར་བལྟས་ན་་་ཉེས་པའི་སྐྱོན་གྱི་ཚད་མ་དང་བྲལ་བ་ཞེས་འགྲེལ་དགོས་པ་འདྲ་་་་་སྐབས་རེར་ཚད་མ་ཞེས་པ་་་བར་ཆད་དང་་་སླུ་བ་་་ཉེས་པའི་སྐྱོན་བཅས་ལ་འཇུག་་་་འོ་རེད་་་རྩོམ་པ་ཁོང་གིས་ཐུགས་ཉམས་མ་བཞག་ས་གཅིག་སྟེ་་་་་་ཤོག་་ཅེས་པའི་གའི་རྗེས་སུ་གཉིས་ཤད་བཀོད་འདུག་པ་འདི་རེད་དོ།
བརྗོད་བྱའི་ཆ་ནས་གཙོ་བོ་རྒྱལ་དབང་ཚང་གི་མཛད་ཆེན་དང་། རྣམ་ཐར་གྱི་ཆ་མང་པོ་ཞིག་དངོས་བདེན་རང་ནས་བཟུང་ཡོད་པ་དེ་རེད། རྗོད་བྱེད་ཀྱི་ཐད་ནས་གཙོ་བོ་ཚིག་སྦྱོར་དང་ཚིག་འཁོལ་སྟངས་གཉིས་ལ་མཚོན་ན། གཅིག་ནས། བོད་རང་གི་དམ་པ་གོང་མ་ཚོའི་ཚིག་སྦྱོར་རང་ལུགས་ངང་གིས་ཐོན་ཡོད་པ་ཞིག་དང་། གཉིས་ནས། བཙན་སྒྲིག་དང་གསར་བཟོ་མ་ཡིན་པར་གཞུང་ལུགས་ན་གྲགས་པའི་སྤྱི་ཚིག་རང་བཀོལ་ཡོད་པས། གོ་བདེ་ཞིང་བབས་ཆགས་པ་མ་ཟད། བག་ཆགས་ངོས་ནས་ལྷུན་གྱིས་ཡིད་འགུལ་ཐེབ་པ་ཞིག་ཀྱང་རེད་འདོད། གང་ལྟར་འདི་ནི། སྙན་ངག་ལ་དགའ་མཁན་ངས་རགས་བལྟས་ཅིག་གི་རྗེས་ཀྱི་སྐད་ཆ་ཡིན།
སྙན་ངག་པ་ངོ་མ་ཞིག་གི་སྐད་ཆར་མཚོན་ན། ད་དུང་འདི་ལ་བརྗོད་གཞིའི་རིམ་པའི་ཐད་ནས་ངོས་མི་འདྲ་ས་མང་པོ་ཞིག་དང་། རྗོད་རྩལ་གྱི་ཆ་ནས་ཡིན་ན་ཡང་། ཚིག་སྦྱོར་འཇམ་རྩུབ་དང་བྱང་ཆ། རྒྱན་འཁོལ་སྟངས་དང་དེ་མིན། དམིགས་བསལ་ཡིད་བརྙན་དང་ཚིག་རྩལ་འཇོག་ལུགས། དེ་བཞིན་དུ་ཤུགས་དོན་འདོན་སྟངས་སོགས་གཙོའི་སྒྱུ་རྩལ་ཕྱོགས་ཀྱི་སྐད་ཆ་མང་པོ་ཞིག ཕྲ་རགས་གཉིས་ཀ་ནས་ཡོད་ངེས།
ེངོ་མ་འབྲི་རྩལ་ལེགས་སོ་ འདི་ལྟ་བུའི་སྙན་ངག་བྱང་མ་ཞིག་ཁ་བརྡ་འདིར་དཀོན། བྱང་མ་རེད་འདུ
༼ཚད་མ་མེད་པའི་ཐུགས་དགོངས་ཟབ་མོ་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག།།༽
ཡག་པོ་བྲིས་ཤག་ཐུགས་རྗེ་ཆེ།
འོན་ཀྱང་གོང་གི་ཚིག་འཕྲེང་གི་ནང་དུ་་་་་་ཚད་མ་མེད་པའི་ཐུགས་དགོངས་ཟེར་བ་དེ་ཡི་དོན་གོ་མ་སོང་་་་་ཚད་དུ་མེད་པར་གོ་བ་མིན་ནམ་དེ་མིན་ཐུགས་དགོངས་ཚད་མ་མིན་པ་དང་ཡང་ན་ཐུགས་དགོངས་ལ་ཚད་མ་མེད་པ་ཟེར་བ་གང་ཤེས།
་ཉེས་པའི་སྐྱོན་གྱི་ཚད་མ་དང་བྲལ་བ་ཞེས་འགྲེལ་དགོས་པ་འདྲ༽ ཞེས་པ་ལ་ཡང་བརྟག་དཔྱད་དགོས་ཏེ། ཚད་མས་གྲུབ་པའི་ཉེས་པའི་སྐྱོན་མེད་ཅེས་པ་ཡིན་ནམ།
ཁ་བརྡའི་ནང་ལ་ཡོང་མཆན་གྱི་རྩོམ་པ་པོ་སོ་སོར་རང་རང་གི་ཐུན་མིན་ཁྱད་ཆོས་ཆེན་པོ་ལྡན་པ་འགའ་ཤས་འདུག། ཀླུ་སྨྱོན་གྱི་སྙན་ངག་ནི་རང་བཞིན་བརྗོད་པ་དམར་རྗེན་གྱི་ཚུལ་ལ། ཁ་མཚར་དང་ངོ་མཚར་གྱི་སྤྲོས་པ་ལེགས་ཤིང་། ཡིད་ལ་བགོད་བྲོ་བ་དང་དགའ་བ་སྐྱེས་པའི་ནུས་པ་ཤུགས་ཆེ་ལྡན་ལ། འདི་པ་ལྷ་ཆབ་པའི་སྙན་ངག་འདི་བརྗོད་བྱའི་ཡོན་ཏན་དང་འབྲས་བུ་དང་བཅས་པ་ཞིབ་ཅིང་ཕྲ་བ་གོ་སླའི་ངང་དུ་བཀོད་ཐུབ་པ་དེས། ཡིད་ལ་དད་པ་དང་མོས་པ་ཅིག་ཅར་དུ་སྐྱེས་ཐུབ་པས། ཁྱད་ཆོས་བཟང་པོ་ཞིག་རེད།
ཡག་པོ་འདུག། ངོ་མ་སྙན་ངག་འདི་ལྟ་ཁ་བརྡ་འདིར་མང་ཙམ་ཡོང་ཐུབ་ན་ཕན་པ་ཆེ།
ཡོང་མཆན་ཞེས་པ་འདི་ཡོང་མཁན་ལ་གྱུར་རོགས།