རེབ་ཐོག་མདའ།
ཁ་སང་དེ་རིང་ཁ་སེམས་མཐུན་པའི་ཁམས་པའི་བུ་མོ་བློ་འབབ་ཞིག།
ཉིན་མཚན་གཉི་ཀར་སྐྱབས་སུ་སྒོམ་བཞིན་ཁ་བརྡ་ཞིག་གི་ཁུགས་སོ་ན།།
སྙིང་གཏམ་ཚིག་གསུམ་སྨྱུག་ཁར་ལེན་བཞིན་མ་གསང་དྲང་པོའི་ཐ་སྙད་འགའ།།
བོད་རྒྱ་དབྱིན་གསུམ་གཟུགས་སུ་བྱས་ཏེ་སེམས་པའི་ཟབ་སར་འབྲི་བཞིན་ཡོད།།
སློབ་གྲྭའི་ར་སྐོར་གཅིག་ཏུ་ཡོད་དུས་ཁྱོད་ལ་འཕྲིན་གཅིག་བསྐུར་ན་ཡང་།།
གསར་མོ་ཞིག་གི་སྣང་བའི་བར་ནས་ཁྱོད་ཀྱི་མདུན་ལ་མ་སླེབས་ཐལ།།
རེ་བའི་ས་བོན་ཁྱོད་ལ་བཏབ་ཀྱང་བརྕེ་བའི་སྨྱུ་གུ་མ་འཁྲུངས་པས།།
རེ་ཞིག་བདག་གི་ཉམ་ཆུང་སེམས་པ་མ་ཤི་ཁྱོད་ཀྱིས་བསད་དང་ཐལ།།
དུས་ཀྱི་འཁོར་ལོ་མདུན་ལ་འཁོར་ནས་ལོ་དང་ཟླ་བ་རྫོགས་ཀྱིན་གདའ།།
རྡ་སའི་རི་ལ་གནས་ཚང་གཡར་ནས་རྒས་ཉམས་ཅུང་ཙམ་མངོན་དང་ཐལ།།
འོན་ཀྱང་ཁྱོད་ལ་ཐུག་འོང་སྙམ་པའི་རེ་བ་ཅི་ཡང་ལྷག་མེད་མོད།།
ལས་ཀྱི་ཁ་ཡིག་རྫོགས་དེ་མེད་པ་ད་དུང་བདག་ལ་སོམ་ཉི་བྲལ།།
ན་ནིང་ལོ་ཡི་ལོ་མགོ་ཞིག་ལ་རྡ་སའི་རི་ནས་མཐོང་བ་བདེན།།
མཐོང་བའི་མ་ཚད་བསམ་གཞིགས་ཀློང་ནས་ཁྱོད་ཀྱི་རྒྱབ་ལ་ཧད་པ་བདེན།།
འོན་ཀྱང་ད་ལོའི་དགུན་དཀྱིལ་འདི་ལ་ཚན་རྩལ་དྲ་རྒྱའི་སྐུད་ལམ་ནས།།
མ་བོས་མགྲོན་པོའི་ངང་ཚུལ་ཞིག་གིས་སེམས་དང་སེམས་པ་འདྲིས་འདི་མཚར།།
དང་པོའི་ཉིན་ལ་གྲོགས་པོའི་ཚུལ་དུ་སོ་སོར་དབང་བའི་ལས་དབང་གླེང་།།
བདུན་གསུམ་འགོར་དུས་མ་གསང་དྲང་མོར་ནང་སེམས་ཕྱི་ལ་བཏོན་འོང་བས།།
སྒེག་ཉམས་དོད་ལ་གཤིས་ཀ་འཇམ་པའི་དྲ་རྒྱའི་ངོགས་ཀྱི་བུ་མོ་ཁྱོད།།
མི་ཚེ་གཅིག་ལ་རེ་བ་ཡོད་ན་ཁྱོད་རང་ཁྱིམ་དུ་བསུ་རྒྱུ་ཡིན།།
ཁོང་མོར་ཁ་བརྡ་འཆད་ཐེངས་རེ་ལ་ནམ་གྱི་ཕྱེད་ཀ་ཡོལ་ནས་ཐལ།།
ཁོང་མོར་འཕྲད་པའི་ཉི་མ་འདི་ཚོར་ཟ་བའི་ཟས་ཀྱང་བརྗེད་འགྲོ་བས།།
བརྕེ་བ་ཡིན་ནམ་དུངས་བ་གང་ཡིན་རང་གིས་རང་ལ་འདྲི་བཞིན་དུ།།
ཉིན་མཚན་གཉི་ཀར་སེམས་ལ་འཆར་བ་ལས་མཐུན་ཁམས་པའི་བུ་མོ་རེད།།
ཁ་པར་ཨང་གྲངས་བདག་ལ་སྤྲད་པའི་ཉི་མ་ཞིག་གི་སྔ་གཞུག་ནས།།
སློབ་ཐུན་བར་གསེར་ཅུང་ཙམ་ལྷག་ཀྱང་ཁ་པར་གཏོང་བའི་ན་ཆུང་མ།།
དྲན་བརྡ་དང་ནི་འཕྲིན་ཐུང་སླེབས་པའི་ཁྱོད་ཀྱི་མ་བཅོས་སེམས་པ་དེ།།
རྒྱང་རིང་ལྷོ་ཕྱོགས་གྲུ་ཁ་དེ་ནས་ཁེར་རྐྱང་ཡིན་པ་བདག་གིས་རྟོགས།།
དགའ་བོ་ཡོད་མེད་ལན་གསུམ་འདྲི་དུས་ཁོང་མོའི་ངག་དེ་འདར་བཞིན་འདུག།
དུངས་བ་ཡོད་མེད་ཡར་ཁའི་དཀོན་མཆོག་མནའ་ཆེན་ཁུག་ལ་ལྟེབས་བཞག་ནས།།
སེམས་གཏམ་རྫུན་གཏམ་མཉམ་ཏུ་བསྲེས་བཞིན་ཁོང་མོའི་ཁོག་པ་ཨེ་མཐོང་གི།།
རིག་པའི་སྣེ་མོ་ཚིག་གིས་བདར་ཏེ་ཁོང་མོའི་སེམས་པ་ཀློག་བཞིན་ཡོད།།
ངང་རྒྱུད་རིང་བའི་ཁམས་པའི་བུ་མོ་ཐུག་པའི་དུས་ཡུན་ཐུང་ན་ཡང་།།
ཨ་མདོ་བུ་ཡི་སེམས་པའི་གཏིང་ན་ཁྱོད་ནི་གངས་རྒྱན་མེ་ཏོག་ཞིག།
ཡུལ་གཅིག་ཕུ་ནུའི་ཕྲག་དོག་མིག་གི་བར་ཆད་ཅུང་ཙམ་ཆེ་ན་ཡང་།།
བདག་སགི་ཁྱོད་ལ་དུངས་བ་ཟབ་མོས་ལག་རྡང་མི་ལྷོད་དམ་བཅས་ཆོག།
ཁོང་མོས་འདས་མ་ད་གསུམ་འཚོ་བའི་ཁ་ཕྱོགས་བདག་ལ་གླེང་དང་ཐལ།།
བདག་ལ་དམིགས་ཡུལ་འདི་ཡོད་ཟེར་བའི་ལན་ཞིག་ད་དུང་མ་རྙེད་ཀྱང་།།
བརྕེ་བ་ཟེར་བའི་གཟུགས་མེད་འདི་ལ་བློ་གཏོད་བཅོལ་རྒྱུ་ཡོད་ན་ནི།།
ཉམ་ཆུང་ཁམས་པའི་བུ་མོ་ཁྱོད་ལ་སྐྱིད་ཀྱི་ས་བོན་འདེབས་བསམ་གི།
༢༠༡༣ ལོའི་ཟླ ༢ ཚེས ༦ ལ་དྲ་རྒྱའི་ནང་གི་ཁམས་པའི་བུ་མོ་དེ་ལ་རང་ཤག་ནས་བྲིས།
རེབ་ཀོང་བརྩེ་བའི་ཐོག་མདའ་དེ། །
གཞུང་དྲང་ཁམས་པའི་བུ་མོར་ཕོག །
མཛའ་བརྩེའི་ཚོར་བ་ཤུགས་དྲག་གིས། །
ཁྱོ་ཤུག་ཅིག་ཏུ་འགྱུར་བར་སྨོན། །
ཟོས་ཟོས་ན་བུ་རམ་མི་ཞིམ། གྲག་གྲག་ན་ཁུ་བྱུག་མི་སྙན། རེབ་ཐོག་མདས་བུ་མོ་སྐོར་རྐྱང་རྐྱང་མ་གཏོགས་མེད་ཀི